ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་འགོ་འཛུགས་གནང་བ།


༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༣ ནས་ ༣༠ བར་དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ནང་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་འགོ་འཛུགས་གནང་།


ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་དབུས་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས། ཤེས་རིག་ཚན་པ་ཁག་གི་འགན་འཛིན་རྣམ་པ་དང་ལས་བྱེད་རྣམ་པ། དྷ་ཤོད་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་ལགས། དགེ་རྒན་དང་སློབ་ཕྲུག་སོགས་ཕེབས་ཡོད།


དེ་ཡང་ཤེས་རིག་དེང་སྲོལ་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་ཕེབས་བསུ་དང་སྦྲགས། ཟབ་སྦྱོང་གི་སྐོར་ངོ་སྤྲོད་གནང་སྐབས་གསུང་དོན། ཕྱི་ལོ་ ༢༠༡༣ ནས་བཟུང་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་འགོ་འཛུགས་ཞུས་ཏེ་ད་བར་ཐེངས་བདུན་ཚོགས་ཡོད། ཟབ་སྦྱོང་ཐེངས་བདུན་ནང་སློབ་ཕྲུག་ ༢༠༠༠ ལྷག་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་གནང་ཐུབ་ཡོད།


ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི། སློབ་ཕྲུག་རྣམ་པ་མ་འོངས་བོད་གསར་པ་འཛུགས་སྐྲུན་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཡོད་སྟབས། འགོ་ཁྲིད་ནུས་པ་སྐྱེད་སྲིང་བྱེད་དགོས་པ་དང་། ཤེས་ཡོན་སྲིད་བྱུས་ཀྱི་ནང་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་བཏོད། ཅེས་ཤེས་ཡོན་སྤྲོད་དགོས་པའི་དམིགས་ཡུལ་བཀོད་ཡོད། ལྷག་པར་དཔལ་ལྡན་བཀའ་ཤག་སྐབས་ ༡༤ དང་ ༡༥ པའི་ལས་རིམ་ཚན་པའི་ནང་ནས་ཤེས་ཡོན་གྱི་ལས་རིམ་དེ་གལ་ཆེ་ཤོས་ལ་རྩི་ཡི་ཡོད་པའི་ཆ་ནས་ཟབ་སྦྱོང་དབུ་འཛུགས་ཞུས་པ་རེད། ཅེས་དང་།


གཞན་ཡང་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་བཞིའི་སློབ་ཕྲུག་ ༢༤ དང་དགེ་རྒན་ ༤ ། སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་བཅུའི་སློབ་ཕྲུག་ ༨༠ དང་དགེ་རྒན་ ༡༠། དྷ་ས་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་བརྒྱད་ཀྱི་སློབ་ཕྲུག་ ༡༠༩ དང་དགེ་རྒན་ ༨། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་༢༨ དང་དགེ་རྒན་ ༢། གངས་ཅན་བདེ་རྩའི་ཁྱབ་ཁོངས་སློབ་གྲྭ་གཉིས་ཀྱི་སློབ་ཕྲུག་ ༡༦ དང་དགེ་རྒན་ ༢། དོན་འགྲུབ་གླིང་བོད་མིའི་སློབ་གྲྭའི་སློབ་ཕྲུག་ ༤ དང་དགེ་རྒན་ ༡། བལ་ཡུལ་sos སྤོག་ར་སློབ་གྲྭའི་སློབ་ཕྲུག་ ༨ ཁྱོན་བསྡོམས་སློབ་ཕྲུག་ ༢༦༩ དང་དགེ་རྒན་ ༢༨ བཅས་དགེ་སློབ་ཁྱོན་གྲངས་ ༢༩༧ མཉམ་ཞུགས་གནང་ཡོད། ཅེས་གསུངས།


སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་བཤད་གནང་དོན། རང་དབང་ཡིན་པའི་ལུང་པ། དཔེར་ན། རྒྱ་གར་ལ་མཚོན་ན་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་ཕྲུ་གུ་བཞིའི་ནང་ནས་ཕྲུ་གུ་གཅིག་མ་གཏོགས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་རག་གི་མེད་པ་མ་ཟད། སློབ་ཕྲུག་བརྒྱའི་ནང་ནས་སློབ་ཕྲུག་ ༣༢ མ་གཏོགས་སློབ་གྲྭ་མཐར་སོན་ཐུབ་ཀྱི་མེད། རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མི་ཚོར་མཚོན་ན་ཕ་མ་ཚོས་སོ་སོའི་ཕྲུ་གུ་སློབ་གྲྭར་གཏོང་རྒྱུའི་གོ་སྐབས་ཡོད། ཕ་མ་ཚོས་ཀྱང་ཕྲུ་གུ་སློབ་གྲྭར་གཏོང་རྒྱུ་དེ་འགན་ཆེ་ཤོས་ཤིག་རེད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་སློབ་ཕྲུག་ཚོར་གོ་སྐབས་དང་མཐུན་རྐྱེན་ཞེ་དྲག་ཡག་པོ་ཡོད། སློབ་ཕྲུག་ཚོར་ཐོབ་ཐང་ཡོད་པ་ནང་བཞིན་འགན་ཡང་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་ནང་སློབ་གྲྭ་ཁག་མང་པོ་འཛུགས་ཐུབ་ཡོད། དེར་བརྟེན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དུས་རྟག་ཏུ་དྲན་དགོས་པ་དང་། ཚན་རིག་པས་ཉམས་ཞིབ་གནང་བ་ལྟར་ན།


བཀའ་དྲིན་བསམ་ཤེས་ཐུབ་མཁན་གྱི་མི་དེ་གྲས་ག་དུས་ཡིན་ནའང་བཟང་ཕྱོགས་ལ་བསམ་བློ་གཏོང་ཐུབ་མཁན་གྱི་མི་ཞིག་ཡོང་གི་ཡོད་པ་མ་ཟད། ཕན་སེམས་དང་སྙིང་རྗེ་ལྡན་པའི་མི་ཞིག་ཡོང་གི་ཡོད་པ་དང་། དེ་བཞིན་གཉིད་ཀྱང་སྐྱིད་པོ་ཁུག་གི་རེད། ཅེས་གསུང་གི་འདུག སློབ་ཕྲུག་ཚོས་དམིགས་ཡུལ་འཛིན་དགོས་པ་དང་། འཛམ་གླིང་ནང་སྐད་རིགས་མ་འདྲ་བ་ ༧༠༠༠ ཙམ་ཡོད་པའི་ཁོངས་ནས་སྐད་ཡིག་ ༣༩༠༩ ལ་ཡིག་གཟུགས་འདུག སྐད་ཡིག་མང་པོ་ཞིག་ལ་ཡིག་གཟུགས་མི་འདུག ང་ཚོ་བོད་ཀྱི་སྐད་ཡིག་ལ་ཡིག་གཟུགས་ཡོད་པ་མ་ཟད། སྐད་ཡིག་ཧ་ཅང་ཕྱུག་པོ་ཡོད། དེར་བརྟེན་བོད་ཀྱི་སྐད་ཡིག་སྦྱང་རྒྱུ་ཧ་ཅང་གལ་ཆེན་རེད། ཅེས་དང་། གཞན་ཡང་སློབ་སྦྱོང་བྱེད་སྐབས་ཚོགས་ཆུང་བཟོས་ཏེ་སྦྱང་དགོས་པ་དང་། སློབ་གྲྭའི་སྐབས་ནས་བཟུང་ཀློག་བཟང་པོ་ཡོང་བ་ཞིག་བྱེད་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་།


མཐར་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ནས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། ཐེངས་འདིའི་ཟབ་སྦྱོང་གི་ཆེད་དཔལ་འབྱོར་གྱི་མཐུན་རྐྱེན་གནང་མཁན་ཨ་རིའི་རོགས་ཚོགས་ USAID དང་བོད་ཀྱི་ཐེབས་རྩ་ཁང་ Tibet Fund གཉིས་ཡིན་པ་བཅས། །

སྔོན་མ།
རིགས་ལམ་བརྒྱུད་ནས་ཨང་རྩིས་འཁྲིད་ཐབས་ཀྱི་ལག་དེབ་གཏན་འབེབས་ཚོགས་འདུ།
ཕྱི་མ།
ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་དགེ་རྒན་འོས་སྦྱོང་སྐབས་དྲུག་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཚོགས་པ།