ཟླ་རེའི་གསར་འགྱུར།

ཚན་རིག་གི་གཞོགས་འདེགས་རྒྱུ་ཆ་ཞུ་དག་ཚོགས་འདུ།

༄༅། །ཕྱི་ལོ་ ༢༠༢༥ ཟླ་བ་ ༥ ཚེས་ ༢༨ ནས་ ༢ བར་ཉིན་གྲངས་དྲུག་རིང་འདི་ག་ཤེས་རིག་ལས༌ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག་ཤེས་རིག་ཚོགས་ཁང་དུ་ཚན་རིག་གི་གཞོགས་འདེགས་རྒྱུ་ཆ་<<སྒམ་ནང་གི་ཚན་རིག་ཚོད་ལྟ་ཁང་>>ཞེས་པའི་དེབ་ཆུང་བཅུ་ཞུ་དག་གི་ཚོགས་འདུ་བསྐོང་ཚོགས་གནང་ཡོད། དེ་ཡང་གོང་ཚེས་ཉིན་གཞི་རིམ་བར་མའི་ཚན་རིག་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གི་ཚོགས་མི་རྣམས་ལྷན་འཛོམས་ཐོག་ཚན་རིག་སློབ་དེབ་རྩོམ་སྒྲིག་པས་རྩོམ་སྒྱུར་ཞུས་པའི་དེབ་རྣམས་ལ་ཞུ་དག་གང་ལེགས་བྱུང་ཡོད།

ཐེངས་འདིའི་ཚོགས་འདུ་ནི་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ལྟར། སློབ་མ་རྣམས་ཀྱི་རང་དབང་དང་། རྒྱུན་འཛིན། གསར་གཏོད་བཅས་ཀྱི་དགོས་དམིགས་བསྒྲུབ་ཆེད། ཕྱོགས་ཡོངས་ལ་རྒྱུན་མཐུད་ཞིབ་འཇུག་དང་། ཞིབ་དཔྱོད་ཀྱི་ནུས་རྩལ་རྨང་གཞི་སྲ་བརྟན་དང་ཡར་རྒྱས་སུ་གཏོང་བར་དམིགས་ཡོད།

ཚོགས་འདུའི་སྟེང་ཤེས་རིག་ལས་ཁུངས་ཀྱི་ཚན་རིག་ཤེས་ཡོན་འགན་འཛིན་རྡོ་རྗེ་དབང་འདུས་ལགས་དང་། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློབ་དེབ་ཚན་པའི་འགན་འཁུར་བ་དགེ་འདུན་དོན་ཡོད་ལགས། སློབ་དེབ་རྩོམ་སྒྲིག་པ་ལྕགས་ཐར་འབུམ་ལགས།  དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་དངོས་གྲུབ་ལགས། སུ་ཇཱ་བོད་ཁྱིམ་སློབ་གྲྭའི་དགེ་ཆེ་ཉི་མ་ཚེ་རིང་ལགས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་དགེ་ཆེ་བསྟན་འཛིན་ཆོས་སྒྲོན་ལགས་དང་ཚན་རིག་དགེ་རྒན་བསྟན་འཛིན་ལྷ་སྒྲོན་ལགས། སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་ཆོས་འཛིན་ལྷ་མོ་ལགས། ཅོན་ཏ་ར་བོད་ཁྱིམ་སློབ་གྲྭའི་ཚན་རིག་དགེ་རྒན་བསྟན་འཛིན་ཟླ་བ་ལགས་བཅས་མཉམ་ཞུགས་གནང་ཡོད།

ཚོགས་འདུའི་འགྲོ་གྲོན་ཡོངས་རྫོགས་ཌེ་ན་ཌ་ (DANIDA) རོགས་ཚོགས་ཀྱིས་མཐུན་འགྱུར་གནང་ཡོད་པ་བཅས། །


སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་ཟབ་སྦྱོང་གནང་འགོ་ཚུགས་པ།
ཕྱི་མ།
ཕྱི་ལོ་ ༢༠༢༥ ལོའི་སློབ་ཐོན་འབུམ་རམས་པར་ཆེ་བསྟོད་གསལ་བསྒྲགས།