དོན་གྲུབ་གླིང་བོད་མིའི་སློབ་གྲྭ།
དཀར་ཆག
༡། འགོ་འཛུགས།
༢། མཐུན་རྐྱེན་འཛུགས་སྐྲུན།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
༡། འགོ་འཛུགས།
ཨཅརྱ་ཝི་ནོ་བ་བྷ་ཝའི་བྷུ་དཱན་(The Bhoodan Samiti of Acharya Vinoba Bhave)ཚོགས་པས་ས་ཆ་ཨེ་ཀར་༡༠༠ སྐུ་ཞབས་གུང་ཐང་ཚུལ་ཁྲིམས་ལགས་སུ་གསོལ་རས་གནང་བར་ཕྱི་ལོ་༡༩༦༥ ཡས་མས་སུ་ཨ་མདོའི་གཞས་དང་ཞབས་བྲོ་ཚོགས་པ་ཞིག་བཙུགས་ནས་ཀ་ལེ་མེན་གྲོང་དུ་གཞིས་ཆགས་པ་དང་འབྲེལ། ཐོག་མར་གནས་སྡོད་བོད་མི་ཚོའི་ཕྲུ་གུའི་སློབ་འཇུག་ཆེད་དམའ་རིམ་སློབ་གྲྭ་ཆུང་ཆུང་ཞིག་གསར་འཛུགས་གནང༌། སྐབས་དེར་ད་ལྟའི་སློབ་གྲྭ་ཚུགས་ཡུལ་དུ་རྩྭ་ཁང་ཞིག་ལས་མེད་པར། བོད་གཞུང་ཤེས་རིག་ལས་ཁུངས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་རོགས་རམ་འོག་འཛུགས་སྐྲུན་གནང་ཡོད་པ་དང༌། ཕྱི་ལོ་༡༩༦༥ ལོར་ད་ལྟའི་འཛིན་གྲྭ་དང་པོ་དང་གཉིས་པ་ཚུགས་སའི་འོག་ཁང་གི་གཡས་ཕྱོགས་དང་མཉམ་དུ་ལས་བྱེད་ཁང་མིག ཡིག་ཚང་བཅས་ཁ་ན་ཌ་བོད་མི་སྐྱབས་བཅོལ་རོགས་ཚོགས་(Tibetan Refugee Aid Society, Canada)ཀྱི་རོགས་སྐྱོར་འོག་གསར་རྒྱག་གནང༌། ཕྱི་ལོ་༡༩༦༦ ལོར་ད་ལྟ་འཛིན་གྲྭ་གསུམ་པ་དང་ལྔ་པ་ཚུགས་ས་འོག་ཁང་གི་གཡོན་ཕྱོགས་དེ་སུད་སི་བོད་པར་རོགས་ཚོགས་ཀྱི་རོགས་རམ་འོག་གསར་སྐྲུན་གནང༌། སློབ་གྲྭ་འགོ་འཛུགས་སྐབས་དང་བླངས་དགེ་རྒན་༡ (ལྕམ་སྐུ་ཕི་ལ་སི་ཡ་)དང་སློབ་ཕྲུག་༥ ཡོད། ཕྱི་ལོ་༡༩༦༨ ནས་༡༩༧༦ བར་དགེ་རྒན་ཆེན་མོ་གནང་མཁན་བི་དྷི་ཡ་ སིངྒ་(Ms. Vidya Singh)ནི་དགེ་རྒན་ཆེན་མོ་དང་པོ་དེ་ཡིན། ཁོང་ནི་དིལླི་བོད་སློབ་འཛིན་སྐྱོང་ཚོགས་པས་བསྐོ་གཞག་གནང་བ་ཞིག་ཡིན། བོད་མིའི་གཞིས་ཆགས་དེར་བོད་མིའི་ནེཧ་རུ་དྲན་རྟེན་ཐེབས་རྩ་(Tibetan Nehru Memorial Foundation)ཞེས་ཟེར་ཞིང༌། དེ་ལྟར་དམའ་རིམ་སློབ་གྲྭ་དེར་ཡང་བོད་མིའི་ནེཧ་རུ་དྲན་རྟེན་ཐེབས་རྩའི་སློབ་གྲྭ་ཞེས་འབོད། ཕྱི་ལོ་༢༠༠༨ ལོར་སློབ་གྲྭ་འདིར་ཁྱོན་བསྡོམས་སློབ་ཕྲུག་གྲངས་༤༡༡ ཡོད་པ་དང༌། དགེ་རྒན་དང་ལས་བྱེད་བསྡོམས་༣༢ བཅས་ཡོད།
༢། མཐུན་རྐྱེན་འཛུགས་སྐྲུན།
དང་ཐོག་སློབ་གྲྭ་འདིའི་བདག་པོ་དང་འཛིན་སྐྱོང་གཞིས་ཆགས་མི་མང་སྟེ། ནེཧ་རུ་དྲན་རྟེན་ཐེབས་རྩ་རང་ནས་གནང་ཡོད་ཀྱང༌། ཚོགས་སྒེར་མང་པོ་བྱེ་བྲག་རྒྱ་གར་དབུས་བོད་སློབ་འཛིན་སྐྱོང་ཚོགས་པ་ནས་རོགས་རམ་རྒྱུན་མཐུད་དུ་གནང་ཡོད་ལ། དེང་སྐབས་ཀྱང་བོད་སློབ་འཛིན་སྐྱོང་ཚོགས་པས་སློབ་གྲྭ་འདིའི་དགེ་རྒན་ཁ་ཤས་ཀྱི་གསོལ་ཕོགས་མཐུན་འགྱུར་གནང་བཞིན་ཡོད། ཕྱི་ལོ་༡༩༩༣ ནས་༢༠༠༣ བར་བོད་སློབ་འཛིན་ཚོགས་ནས་སྔོན་འགྲོ་འོག་མ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་དེབ་རོགས་རམ་གནང༌། ཕྱི་ལོ་༢༠༠༣ ནས་བཟུང་བོད་སློབ་འཛིན་ཚོགས་ནས་འཛིན་རིམ་བརྒྱད་པ་བར་གྱི་སློབ་དེབ་གུན་གསབ་གནང༌། སློབ་གྲྭ་འདིས་དུས་རྒྱུན་དུ་བོད་གཞུང་ཤེས་རིག་ལས་ཁུངས་དང་འབྲེལ་ལམ་ཉེ་པོའི་སྒོ་ནས་ལས་དོན་སྒྲུབ་བཞིན་ཡོད། བོད་གཞུང་ནས་སློབ་གྲྭར་མཐུན་འགྱུར་རོགས་རམ་ཐེངས་མང་གནང་ཡོད་པའི་ཁྲོད། དམིགས་བསལ་དོ་སྣང་བྱེད་འོས་པ་ཞིག་ལ་བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་གྲྭར་སྤྱོད་སྒོ་སྣ་མང་གི་ཚོགས་ཁང་ཞིག་གསར་རྒྱག་གི་འགྲོ་གྲོན་རོགས་རམ་གནང་སྟེ་ཕྱི་ལོ་༢༠༠༡།༢༠༠༢ ལོར་ལེགས་གྲུབ་བྱུང༌། སློབ་གྲྭ་འདི་བཞིན་དུས་ཡུན་རིང་པོ་ཞིག་ནས་སློབ་གྲྭ་ཆུང་ཞིང་སློབ་ཕྲུག་ཉུང་ངུ་ཞིག་ལས་མེད། ལོ་གང་འཚམས་ཞིག་གི་བར་དུ་སློབ་གྲྭ་འདིའི་འཛིན་རིམ་མཐོ་ཤོས་འཛིན་གྲྭ་གཉིས་པ་ཡིན། སློབ་གྲྭ་འདི་ནས་འཛིན་རིམ་གཉིས་པ་ཐོན་པ་རྣམས་ས་གནས་རང་དུ་དམའ་རིམ་དང་འབྲིང་རིམ་འོག་མའི་སློབ་གྲྭ་ཁག་ལ་བསྐྱོད་ཀྱི་ཡོད། དེའི་ནང་ནས་མང་ཆེ་བ་ཕ་མ་དང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གྱིས་ལམ་སྟོན་སྣེ་ཁྲིད་འོག་གཏོང་གི་ཡོད། ཕ་མ་ཁ་ཤས་ཀྱིས་སོ་སོའི་ཕྲུ་གུ་མ་སུ་རི་བོད་ཁྱིམ་དང་གཏན་སློབ་ལའང་གཏོང་གི་ཡོད། ཕྱི་ལོ་༡༩༨༥ ཡས་མས་ཙམ་ནས་སློབ་གྲྭ་འདི་རྒྱ་བསྐྱེད་དང་སྦྲགས་འཛིན་རིམ་སྤར་འགོ་བརྩམས། འདི་བཞིན་རྒྱ་བསྐྱེད་འགྲོ་བར་རྒྱབ་ལྗོངས་རྒྱུ་མཚན་གཉིས་ཡོད་པ་སྟེ། གཙོ་བོ་མཁོ་ཁྱིམ་རིན་པོ་ཆེ་མཆོག་ནས་གཞིས་སྒར་དང་སློབ་གྲྭ་གཉིས་ཀ་ཡར་རྒྱས་གཏོང་ཐབས་སུ་ཐུགས་ཁུར་བཀའ་དྲིན་ཆེ་བཞེས་ཀྱིས་མཛད་བྱུས་བཀའ་སློབ་ལམ་སྟོན་བཟང་པོ་གནང་བའི་འོག སློབ་གྲྭ་འདིའི་དབུ་འཛིན་དཔལ་འབྱོར་ལགས་དང༌། སློབ་སྤྱི་ཟུར་པ་ཀརྨ་བསྟན་སྲུང་ལགས། དགེ་ཆེ་མགོན་པོ་ཚེ་རིང་ལགས་བཅས་ནས་ཐུགས་འགན་རྐང་བཞེས་མཛད་པའི་ལེགས་བྱས་ཀྱི་འབྲས་བུར་ད་ཆ་སློབ་གྲྭ་འདི་ཡང་གཞི་རིམ་གོང་མ་འཛིན་རིམ་བཅུ་གཉིས་བར་ཡར་རྒྱས་གོང་འཕེལ་དུ་གཏོང་ཐུབ་པ་བྱུང་བ་དང༌། དེ་བཞིན་སློབ་ཕྲུག་དང་དགེ་ལས་ཀྱི་གྲངས་འབོར་ཡང་རིམ་བཞིན་འཕར་ཆ་བྱུང་དང་འབྱུང་བཞིན་ཡོད། དེ་ཡང་ཐོག་མར་ཕྱི་ལོ་༡༩༨༧ ལོར་འཛིན་རིམ་ལྔ་པ་བར་སྤར་བ་དང༌། དེ་རྗེས་ཕྱི་ལོ་༡༩༩༠ ལོར་འཛིན་རིམ་བརྒྱད་པ་བར་སྤར་ཆ་གནང༌། གཞན་ཡང་ཚོགས་སྒེར་ཁག་ནས་སློབ་ཕྲུག་གི་སྡོད་ཁང་མཐུན་རྐྱེན་དང་སློབ་ཡོན་འཚོ་དོད་སོགས་རོགས་རམ་གནང་བར་བརྟེན་ས་ཁུལ་གཞན་གྱི་ཕྲུ་གུའང་སློབ་གྲྭ་འདིར་སློབ་འཇུག་ཆེད་སླེབས་འགོ་བརྩམས། ཐོག་མར་སྐུ་ཞབས་མགོན་པོ་ཚེ་རིང་ལགས་ཀྱིས་བོད་ཕྲུག་ཁྱིམ་ཚང་ཞིག་བཙུགས་པ་རྗེས་སུ་སློབ་གྲྭ་ནས་སློབ་ཕྲུག་སྡོད་ཁང་བཟོས། མཐའ་མར་ཕྱི་ལོ་༡༩༩༨ ལོར་སྐུ་ཞབས་ཀརྨ་བསྟན་སྲུང་ལགས་ཀྱིས་སྐྱེད་ཚལ་གླིང་བོད་སློབ་ཤེས་ཡོན་ལྟེ་གནས་བཙུགས། གོང་གསལ་རྒྱུ་མཚན་དེ་དག་ལ་བརྟེན་སློབ་གྲྭ་འདི་མགྱོགས་མྱུར་ངང་ཡར་རྒྱས་ཕྱིན་ཡོད། དེ་ནས་ཕྱི་ལོ་༡༩༩༥ ལོར་འཛིན་རིམ་བཅུ་པ་བར་སྤར་བ་དང༌། ཕྱི་ལོ་༡༩༩༧ ལོར་འཛིན་གྲྭ་བཅུ་གཉིས་ལ་སྤར་ཐུབ་པ་བྱུང༌། ད་ལྟའི་ཆར་སློབ་གྲྭ་འདི་གཞི་རིམ་གོང་མའི་གནས་ཚད་སློབ་གྲྭ་ཞིག་ཡིན་ཅིང༌། སློབ་ཕྲུག་བསྡོམས་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་དེབ་འགོད་བྱས་པའི་སློབ་ཕྲུག་གྲངས་༥༠༠ ཡས་མས་ཡོད། སློབ་གྲྭའི་རྨང་གཞིའི་འཛུགས་སྐྲུན་ཡར་རྒྱས་བྱུང་ཚུལ་ནི་གཤམ་གསལ་ཚོགས་སྒེར་ཁག་གིས་རོགས་རམ་མཐུན་འགྱུར་གནང་བ་ལས་བྱུང༌། གཡོན་ཕྱོགས་ཀྱི་ཐོག་བརྩེགས་དང་པོ་དེ་ལྕམ་སྐུ་མཱ་རི་ཡ་ ཏུ་སི་ ཁོ་ལོཅ་(Maria Tussi Kluge) ནས་རོགས་སྐྱོར་གྱིས་གསར་རྒྱག་གནང༌། ད་ལྟ་ཁང་མིག་དེ་དག་འབྲིང་རིམ་གོང་མའི་སློབ་ཕྲུག་རྣམས་ཀྱི་འཛིན་གྲྭ་ཚོགས་ཡུལ་ཡིན། དེའི་ཕྱོགས་ཀྱི་ཁང་མིག་གཉིས་འཛམ་གླིང་སྤྱི་ཚོགས་བཟང་བ་(Better World Society.) ཞེས་པའི་རོགས་ཚོགས་ནས་བསྐྲུན། ཨེ་ཤ་ཡའི་མི་མང་གི་བདེ་དོན་དང་ཤེས་ཡོན་(Welfare and Education of Asian People, Japan)ཞེས་པའི་ཉི་ཧོང་རོགས་ཚོགས་ཞིག་ནས་ཕྱི་ལོ་༡༩༩༧ ལོར་སློབ་གྲྭའི་དཔེ་མཛོད་ཁང་དང་གཡས་ཕྱོགས་ཀྱི་ཁང་མིག་ཁག་གསར་སྐྲུན་ཐད་རོགས་རམ་གནང༌། ལྕམ་སྐུ་ཨི་རམ་ཊེ་རོཊ་ ཝེ་གར་དང་འཇར་མན་ཌ་ཆི་བོད་སྐྱོར་རོགས་ཚོགས་(Deutche Tibethilfe.ev Germany.)ཞེས་པ་ནས་ཕྱི་ལོ་༡༩༩༢ ལོར་སྔོན་འགྲོ་དང་འབྲིང་རིམ་འོག་མའི་འཛིན་ཁང་གསར་རྒྱག་ལ་དཔལ་འབྱོར་གྱི་རོགས་སྐྱོར་གནང༌། བོད་གཞུང་ཤེས་རིག་ལས་ཁུངས་ནས་སྣ་མང་སྤྱོད་སྒོའི་ཚོགས་ཁང་གསར་བསྐྲུན་ལ་སྦྱིན་བདག་གནང༌། ཕྱི་ལོ་༢༠༠༢ ཟླ་༧ ཚེས་༦ ཉིན་ཤེས་རིག་ལས་ཁུངས་ཀྱི་དྲུང་འཕར་ལྕམ་སྐུ་སྣང་ས་ཆོས་སྒྲོན་ནས་ཚོགས་ཁང་དབུ་འབྱེད་གནང༌། སློབ་གྲྭ་རང་ངོས་ས་གནས་ཀྱི་ཐོན་ཁུངས་བེད་སྤྱོད་ཀྱིས་མིག་ལྟོས་འོས་པ་དང་གསར་གཏོད་བྱེད་པའི་སླད་ཀམ་པུ་ཊར་སྦྱོང་བརྡར་ཁང་བཟོས་པར། ཕྱི་ལོ་༢༠༠༥ ལོར་ཨ་རི་བོད་པའི་ཕྲུ་གུའི་ཤེས་ཡོན་ཐེབས་རྩ་(Tibetan Childrens Education Foundation.USA.)ཞེས་པ་ནས་ཀམ་པུའི་ཊར་གྲངས་༣༠ ཉོ་སྒྲུབ་མཐུན་རྐྱེན་རོགས་རམ་གནང་བས། འཛིན་རིམ་ལྔ་པ་ཡན་ལ་ཀམ་པུ་ཊར་སློབ་ཁྲིད་བྱ་རྒྱུ་ནི་སློབ་གྲྭ་འདིའི་ཤེས་ཡོན་ལས་རིམ་གྱི་ལས་དོན་གལ་ཆེན་གྲས་ཤིག་ཏུ་གྱུར་ཡོད།
༣། སློབ་འཇུག་དང་ཡིག་རྒྱུགས་གནས་སྟངས།
ཕྱི་ལོ་༢༠༠༧ ཟླ་༡༢ ཚེས་༣༡ ཉིན་རང་གཞུང་ཤེས་རིག་ལས་ཁུངས་ཀྱི་སྡོམ་ཐོ་ལྟར་ན། ལོ་དེར་དོན་གྲུབ་གླིང་སློབ་གྲྭར་སློབ་ཕྲུག་བུ་༢༧༠ དང་བུ་མོ་༢༠༩ བཅས་ཁྱོན་བསྡོམས་སློབ་ཕྲུག་༤༧༩ ཡོད་པའི་ཁྲོད་བོད་རིགས་སློབ་ཕྲུག་༣༦༧ དང༌། བོད་རིགས་མ་ཡིན་པའི་ཕྲུ་གུ་༡༡༢ བཅས་ཡོད། གཏན་ཉིན་སློབ་ཕྲུག་གྲངས་འབོར་ནི། གཏན་སྡོད་སློབ་ཕྲུག་གྲངས་༢༧༨ དང་ཉིན་སློབ་༢༠༡ ཡོད། དགེ་རྒན་༢༦ དང་ལས་བྱེད་༦ བཅས་ཁྱོན་བསྡོམས་དགེ་ལས་༣༢ ཡོད། སློབ་གྲྭ་འདིའི་ཕྱི་ལོ་༡༩༨༩ ལོ་ནས་༢༠༠༩ བར་འདས་པའི་ལོ་ངོ་༢༡ རིང་གི་སློབ་ཕྲུག་གྲངས་འབོར་འཕར་ཆག་ཅི་བྱུང་གི་གནས་སྟངས་གཤམ་གསལ། སློབ་གྲྭ་འདིའི་ཕྱི་ལོ་༡༩༩༨ ནས་༢༠༠༨ བར་གཞི་རིམ་གོང་མ་འཛིན་རིམ་བཅུ་པ་དང་བཅུ་གཉིས་པའི་རྒྱལ་ཡོངས་ཡིག་རྒྱུགས་གྲུབ་འབྲས་གནས་སྟངས་གཤམ་གསལ།
བྱ་ར། | ༡༠ པའི་ཕྲུག་གྲངས། | རྒྱུགས་འཕྲོད། | ༡༢ པའི་ཕྲུག་གྲངས། | རྒྱུགས་འཕྲོད་བརྒྱ་ཆ། |
ཕྱི་ལོ་༡༩༩༨ | ༡༦ | ༦༢་༥༠ | མེད། | མེད། |
ཕྱི་ལོ་༡༩༩༩ | ༢༦ | ༣༤་༦༡ | ༤ | ༧༥་༠༠ |
ཕྱི་ལོ་༢༠༠༠ | ༡༨ | ༧༧་༧༧ | ༡༧ | ༨༥་༣༥ |
ཕྱི་ལོ་༢༠༠༡ | ༢༦ | ༦༥་༣༨ | ༢༩ | ༦༢་༠༦ |
ཕྱི་ལོ་༢༠༠༢ | ༣༦ | ༣༣་༣༣ | ༢༤ | ༨༣་༣༣ |
ཕྱི་ལོ་༢༠༠༣ | ༤༨ | ༥༠་༠༠ | ༣༢ | ༩༠་༦༢ |
ཕྱི་ལོ་༢༠༠༤ | ༣༡ | ༦༤་༥༢ | ༢༨ | ༨༩་༢༩ |
ཕྱི་ལོ་༢༠༠༥ | ༢༥ | ༥༦་༠༠ | ༤༢ | ༨༥་༧༡ |
ཕྱི་ལོ་༢༠༠༦ | ༣༨ | ༥༥་༢༦ | ༣༥ | ༡༠༠་༠༠ |
ཕྱི་ལོ་༢༠༠༧ | ༣༦ | ༥༠་༠༠ | ༣༦ | ༥༨་༣༣ |
ཕྱི་ལོ་༢༠༠༨ | ༢༣ | ༧༣་༩༡ | ༢༥ | ༨༨་༠༠ |
ཕྱི་ལོ་༢༠༠༩ | ༢༧ | ༦༢་༩༦ | ༣༣ | ༨༡་༨༢ |
༤། ཤེས་ཡོན་ལས་རིམ་དང་གྲུབ་འབྲས།
དོན་གྲུབ་གླིང་སློབ་གྲྭ་འདི་སྒེར་གཉེར་སློབ་གྲྭ་ཡིན་ནའང༌། འཛིན་སྐྱོང་དང་ཤེས་ཡོན་སོགས་སློབ་གྲྭའི་ལས་དོན་གང་ཅིར་ྋགོང་ས་མཆོག་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་གི་ལམ་སྟོན་སྲིད་བྱུས་ལག་ལེན་དོན་འཁྱོལ་ཞུ་རྒྱུ་སློབ་གྲྭ་དང་ཁྱད་པར་འཛུགས་མཁན་མི་མང་གི་ཐོག་མའི་དམིགས་ཡུལ་དང་དེང་གི་རེ་འདུན་ཡིན་སྟབས། དུས་དང་རྣམ་པ་ཀུན་ཏུ་བོད་གཞུང་བཀའ་ཤག་གི་སྲིད་བྱུས་རིམ་པ་དང༌། ཁྱད་པར་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་འཆར་གཞི་དང་སྲིད་བྱུས་ཇི་ཡོད་ཕྱར་གྲུ་མཉམ་འདེགས་ཀྱིས་ཉམས་ལེན་བྱེད་བཞིན་ཡོད། ཕྱི་ལོ་༡༩༩༧ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཟིན་བྲིས་ཚོགས་ཆུང་དང་པོ་བསྐོ་འཛུགས་སྐབས། སློབ་གྲྭ་འདིའི་སློབ་སྤྱི་ཟུར་པ་སྐུ་ཞབས་ཀརྨ་བསྟན་གསུམ་ལགས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མིར་བསྐོ་འཛུགས་གནང་ཡོད། ཕྱི་ལོ་༢༠༠༤ ཟླ་༩ པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཤེས་ཡོན་སྲིད་བྱུས་གསར་པ་གཏན་འབེབས་དང་སྦྲགས་ལག་བསྟར་གནང་སླད། རྒྱལ་ཡོངས་སློབ་གྲྭའི་འགོ་ལས་རྣམས་བཞུགས་སྒར་དྷ་སར་སྐོང་འགུགས་ཀྱིས་སྲིད་བྱུས་དགོངས་དོན་ཟབ་སྦྱོང་གོ་སྒྲིག་རིམ་པ་གནང་བའི་ནང་སློབ་གྲྭ་འདི་ཉིད་ཀྱི་འཐུས་ཚབ་ཀྱང་འཛུལ་ཞུགས་ཀྱིས་ས་གནས་སློབ་གྲྭའི་ནང་སྲིད་བྱུས་དགོངས་དོན་གོ་རྟོགས་སྤེལ་ཏེ། ད་ཡོད་སློབ་གྲྭའི་ཕྱག་ལས་གནང་ཕྱོགས་ཐད་བསྐྱར་ཞིབ་ཀྱིས་སྲིད་བྱུས་དགོངས་དོན་ལག་བསྟར་གང་ཐུབ་ཞུས་ཡོད། ཁྱད་པར་སློབ་གྲྭའི་འཛིན་སྐྱོང་ཚོགས་ཆུང་ནས་བོད་ཡིག་དང་བོད་ཀྱི་རྒྱུན་སྲོལ་རིག་གནས་ཐོག་ཤུགས་སྣོན་དགོས་པའི་ཐག་གཅོད་གནང་ཡོད། ཕྱི་ལོ་༢༠༠༨ ལོར་བོད་གཞུང་ཤེས་རིག་ལས་ཁུངས་ནས་གོ་སྒྲིག་གནང་བའི་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཁྲོད་དོན་གྲུབ་གླིང་སློབ་གྲྭའི་སློབ་མ་བསྟན་འཛིན་ཆོས་འཛོམས་ལ་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་པའི་སྡེ་ཚན་གྱི་ཨང་རིམ་ལེགས་གསོལ་བྱ་དགའ་ཐོབ། སློབ་གྲྭ་འདིར་བཙན་བྱོལ་བོད་གཞུང་གི་བཀའ་སྤྱི་གཉིས་ཀྱིས་དབུས་པའི་མཛད་གཙོ་ཁག་དང༌། ཤེས་རིག་ལས་ཁུངས། ས་གནས་འགོ་འཛིན། མདུན་ལམ་སློབ་སྟོན་པ། གཙང་འཕྲོད་ཤེས་གསུམ་གཙོས་པའི་ཆེད་ལས་མི་སྣ། ས་གནས་རྒྱ་གར་དཔོན་རིགས་དང་གནད་ཡོད་མི་སྣ་བཅས་ཀྱིས་སྐབས་སྐབས་སུ་འཚམས་གཟིགས་ཀྱིས་ཐུགས་ཁུར་ཆེན་པོས་གཟིགས་སྐྱོང་དང་མཉམ་རོགས་གནང་དང་གནང་མུས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།