ཟླ་རེའི་གསར་འགྱུར།

སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སློབ་གྲྭ་ཁག་གི་རྒན་བདག་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་གནང་།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་རྒྱ་བལ་གཉིས་ནང་རྟེན་གཞི་བྱས་པའི་བོད་རིགས་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་སྐུ་ཚབ་དང་རྒན་བདག སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༤༧ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གིས་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་དང་།གཞིས་ཆགས་དང་དགོན་སྡེ་ཁག་གི་གནས་སྟངས། རྒྱལ་སྤྱིའི་ནང་བོད་མིའི་གནད་དོན་སྐོར། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་འཕེལ་རིམ་དང་ལས་དོན་བྱེད་ཕྱོགས་སོགས་ངོ་སྤྲོད་དང་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་གཞིར་བཟུང་བོད་མི་མང་སྤྱི་འཐུས་རྣམ་པ་མི་མང་ནས་འོས་འདེམས་བྱེད་བཞིན་ཡོད་པ་དང་། འོས་འདེམས་བྱུང་རྗེས་བོད་ཆོལ་ཁ་གསུམ་གྱི་མི་མང་གི་སྐུ་ཚབ་མཚོན་དགོས་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ལ་རྩིས་སྤྲོད་མཛད་སྐོར། ལྷག་པར་དབུ་མའི་ལམ་གྱི་སྲིད་བྱུས་སོགས་ཀྱི་སྐོར་ལ་ངོ་སྤྲོད་གསུང་བཤད་གནང་དོན།
    དེ་རིང་གི་བརྗོད་གཞི་གཙོ་བོ་དབུ་མའི་ལམ་གྱི་སྐོར་རེད། རྩ་བའི་ཁྱེད་རང་ཚོ་ཐུགས་སྣང་གནང་མཁན་ཚོས་མ་མཁྱེན་པ་དང་། ངར་གསར་པ་དེ་འདྲ་ཞུ་རྒྱུ་གང་ཡང་མེད། ལོ་རྒྱུས་ཀྱི་ཐོག་ནས་ཕྱི་ལོ་ ༡༩༥༡ བར་དུ་བོད་རང་བཙན་ཡིན་པའི་གནས་བབ་དེ་བོད་མི་སུས་ཀྱང་རྩོད་ཀྱི་མེད། ཚང་མས་ཡིན་ཤག་བྱེད་ཀྱི་ཡོད་ནའང་ལོ་རྒྱུས་ཐོག་ཉམས་ཞིབ་བྱེད་མཁན་མང་པོ་ཡོང་གི་ཡོད། བོད་པའི་ནང་ནས་ལོ་རྒྱུས་འབྲི་མཁན་བྱུང་ཡོད་ལ་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་ཀྱིས་བོད་ཀྱི་ལོ་རྒྱུས་འབྲི་མཁན་ཡང་བྱུང་ཡོད། རྒྱ་ནག་ངོས་ནས་བོད་པའི་ལོ་རྒྱུས་ལ་འཁྱོག་བཤད་བྱས་ནས་སྟོན་པ་དེ་འདྲ་ཡོང་གི་ཡོད། གང་ལྟར་ལོ་རྒྱུས་ཀྱི་ཐོག་ནས་དུས་རབས་བདུན་པ་ནས་དགུ་པ་བར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་བོད་དེ་རང་བཙན་གཙང་མ་ཡིན་པའི་གནས་བབ་དེ་རྩོད་མེད་རེད། དེའི་སྐབས་བོད་ཀྱི་དབང་ཐང་དང་སྟོབས་ཤུགས་ག་འདྲ་ཡོད་མེད་ཁྱེད་རང་ཚོ་སློབ་ཕྲུག་ཡིན་པར་བརྟེན་ལོ་རྒྱུས་དེ་དག་གཟིགས་ཡོད་ངེས་རེད། བོད་སིལ་བུར་ཐོར་ནས་གནས་སྟངས་ག་འདྲ་ཆགས་ཡོད་པ་དང་། དེ་ནས་ས་སྐྱ་དང་རིན་སྤུངས། སྡེ་པ་གཙང་པ་བཅས་པའི་སྐབས་ཀྱི་བོད་ཀྱི་གནས་བབ་ག་འདྲ་རེད། བོད་ཀྱི་མངའ་དབང་གི་ས་ཁྱོན་ག་འདྲ་རེད། ༸རྒྱལ་བ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་བོད་ཀྱི་གནས་སྟངས་དེ་ག་འདྲ་རེད་དེ་ཚོ་ཚང་མ་ཁྱེད་རང་ཚོས་རྒྱལ་རབས་ཀྱི་དེབ་མང་ཙམ་གཟིགས་དགོས། བོད་ཀྱི་ལོ་རྒྱུས་དེ་དག་ཡག་པོ་གཟིགས་ནས་ལོ་ཉིས་སྟོང་ཉིས་བརྒྱ་ཙམ་གྱི་ནང་གནས་སྟངས་གང་དང་གང་ཆགས་འདུག་དེ་ཞིབ་ཕྲ་གཟིགས་ན། ཁྱོན་ཡོངས་ཀྱི་གནས་སྟངས་མཁྱེན་ཐུབ། དེ་དག་འདས་པའི་གནས་ཚུལ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ང་ཚོས་འདས་པའི་གནས་སྟངས་རྩོད་ཀྱི་མེད། ང་ཚོར་དགོས་རྒྱུ་དེ་མ་འོངས་པར་བོད་མིའི་གནས་སྟངས་དེ་ག་རེ་ཆགས་དགོས་ཀྱི་འདུག་ཟེར་རྒྱུ་དེ་རེད། རྒྱ་ནག་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་རེད། ཅེས་ལབ་དགོས་ཀྱི་ཡོད་ཟེར་ནས་ཆ་རྐྱེན་ཞིག་བཞག་གི་ཡོད། འདི་ད་ལྟ་བར་དུ་ང་ཚོས་ལབ་ཀྱི་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེས་ལོ་རྒྱུས་ཟེར་རྒྱུ་དེ་ལོ་རྒྱུས་ཉམས་ཞིབ་པས་ལྟ་རྒྱུ་རེད། ཅེས་བཀའ་སློབ་སྩལ་ཡོད།
    རྒྱ་ནག་གིས་འཁྱོག་བཤད་བྱས་ནས་གཅིག་ཤོད་བཞིན་ཡོད། ང་ཚོས་གཅིག་བཤད་ཀྱི་རེད། ལོ་རྒྱུས་རང་ལ་རྩོད་བསྡད་པ་ཡིན་ན་མཁས་པས་རྩོད་གླེང་བཟོ་འདྲ་བོ་ཞིག་རེད་མ་གཏོགས་མི་རིགས་ཀྱི་བདེ་དོན་ལ་རྩོད་རྒྱུའི་གནས་སྟངས་ཤིག་ཆགས་ཐུབ་ཀྱི་མེད་ནའང་སྔ་མོའི་ལོ་རྒྱུས་ཤེས་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་པ་དང་། ད་ལྟའི་རྩོད་རྒྱུ་དེ་ག་རེ་རྩོད་ཀྱི་འདུག སྔ་མོའི་ལོ་རྒྱུས་གནས་བབས་ག་རེ་ཆགས་འདུག་དེ་དག་ཧ་གོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ རྒྱ་ནག་གིས་བཙན་འོག་ཐོག་མཚན་རྟགས་མ་བརྒྱབ་པ་ཡིན་ན་དམག་རྒྱག་གི་ཡིན་ཟེར་ནས་ས་ཡིག་རྒྱག་དགོས་བྱུང་བ་རེད། དེ་ནས་ལོ་བརྒྱད་དགུ་རིང་རྒྱ་ནག་འོག་སྡོད་རྒྱུའི་འབད་བརྩོན་བྱས་པ་རེད། དེའི་སྐབས་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་དང་རྒྱ་ནག་ལ་ཕེབས་པ་རེད། དེ་ནས་གནས་སྟངས་ཇེ་སྡུག་ཕྱིན་ནས་སྐྱབས་བཅོལ་དུ་ཆིབས་སྒྱུར་བསྐྱངས་དགོས་བྱུང་བ་རེད། ༸གོང་ས་མཆོག་གིས་མ་སུ་རིར་གསར་འགོད་ལྷན་ཚོགས་ཐེངས་དང་པོ་མཛད་པའི་སྐབས་སུ་ང་དང་ངའི་བཀའ་བློན་གང་དུ་ཡོད་ན་དེར་བོད་གཞུང་ཡོད་གསུངས་པ་དེའི་སང་ཉིན་དེར་རྒྱ་གར་ཕྱི་སྲིད་ལས་ཁུངས་ནས་བཙན་བྱོལ་བོད་གཞུང་རྒྱ་གར་ནང་མེད་ཅེས་བསྒྲགས་གཏམ་ཞིག་སྤེལ་ཡོད། དེ་དུས་ནས་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་ཡོད། རྩ་བའི་རྒྱ་གར་གཞུང་ནས་རྒྱ་གར་ནང་སྐྱབས་བཅོལ་བ་གཞན་མང་པོ་ཡོད་པའི་ནང་ང་ཚོར་འཕྲོད་བསྟེན་དང་། ཤེས་ཡོན། དཔལ་འབྱོར་སོགས་གང་ཅིའི་ཐོག་ནས་སྐྱབས་བཅོལ་བ་གཞན་དང་མི་འདྲ་བར་མཐུན་འགྱུར་གནང་ཡོད་ནའང་ཆབ་སྲིད་ཐོག་ཚད་ལྡན་གྱི་རོགས་པ་བྱེད་ཐུབ་མེད། དངོས་ཡོད་གནས་སྟངས་ཐོག་ནས་རྒྱལ་ཁབ་གཅིག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱི་མེད། སྤྱིར་རང་བཙན་ང་ཚོའི་ཐོབ་ཐང་རེད་དེ་ད་ལྟའི་དུས་ཚོད་ལ་རང་བཙན་རྩོད་དུ་ཕྱིན་པ་ཡིན་ན་རྒྱལ་ཁབ་གཞན་ལ་སྐད་ཆ་ཤོད་ས་མེད། རྒྱལ་ཁབ་ཚང་མས་རྒྱ་ནག་གཅིག་གི་སྲིད་བྱུས་(One China Policy) བཟུང་ཡོད། (One China) ཟེར་ན་རྒྱ་ནག་གོང་བུ་གཅིག་གྱུར་རེད། རྒྱ་ནག་ཁོ་རང་ཚོར་སེམས་འཚབ་ཆེ་ཤོས་དེ་རྒྱལ་ཁབ་ཀྱི་མངའ་དབང་དེ་རེད། རྒྱ་ནག་ལ་ཕར་སྐད་ཆ་བཤད་ཆེད་འགྲོ་དགོས་ན་རང་བཙན་བཤད་པ་ཡིན་ན་སྒོ་དང་སྒེའུ་ཁུང་ཚང་མ་བརྒྱབ་བཞག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཕར་འབྲེལ་བ་བྱས་ཏེ་རང་བཙན་སྐོར་བཤད་པ་ཡིན་ན་ཤོད་ས་མེད། དབུ་མའི་ལམ་གྱི་སྐོར་བཤད་པ་ཡིན་ན་འབྲེལ་བཤད་རྒྱག་ས་ཡོད། རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་བཞིན་པ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་། འཚེ་མེད་ཞི་བའི་ཐབས་ལམ་ལ་གཞི་བཅོལ་བའི་ང་ཚོའི་འཐབ་རྩོད་འདི་ལ་རྒྱབ་སྐྱོར་གང་ཙམ་རག་གི་ཡོད་པར་བརྟེན་འཚེ་མེད་ཞི་བའི་ཐབས་ལམ་ཐོག་འགྲོ་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་ངོས་ནས་ང་ཚོ་བོད་པར་འཚེ་བ་དང་དྲག་སྤྱོད་བྱེད་ཀྱི་ཡོད། དཔེར་ན།
    གཞོན་ནུ་ལྷན་ཚོགས་ལ་དྲག་སྤྱོད་ཀྱི་སྒྲིག་འཛུགས་རེད་ཟེར་གྱི་ཡོད། དྲག་སྤྱོད་ཀྱི་ལས་ཀ་གཅིག་ཀྱང་བྱས་མེད། དེ་འདྲ་མིང་འདོགས་རྒྱུ་དང་། རྣམ་པ་བཟོ་ཐབས་འབད་བརྩོན་ཧ་ཅང་ཤུགས་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་གིས་བརྒྱུད་བསྐུལ་འོག་མ་འགྲོ་བར་འཚེ་མེད་ཞི་བའི་ཐབས་ལམ་ཐོག་མུ་མཐུད་འགྲོ་དགོས་པའི་གནས་སྟངས་ཆགས་ཡོད། རྒྱ་ནག་དང་ལྷན་སྐད་ཆ་བཤད་ན་མ་གཏོགས་འགྲོ་ས་མེད། རྒྱ་ནག་ལྷན་དུ་སྐད་ཆ་བཤད་པ་ཡིན་ན་རང་བཙན་བཤད་ན་སྐད་ཆ་ཤོད་ས་མེད། དབུ་མ་བཤད་ཡོང་དུས་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་སྤྲད་ཡོད། དངོས་ཡོད་གནས་སྟངས་དེ་རྒྱ་ནག་མཉམ་སྐད་ཆ་བཤད་ན་མ་གཏོགས་བོད་ཀྱི་དཀའ་རྙོག་སེལ་ཐབས་མེད་པ་གསལ་པོ་རེད། ཡིན་ནའང། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ནང་ག་རེ་བྱས་ནས་འགྲོ་བཞིན་ཡོད་ཅེ་ན། འདིའི་བརྒྱུད་རིམ་དེ་ཕྲན་བུ་མགྱོགས་སུ་གཏོང་ཐུབ་ན་བསམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ནང་འགྲོ་བཞིན་ཡོད། རྒྱལ་སྤྱིའི་ནང་བོད་ཀྱི་དཀའ་རྙོག་མ་ཡལ་བ་ལྷག་པ་དེ་གཙོ་བོ་༸གོང་ས་མཆོག་གིས་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་དེ་བཤད་མི་དགོས་པ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་དྲི་བ་ཁག་ལ་ལན་འདེབས་གནང་ཡོད།
 

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཐེངས་གཉིས་པ་འགོ་འཛུགས་གནང་བ།
ཕྱི་མ།
སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སློབ་གྲྭ་ཁག་གི་རྒན་བདག་ཚོར་གསུང་བཤད་གནང་།