ཟླ་རེའི་གསར་འགྱུར།

སྔོན་འགྲོའི་ཁྲིད་ཆས་ཤོག་བྱང་གཏན་འབེབས་ཚོགས་འདུ།

གསར་འཕྲིན།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གིས་གོ་སྒྲིག་འོག ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༠ དང་༢༡ ཉིན་གཉིས་རིང་སྔོན་འགྲོ་འཛིན་གྲྭར་ཁྲིད་ཆས་ཤོག་བྱང་གཏན་འབེབས་ཚོགས་འདུ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐོང་ཚོགས་གནང་།  
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་དང་ཕྱེད་ཀའི་སྟེང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཤེས་ལྷན་འགན་འཛིན་མཆོག་དང། སྔོན་འགྲོ་ཁྲིད་ཆས་བསྐྱར་ཞིབ་ཚོགས་མི་རྣམ་པ། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་གཉིས་བཅས་ལྷན་འཛོམས་ཐོག ཤེས་ལྷན་འགན་འཛིན་ཚེ་རིང་བསམ་གྲུབ་མཆོག་གིས་གསུང་དོན། སྔོན་འགྲོ་དུས་སྐབས་གལ་ཆེན་པོ་ཡིན་པ་དང་། སྐབས་དེར་བུ་ཕྲུག་རྩེད་མོ་རྣམ་པའི་སྟེང་ནས་སློབ་དགོས་པ་ལས་ཁྲིད་རྒྱུ་གང་ཡོད་པ་ཨུ་ཚུགས་ཀྱིས་བསླབ་ན། རྗེས་ཕྱོགས་བུ་ཕྲུག་སློབ་སྦྱོང་ལ་སྤྲོ་སྣང་དང་དང་བ་བརླག་པའི་གནས་སྟངས་ཤིག་ཡོང་གི་ཡོད་སྟབས། བསྐྱར་ཞིབ་ཚོགས་མི་རྣམ་པས་ལོ་མང་རིང་གི་ལག་ལེན་དང་། ཉམས་མྱོང་གཞི་ལ་བཞག་སྟེ་སློབ་ཁྲིད་ཀྱི་གནད་ལ་སྨིན་པ་དང་། བུ་ཕྲུག་ལ་འཚམས་པའི་ཁྲིད་ཆས་ཤོག་བྱང་ཞིག་བཟོ་རྒྱུ་དང་། གང་བཟོས་པ་དེ་ཡང་རྒྱ་གར་གཅིག་པུ་མ་ཡིན་པར་ནུབ་ཕྱོགས་ཀྱི་བུ་ཕྲུག་རྣམས་ལ་ཡང་ཕན་ཐོགས་པ་ཡོང་བ་བྱེད་རྒྱུ་གལ་ཆེན་ཡིན་སྐོར་དང་། གཞི་རྩའི་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་འོག་མའི་ཤེས་ཡོན་ཡར་རྒྱས་གཏོང་ཕྱོགས་དམིགས་ཚད་དུ་བཟུང་ནས་ཤུགས་བསྐྱོན་གྱི་ཡོད་སྟབས། ཚང་མས་མཉམ་རུབ་གནང་དགོས་སྐོར་གསུངས་རྗེས། ཁྲིད་ཆས་གཏན་འབེབས་ཀྱི་ལས་རིམ་དབུ་འཛུགས་ཞུས།
ཐེངས་འདིའི་བསྐྱར་ཞིབ་ཚོགས་མི་ནི། གོ་པལ་པུར་བོད་ཁྱིམ་གྱི་སྔོན་དགེ་བྱམས་པ་དཔལ་མོ་ལགས་དང། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་སྔོན་དགེ་པ་སངས། མ་སུ་རི་བོད་ཁྱིམ་གྱི་སྔོན་འགྲོ་སློབ་གྲྭའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར། ཅོན་ཏ་ར་སམ་བྷོ་ཊ་སློབ་གྲྭའི་སྔོན་དགེ་ཀུན་དགའ་སྒྲོལ་མ་ལགས་བཅས་ཡིན།
ཕྱི་ལོ་༢༠༡༤ ལོར་སྔོན་འགྲོ་སློབ་གྲྭའི་སློབ་དེབ་སྟོད་སྨད་གཉིས་གཏན་འབེབས་ཀྱིས་དཔར་སྐྲུན་ཟིན་ན་ཡང། སྔོན་སློབ་ཁག་ཏུ་མོན་ཊོ་སོ་རེའི་ལམ་ལུགས་ལག་བསྟར་བྱས་ཏེ་སློབ་དེབ་བེད་སྤྱོད་ཡོང་གི་མེད་སྟབས། ཐེངས་འདིར་སྔོན་འགྲོའི་སློབ་དེབ་སྟོད་སྨད་གཉིས་གཞི་ལ་བཞག་སྟེ། སྔོན་སློབ་དང་འཚམས་པའི་ཁྲིད་ཆས་ཤོག་བྱང་གཏན་འབེབས་ཀྱིས་འཆར་ལོར་སྔོན་སློབ་ཁག་ཏུ་འགྲེམས་སྤེལ་གནང་རྒྱུ་ཡིན་པ་བཅས།

སྔོན་མ།
གཞི་རིམ་འོག་མ་དང་བར་མའི་ཚན་རིག་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་བ།
ཕྱི་མ།
ཁེ་ན་ཌ་རོགས་སྐྱོར་ལས་གཞིའི་ཆེད་འབྲེལ་ཡོད་ལས་བྱེད་དྷ་སར་ཕེབས་པ།
Menu