ཟླ་རེའི་གསར་འགྱུར།

གཞི་རིམ་བར་མའི་ཨང་རྩིས་དགེ་རྒན་ཁག་གཅིག་ལ་སློབ་ཁྲིད་ཡར་རྒྱས་གཏོང་ཐབས་ཀྱི་ཟབ་སྦྱོང་།

༄༅། །རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་བསྟི་གནས་ཁང་དུ་ (NCERT) བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་བྱས།
དེ་ཡང་ཟབ་སྦྱོང་ཐེངས་དང་པོའི་ཐོག་ཨང་རྩིས་དགེ་རྒན་ ༡༦ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་དེ་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་མཇུག་སྒྲིལ། དེ་རྗེས་ཟབ་སྦྱོང་ཚོགས་ཐེངས་གཉིས་པ་དེ་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་དབུ་འཛུགས་ཀྱིས་ཕྱི་ཟླ་ ༦ ཚེས་ ༤ བར་འཚོགས་བཞིན་ཡོད་པ་དང་། ཟབ་སྦྱོང་ནང་སམ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་། དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ་བཅས་ནས་ཁྱོན་དགེ་རྒན་གྲངས་ ༡༣ མཉམ་ཞུགས་གནང་ཡོད།

དེ་ཡང་ཟབ་སྦྱོང་དེའི་དགོས་དམིགས་གཙོ་བོ་རྣམས་ནི།

  1. དགེ་རྒན་ཚོའི་ཨང་རྩིས་སློབ་ཁྲིད་བྱེད་སྟངས་ཀྱི་ཐབས་བྱུས་ཡར་རྒྱས་གཏོང་རྒྱུ་དང་།
  2. སློབ་ཕྲུག་ཚོས་ཨང་རྩིས་སློབ་ཚན་དེ་ཡང་སློབ་ཚན་གཞན་དང་མཚུངས་པར་ཕན་ཚུན་གྲོས་མོལ་དང་གོ་བསྡུར་སྦྱངས་བཤད་བྱ་རྒྱུ་ཡོད་པ་དང་། ཨང་རྩིས་སློབ་ཚན་དེ་མཉམ་རུབ་ཐོག་སློབ་སྦྱོང་བྱེད་ཐུབ་རྒྱུ་ཡོད་པ་ར་སྤྲོད་གནང་ཐུབ་པ་ཡོང་རྒྱུ།
  3. དེ་བཞིན་ཨང་རྩིས་སློབ་ཚན་གྱི་སློབ་དེབ་ནང་གི་སློབ་ཚན་དཀར་ཆག་ནང་གང་གཏན་འབེབས་ཟིན་པ་དེ་ཙམ་ལ་མ་བཞག་པར་དེའི་རྒྱ་ལས་བརྒལ་ནས་ཨང་རྩིས་སློབ་སྦྱོང་བྱ་རྒྱུར་སྤྲོ་སྣང་ལྡན་པའི་ཁོར་ཡུག་སྐྲུན་ཐབས། དེ་བཞིན་དགེ་རྒན་ཚོའི་ཉིན་རེའི་སློབ་ཁྲིད་སྐབས་དོགས་བཅོས་དང་དཀའ་ངལ་ཇི་འཕྲད་རྣམས་སེལ་ཐབས་ཆེད་སློབ་ཕྲུག་རྣམས་ལ་གོ་སྐབས་ཇི་ལྟར་སྐྲུན་དགོས་པ། བཅས་ཡིན་འདུག

ཟབ་སྦྱོང་འདི་བཞིན་ཁེ་ན་ཌའི་ཕྱི་སྲིད་ལས་དོན་དང་ཚོང་དོན་དང་ཡར་རྒྱས་ཚན་པས་ Department of Foreign Affairs, Trade and Development (Canada). དཔལ་འབྱོར་གྱི་མཐུན་འགྱུར་གནང་འདུག

སྔོན་མ།
ཨང་རྩིས་སློབ་དགེ་རྣམས་ལ་ཟབ་སྦྱོང་ཕུལ་བ།
ཕྱི་མ།
རྒྱ་བལ་གཉིས་ཀྱི་མཐོ་རིམ་སློབ་ཕྲུག་རྣམས་ལ་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་ཚོགས་པ།