Temporary absorption of Class12 Students

བར་ལམ་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ནུབ་བྷེང་གྷལ་ནང་གྷོར་ཁཱ་གྲངས་ཉུང་མི་རིགས་ཀྱི་དཀའ་རྙོག་གི་རྐྱེན་པས།  རྡོར་གླིང་དང་ཀ་སྦུག་ས་ཁུལ་དུ་ཡོད་པའི་སློབ་གྲྭ་སོགས་སྒོ་རྒྱག་དགོས་པའི་གནས་སྟངས་ཆགས་ཡོད་ཅིང་། དཀའ་རྙོག་དེ་བཞིན་དུས་ཚོད་ངེས་ཅན་ནང་ཞི་འཇགས་ཡོང་རྒྱུ་དཀའ་བར་བརྟེན། ཤེས་རིག་ལས་ཁུངས་ནས་ཀ་སྦུག་གཏན་སློབ་དང་། རྡོ་གླིང་གཏན་སློབ་གཉིས་ཀྱི་འཛིན་རིམ་བཅུ་གཉིས་ཀྱི་སློབ་མ་རྣམས་ལ་སློབ་སྦྱོང་ཐད་གྱོང་གུན་ཕོག་དོགས་ཀྱིས་མ་སུ་རི་གཏན་སློབ་དང་། ཧ་པུར་སློབ་གྲྭ སིམ་ལཱ་གཏན་སློབ་བཅས་སུ་སོ་སོའི་སློབ་མཚན་ལ་གཞིགས་ཏེ་འཕྲལ་སེལ་ཟླ་སྒྲིལ་གནང་རྒྱུ་ཐག་གཅོད་བྱུང་བ་བཞིན། འདི་ནས་གློག་འཕྲིན་བརྒྱུད་འབྲེལ་ཡོད་ཚང་མར་བརྡ་ལན་ཕུལ་ཟིན་ཀྱང་ས་གནས་ཁུག་ཀྱོག་ཁག་ཏུ་དྲྭ་རྒྱའི་མཐུན་རྐྱེན་ཞན་པས་བརྡ་ལན་མ་འཕྲོད་བའི་གནས་སྟངས་ཡོང་སྲིད་པས། འཕྲལ་སེལ་ཟླ་སྒྲིལ་སྐོར་ཞིབ་ཕྲའི་གནས་ཚུལ་འདི་མཉམ་ཟུར་སྦྱར་ཞུས་ཡོད་ན། ཚང་མས་ཐུགས་སྣང་གནང་སྟེ་སོ་སོའི་ངོ་ཤེས་གོང་གསལ་སློབ་ཁག་གི་སློབ་ཕྲུག་དང་། སློབ་ཕྲུག་གི་ཕ་མ་བཅས་ལ་བརྡ་ལན་གནང་ཐུབ་ཚེ་དགེ་ཕན་ཡོད་ངེས།  དེ་མིན་འདི་ནས་གསལ་བསྒྲགས་སྔོན་སོང་ལྟར་སློབ་ཕྲུག་གི་ཕ་མ་རྣམས་ཕན་ཚུན་འབྲེལ་ལམ་ཞུས་ཏེ་འབྲེལ་ཡོད་སློབ་སྤྱི་དང་རེག་ཊར་བཅས་ཀྱི་མཁྱེན་རྟོགས་ཡོད་པའི་ཐོག ཐག་ཉེ་འབྲེལ་མཚུངས་གི་སློབ་ཕྲུག་རྣམས་རུབ་རུབ་བཟོས་ཏེ་ཕ་མའི་འཐུས་ཚབ་ཀྱི་སྣེ་ཁྲིད་འོག་གོང་འཁོད་སློབ་ཁག་སོ་སོར་མཉམ་དུ་ཕེབས་ཐོན་གནང་ཐུབ་ན་དགེ་ཕན་ཆེ་བ་སྙམ་ན། དེ་དོན་ལམ་སྟོན་གནང་ཕྱོགས་ཡོང་བ་ཞུ། གལ་ཏེ་སྣེ་ཁྲིད་རོགས་པ་མེད་པ་སློབ་ཕྲུག་ཁེར་རྐྱང་རང་མགོ་གང་ཐོན་བྱས་ཏེ་ལམ་བར་དཀའ་ངལ་འཕྲད་ཚེ་སློབ་ཕྲུག་གི་ཕ་མས་འགན་འཁུར་གནང་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣ ལ།

(136)