Monthly Archives

༄༅། །དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཤི་ལོང་བོད་མིའི་གནས་སྡོད་སར་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།

kalon-visits, News

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣༠ ཉིན་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་ཤི་ལོང་བོད་མིའི་གནས་སྡོད་སར་ཕེབས་འབྱོར་གྱིས་ས་གནས་འགོ་འཛིན་ལས་ཁུངས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་འགན་འཛིན་རྣམ་པས་ཕེབས་བསུ་ཞུས། ཕྱི་ཟླ་ ༥ ཚེས་ ༡ ཉིན་སྔ་དྲོ་ས་གནས་འགོ་འཛིན་ལས་ཁུངས་སུ་འཚམས་གཟིགས་གནང་བ་དང་། དེ་རྗེས་ས་གནས་མི་མང་ཚོགས་འདུའི་སྐབས་དཔལ་ལྡན་ཤེས་རིག་བཀའ་བློན་མཆོག་གིས་༸གོང་ས་མཆོག་གི་སྐུ་ཕྱཱའི་ཉེན་སྲུང་ཞུ་རྒྱུ་ཤིན་ཏུ་གལ་ཆེ་ཡིན་པ་དང་། བཀའ་ཤག་སྐབས་བཅོ་ལྔ་པའི་ལྔ་དང་ལྔ་བཅུའི་ལས་འཆར་སྐོར། གཞིས་ཆགས་སྲ་བརྟན་གནས་ཐབས། ༢༠༡༧ ལོ་འདི་ལས་འགུལ་ལོ་ཡིན་པ། ༢༠༡༨ ལོ་འདི་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་འཆར་ཡིན་པ། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་ཤེས་ཡོན་ལས་དཔལ་འབྱོར་གལ་གནད་ཆེ་བའི་རྣམ་པ་ཆེ་རུ་འགྲོ་བཞིན་ཡོད་པའི་སྐབས་འདིར་ཕན་ཚུན་སྐད་ཆ་བཤད་སྐབས་ཤེས་ཡོན་གྱི་གནད་དོན་ཉུང་བ་དང་། དཔལ་འབྱོར་ཐོག་དོ་སྣང་ཆེ་རུ་འགྲོ་བཞིན་ཡོད་དུས་ཕ་མའི་ངོས་ནས་ཐུགས་འགན་ཆེ་བཞེས་ཐོག་ཕྲུ་གུར་ཤེས་ཡོན་ཡར་རྒྱས་ལ་དུས་ཚོད་དང་དཔལ་འབྱོར་གྱི་མཐུན་རྐྱེན་མཉམ་འཛོམས་གནང་གལ། རྒྱུན་དུ་ཤེས་རིག་ལས་ཁུངས་ནས་དུས་ནས་དུས་སུ་ཤེས་རིག་སློབ་ཡོན་དང་སྦྱོང་བདར་ཁག་དྲ་ཚིགས་དང་། ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་གསལ་བསྒྲགས་གནང་སྐབས་དོ་སྣང་དགོས་གལ། ནད་རིགས་སྔོན་འགོག་ཐོག་༸གོང་ས་ཆེན་པོ་མཆོག་གིས་རྒྱུན་དུ་གལ་ཆེ་གཟིགས་བཞིན་ཡོད་པས་གཞུང་སྒེར་གཉིས་ནས་ཐུགས་འགན་ཆེན་པོ་གནང་དགོས་སོགས་གསུང་བཤད་ཟབ་རྒྱས་གནང་བ་དང་། མི་མང་གི་དྲི་བ་ཁག་ལ་ལན་འདེབས་གནང་། ཉིན་རྒྱབ་ཕྱག་ཚོད་ ༡ ཐོག་ས་གནས་འཐུས་ཚོགས་དང་། རང་བདེན་ཚོགས་ཆུང་། སྤྱི་མི་བཅས་ཀྱི་ལས་ཁུངས་སུ་འཚམས་གཟིགས་དང་། དེ་རྗེས་ཤི་ལོང་སཾ་བྷོ་ཊ་སློོབ་གྲྭར་གཟིགས་ཞིབ་ཀྱིས་དགེ་ལས་སློབ་ཕྲུག་རྣམས་ལ་སློབ་ཕྲུག་རྣམས་ནས་རྒྱུན་དུ་དཔེ་དེབ་ཀློག་རྒྱུར་དོ་སྣང་མང་ཙམ་གནང་དགོས་པ་དང་། དགེ་རྒན་རྣམས་ནས་ཀྱང་སློབ་ཕྲུག་རྣམས་ལ་འབྲི་རྩོམ་གྱི་སྦྱོང་བདར་མང་ཙམ་གནང་དགོས་པ་སོགས་ཀྱི་གསུང་བཤད་གནང་། ཕྱི་དྲོ་ཤི་ལོང་བོད་དགོན་དུ་འཚམས་གཟིགས་གནང་། ཕྱི་ཚེས་ ༢ ཉིན་སྔ་དྲོ་ཤི་ལོང་མེགྷ་ལི་ཡཱ་ཡུལ་མིའི་འགོ་འཁྲིད་གཙོ་གྲས་ཡེ་ཤེས་ཚེ་རིང་ལགས་དང་མཇལ་འཕྲད་གནང་། ཉིན་རྒྱབ་ཤིང་ལོང་ནས་གུཧཱཊི་བརྒྱུད་ཕྱི་དྲོ་དིལླཱིར་ཕྱིར་ཕེབས་གནང་། ཕྱི་ཚེས་ ༣ ཉིན་དིལླཱིར་དབུས་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་རྩིས་ལེན་དང་འབྲེལ་བའི་ཚོགས་འདུར་ཆེད་ཕེབས་གནང་སྟེ་ཕྱི་དྲོ་དིལླཱི་ནས་པ་ཊན་ཀོཊ་བརྒྱུད་ཕྱི་ཚེས་ ༤ སྔ་དྲོ་དྷ་སར་ཕྱིར་ཕེབས་གནང་། །

Previous
Orientation for Class XII passed out students concluded successfully
Next
2018-2019 TSP Selected Finalist
Menu