ཟླ་རེའི་གསར་འགྱུར།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དབུ་འབྱེད་གནང་བ།

༄༅། །ཕྱི་ལོ་ ༢༠༡༩ ཟླ་ ༢ ཚེས་ ༢༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་དྷ་ས་གངས་སྐྱིད་ཚོགས་ཁང་གསར་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ། སློབ་སྡེ་ཁག་གི་འགན་འཛིན། རྒྱ་བལ་གཉིས་ཀྱི་སློབ་གྲྭའི་སློབ་སྤྱི་དང་། རེག་ཊར་དང་ངེས་སྟོན་པ། ལྟ་གྲུབ་དགེ་རྒན་རྣམ་པ། དེ་བཞིན་སམ་བྷོ་ཊའི་ཁྱབ་ཁོངས་ནས་ཚོགས་བཅར་བ་གྲངས་ ༨༨ དང་། བོད་ཁྱིམ་ཁྱབ་ཁོངས་ནས་ཚོགས་བཅར་བ་༧༨ ། མ་སུ་རི་བོད་ཁྱིམ་ནས་ ༢༢ ། དབུས་བོད་སློབ་འཛིན་ཚོགས་སློབ་གྲྭ་ནས་ ༤༤། བལ་ཡུལ་གངས་ཅན་བདེ་རྩ་ནས་ ༢༠ ། སྒེར་གྱི་སློབ་གྲྭ་ཁག་ལྔ་དང་། ས་རཱ་མཐོ་སློབ། ཝཱ་ཎ་མཐོ་སློབ། ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། ཏཱ་ལའི་བླ་མ་མཐོ་སློབ་ཁང་། སྒྲོལ་མ་གླིང་མཐོ་སློབ་བཅས་ཀྱི་སྐུ་ཚབ། སེ་ར་དང་འབྲས་སྤུངས་བློ་གསལ་གླིང་ནས་མི་གྲངས་ ༡༠ ། ཨ་རི་དང་། ཨིན་ལན། ཨོ་སི་ཊི་ལི་ཡ་བཅས་ནས་སྐུ་ཚབ་ ༤ བཅས་ཁྱོན་ཚོགས་བཅར་བ་གྲངས་ ༢༤༢ བརྒལ་བ་ལྷན་འཛོམས་ཐོག་བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་དབུ་འཛུགས་གནང་།
དེ་ཡང་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྣང་གསལ་ཞལ་འབྱེད་གནང་བ་དང་། སློབ་གྲྭའི་སྡེ་ཁག་གི་འགན་འཛིན་རྣམ་པས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་བསྒྲོན་རྗེས་བོད་རྒྱལ་ཁབ་དང་མི་རིགས་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་རྗེས་དྲན་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་ཞུས་པ་དང་། རྟེན་འབྲེལ་གྱི་གསོལ་ཇ་འབྲས་སིལ་ཕུལ་རྗེས་ཤེས་རིག་དྲུང་ཆེ་ཀརྨ་སེངྒེ་ལགས་ཀྱིས་ཤེས་རིག་ཚོགས་ཆེན་ཐེངས་དྲུག་པའི་གྲོས་ཆོད་ལག་བསྟར་ཇི་ཞུས་སྙན་སྒྲོན་ཞུས་ཤིང་། ཤེས་རིག་བཀའ་བློན་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་གནས་བབས་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་། དེ་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཚོགས་ཆེན་དབུ་འབྱེད་ཀྱི་གསུང་བཤད་གནང་གནང་དོན། དེ་རིང་རྣམ་པ་ཚོ་ཐུག་འཕྲད་བྱུང་བར་དགའ་པོ་བྱུང་། ཤེས་རིག་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༡༡ ལོའི་སྔོན་རྩིས་དང་། ཕྱི་ལོ་ ༢༠༡༨ དང་༡༩ ལོའི་སྔོན་རྩིས་བསྡུར་ན་ཏན་ཏན་ལྡབ་ལོག་འཕར་ཡོད། དེ་འཕར་བར་བརྟེན་ནས་དགེ་རྒན་གྱི་གླ་ཕོགས་དང་ཟབ་སྦྱོང་སོགས་གང་ཅིའི་ཐད་ལག་བསྟར་གནང་ཐུབ་ཡོད།
བཀའ་ཤག་སྐབས་ ༡༤ དང་ ༡༥ སྐབས་མཐུན་རྐྱེན་དང་ཟབ་སྦྱོང་སོགས་གང་ཐུབ་གནང་བར་བརྟེན། ཤེས་ཡོན་སྲིད་བྱུས་འཐུས་ཤོར་མེད་པར་ལག་བསྟར་དང་ཚགས་ཚུད་འགྲོ་བཞིན་ཡོད། ཐེངས་འདིའི་ཤེས་རིག་ཚོགས་ཆེན་ཐོག་བཀའ་བསྡུར་ལྷུག་པོ་དང་ཚགས་ཚུད་པོ་ཡོང་བའི་རེ་བ་ཡོད། བཀའ་ཤག་སྐབས་ ༡༥ པས་ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་མཐའ་གཅིག་ཏུ་ལག་བསྟར་ཡོང་བའི་འབད་བརྩོན་ཞུ་རྒྱུ་ཡིན། ཞེས་ཞུ་རྒྱུ་གཙོ་བོ་དེ་ཡིན། ཕྱོགས་མཚུངས་ད་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགུང་སྐེག་འཁེལ་ཡོད་སྟབས། ཕྱི་ཚེས་ ༢༧ ཉིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་ཡིན། ཞེས་སོགས་གསུང་བཤད་གནང་། དེ་རྗེས་ཤེས་རིག་དྲུང་འཕར་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དངོས་གཞིའི་མཛད་སྒོ་གྲོལ་ཡོད་པ་དང་བཅས། །

སྔོན་མ།
བོད་ཕྲུག་ལས་འཆར་ཚོོགས་པའི་ཕྱི་ལོ་ ༢༠༡༩ ལོའི་སློབ་ཡོན་གསལ་བསྒྲགས།
ཕྱི་མ།
བཙན་བྱོལ་བོད་མིའི་ཤེས་རིག་ཚོགས་ཆེན་ཐེངས་བདུན་པ་ལེགས་པར་མཇུག་སྒྲིལ་བ།