
༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༢༥ ཟླ་བ་ ༦ ཚེས་ ༡༦ ནས་ ༢༦ བར་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མ་དང་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་རྣམས་ལ་བོད་ཡིག་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་ཀྱིས་དབུས་པའི་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་དང་། ཟབ་ཁྲིད་པ་ས་རཱ་མཐོ་སློབ་ཀྱི་སློབ་དཔོན་རྣམ་པ་བཅས་ཚོགས་ཕེབས་གནང་། མཛད་སྒོར་ཤེས་རིག་ལས་ཁུངས་ཀྱི་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཟབ་སྦྱོང་གི་དགོས་དམིགས་དང་ཚོགས་བཅར་བའི་གྲངས་བཅས་ངོ་སྤྲོད་གནང་བའི་ནང་། ཐེངས་འདིའི་ཟབ་སྦྱོང་ནང་སཾ་བྷོ་ཊའི་ཁྱབ་ཁོངས་གཞི་རིམ་འོག་མི་དགེ་རྒན་གྲངས་ ༢༣ དང་། གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་དགེ་རྒན་གྲངས་ ༡༥ བཅས་ཁྱོན་བསྡོམས་དགེ་རྒན་བུད་མེད་གྲངས་ ༢༧ དང་། དགེ་རྒན་བུ་གྲངས་ ༡༡ བཅས་མཉམ་ཞུགས་གནང་ཡོད། ཟབ་སྦྱོང་ཉིན་གྲངས་བཅུའི་རིང་གཞི་རིམ་འོག་མའི་དགེ་རྒན་རྣམས་བོད་ཡིག་ཟབ་སྦྱོང་གི་ལས་རིམ་དུ་མཉམ་ཞུགས་གནང་རྒྱུ་དང་། གཞི་རིམ་བར་མའི་སྤྱི་ཚོགས་ཚན་རིག་གི་དགེ་རྒན་རྣམས་ལ་ཟབ་སྦྱོང་ཉིན་མཐའ་མ་བཞིའི་རིང་བོད་ཡིག་ཐོག་ཡོད་པའི་འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་གི་སློབ་དེབ་རྒྱུས་སྟོན་ཞུ་རྒྱུའི་ལས་རིམ་གོ་སྒྲིག་ཡོད་པ་དང་། ཟབ་སྦྱོང་འདི་བརྒྱུད་གཞི་རིམ་འོག་མའི་དགེ་རྒན་དང་གཞི་རིམ་བར་མའི་དགེ་རྒན་གཉིས་ཀས་སོ་སོའི་སློབ་ཁྲིད་ལས་དོན་ཐོག་ནུས་ཤུགས་སྔར་ལྷག་འདོན་ཐུབ་པའི་རེ་བ་ཞུ་བཞིན་ཡོད་པའི་ངོ་སྤྲོད་གནང་།

དེ་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་འཚམས་འདྲི་དང་སྦྲགས། ད་ལྟའི་ཆར་སློབ་གྲྭ་གུང་སེང་ཡིན་པ་མ་ཟད། བོད་ཡིག་ཟབ་སྦྱོང་ལ་གལ་གནད་ཆེན་པོས་དགེ་རྒན་ཚོགས་བཅར་བ་ཧ་ཅང་མང་པོ་ཕེབས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་། ཟབ་སྦྱོང་རིང་སློབ་ཁྲིད་ཀྱི་ལས་རིམ་རྣམས་ཚོགས་ཐུན་ཆ་བགོས་ལྟར་འགྲོ་རྒྱུ་ཡིན་ཡང་། བཞུགས་གནས་དང་ཞལ་ལག་ཐོག་སྐུ་ངལ་བྱུང་ཚེ་སྐབས་མཚམས་འབྲེལ་ཡོད་འཛིན་སྐྱོང་ལ་གནས་ཚུལ་སྦ་གསང་མེད་པར་ཞུ་རིགས་ལ་འདི་ནས་མཐུན་འགྱུར་ཇི་དགོས་ཞུ་རྒྱུ། ཁོང་གིས་སྤྱིར་བོད་ཀྱི་འཐབ་རྩོད་ཀྱི་ལས་དོན་སྒྲུབ་ཕྱོགས་ལ་ལག་ཏུ་རྒྱལ་དར་དང་འབོད་ཚིག་བསྣམས་ནས་སྐད་འབོད་ཞུ་གཏུག་གི་ལས་འགུལ་སྤེལ་བ་མང་དག་མཐོང་རྒྱུ་ཡོད་ཀྱང་། དོན་དམ་པར་སློབ་གྲྭ་ཁག་གི་རྒན་ལགས་རྣམ་པ་དང་ས་རཱ་མཐོ་སློབ་ལྟ་བུའི་ཤེས་ཡོན་བསྟི་གནས་ཁག་གི་ལས་དོན་ཡོངས་རྫོགས་བོད་མི་རིགས་ཀྱི་འཐབ་རྩོད་དང་འབྲེལ་བ་ཆགས་ཀྱི་ཡོད་སྟབས། སོ་སོའི་སློབ་ཁྲིད་ལས་དོན་དང་ཆབས་ཅིག་སློབ་ཕྲུག་ཚོའི་རྒྱུད་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ལ་དགའ་ཞེན་དང་། མི་རིགས་རྒྱལ་ཁབ་ལ་ལ་ཞེན་ཅན་ཞིག་ཡོང་ཐབས་སུ་འགན་ཁུར་ཆེན་པོ་ཡོད་པའི་བསམ་བློ་དེ་ནམ་ཡང་བརྗེད་ཐབས་མེད་པ་བཅས་ཀྱི་སྐོར་ལམ་སྟོན་གནང་།

དེ་ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་བསོད་ནམས་བཟང་པོ་ལགས་ནས་མཛད་སྒོར་ཚོགས་ཞུགས་པ་རྣམས་ལ་འཚམས་འདྲི་ཞུས་ཏེ། རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་གཞི་རིམ་འཛིན་གྲྭ་ལྔ་པ་བར་རང་བྱུང་ཚན་རིག་སོགས་དང་། གཞི་རིམ་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་སྤྱི་ཚོགས་ཚན་རིག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་དགོས་དོན་གང་ཡིན་ནམ། ཞེས་དྲིས་ཏེ་གསུང་བཤད་ཀྱི་འགོ་བརྩམས། ང་ཚོས་གཞི་རིམ་སློབ་གྲྭ་ཁག་ནང་སློབ་ཚན་མང་དག་ཅིག་བོད་སྐད་དང་བོད་ཡིག་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་རྒྱུའི་ལས་གཞི་དེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་རིགས་ཀྱི་རིག་གཞུང་ལ་བཅངས་པའི་དུང་བ་དང་། ཐུགས་དཀྱེལ་ཡངས་པའི་མ་འོངས་འཆར་སྣང་བླ་ན་མེད་པ་ཞིག་ཡིན་པ་དང་། དེ་ཐད་མགོན་པོ་གང་ཉིད་ནས་ཕྱི་ལོ་ ༡༩༦༠ ནས་ལོ་དུས་སོ་སོར་བཀའ་སློབ་རིམ་པར་ཕེབས་ཡོད་པ་ཁག་ཅིག་ཟུར་བཏོན་གྱིས་ངོ་སྤྲོད་དཔྱིས་ཕྱིན་གནང་། ང་ཚོས་རྣམ་ཀུན་བོད་ཀྱི་སྐད་ཡིག་ལ་ཐུགས་སྣང་དགོས་ཀྱི་འདུག་གསུང་པ་ཙམ་གྱིས་མི་འགྲིག་ཅིང་། དོན་དངོས་ཐོག་དོ་སྣང་ཆེ་ཙམ་གནང་དགོས། ང་ཚོའི་སྤྱི་ཚོགས་ནང་གཞོན་སྐྱེས་ཁྲོད་བོད་ཨིན་གཉིས་ལས་ཨིན་ཇིའི་གནས་ཚད་བཟང་བ་ལྟ་བུ་ཡོང་གི་ཡོད་པས། དེ་ལྟར་རྒྱུན་གནས་སུ་ཕྱིན་ན། ང་ཚོའི་ནང་ཆོས་ཀྱི་གོ་བ་དཔྱིས་ཕྱིན་པ་ངོ་སྤྲོད་ཐུབ་མཁན་གྱི་སྐད་ཡིག་དེ་བོད་ཡིག་ལས་མེད་སྟབས། ནམ་ཞིག་ང་ཚོའི་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་བསླབ་བྱ་དེ་དག་གོ་རྟོགས་ཐུབ་མཁན་གྱི་གཞོན་སྐྱེས་ཇེ་ཉུང་དུ་སོང་སྟེ་ང་ཚོའི་རིག་གཞུང་རྩ་ཆེན་དེ་འཐུས་ཤོར་འགྲོ་ངེས་རེད་གསུངས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སློབ་ཚན་གཞན་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་དགོས་པའི་དགོངས་གཞི་དེ་ཕྱི་ལོ་དྲུག་ཅུ་རེ་གྲངས་ནས་ཡོད་ཀྱང་། སྐབས་དེར་ཡུལ་དུས་གནས་སྟངས་ཀྱི་ཐོག་ནས་མཐུན་རྐྱེན་འཛོམས་ངེས་མ་བྱུང་སྟེ་ལག་བསྟར་ཐུབ་མེད་ཀྱང་། ད་ཆ་དགོངས་གཞི་དེ་དག་ལག་བསྟར་གནང་རྒྱུའི་གོ་སྐབས་དེ་ང་ཚོར་ཡོད་པས་༸རྒྱལ་བའི་དགོངས་པ་སྒྲུབ་པའི་མཆོད་པ་ལེགས་ཤོས་ཤིག་ཡིན་ཚུལ་གསུངས། ང་ཚོར་ལམ་སྟོན་མཛད་མཁན་དབུ་འཁྲིད་བླ་ན་མེད་པ་ཞིག་ཡོད་པ་ལྟར། ལམ་དེར་ཞུགས་མཁན་ཚོས་ཀྱང་ཤུགས་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། ལྷག་པར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཏུ་བོད་པའམ་བོད་སྐད་དང་བོད་ཡིག་ཤེས་མཁན་སློབ་ཕྲུག་མང་པོ་ཡོད་སར་ངེས་པར་དུ་༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་སྒྲུབ་རྒྱུར་འབྲེལ་ཡོད་རྒན་ལགས་རྣམ་པས་ཤུགས་སྣོན་དགོས་ཀྱི་ཡོད་པ་བཅས་ཀྱི་སྐོར་གསུངས།
མཐར་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་སྐུ་མགྲོན་གཙོ་བོ་དང་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཙོས་པའི་སློབ་དཔོན་རྣམ་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་རྒན་ལགས་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་མཇུག་བསྒྲིལ། །