ཟླ་རེའི་གསར་འགྱུར།

བོད་རིགས་ཀྱི་གནའ་བོའི་གླུ་གཞས།

   གླུ་གཞས་ནི་དམངས་ཁྲོད་དུ་ཁྱབ་པའི་རྩོམ་རིག་གི་མངོན་ཚུལ་ཞིག་ཡིན་ཞིང༌། སྒྲུང་གླུ་ལེན་སྐབས་མི་གཅིག་གམ་མི་མང་པོས་མཉམ་དུ་ལེན་སྲོལ་གང་རུང་ཡོད་ལ་རོལ་ཆ་དཀྲོལ་བ་དང་མི་དཀྲོལ་བའི་སྲོལ་གཉིས་ཀ་ཡོད། བོད་རིགས་མི་དམངས་ཀྱིས་གནའ་དུས་ཡི་གེ་མེད་སྐབས་ནས་གླུ་གཞས་ཐོག་ནས་རང་རང་གི་ འཚོ་བ་དང་བསམ་པའི་བརྩེ་དུང༌། ཐོན་སྐྱེད་དང་འཚོ་བའི་ཉམས་མྱོང་བརྒྱུད་སྤེལ་བྱེད་འགོ་བཙུགས་ཡོད།
བོད་རིགས་ས་ཁུལ་དུ་མི་རིགས་ཀྱི་གླུ་གཞས་རིགས་གཙོ་བོ་འགའ་ཞིག་ཡོད་པ་གཤམ་གསལ།
1. གླིང་སྒྲུང༌། དེ་ནི་གནའ་བོའི་གླིང་དང་ཧོར་སོགས་ཚོ་བ་ཁག་བར་དམག་འཁྲུག་ལངས་པའི་སྐོར་བཀོད་ དེ་བོད་སིལ་བུར་ཐོར་རྗེས་ཀྱི་ལོ་ངོ་སུམ་བརྒྱ་བཞི་བརྒྱའི་རིང་བོད་ཟང་ཟིང་དུ་ གྱུར་ནས་མི་དམངས་ལ་དཀའ་ངལ་བྱུང་བའི་ཚུལ་བསྟན་ཡོད། གླིང་སྒྲུང་གི་མགོ་ནས་མཇུག་བར་སྒྲུང་གླུ་སྤེལ་མ་ཤ་སྟག་ཡིན་པ་དང༌། གླུ་དེ་ཚོ་བོད་རིགས་མི་དམངས་ཀྱིས་ཧ་ཅང་གཏོང་དགའ་པོ་དང་ཉན་སྤྲོ་པོ་བྱེད་པ་མ་ ཟད། གླུ་དེ་ཚོའི་ནང་བོད་རིགས་ཀྱི་གསོན་ཉམས་ལྡན་པའི་གཏམ་དཔེ་དང༌། དཔེ་དང་དཔེ་ཅན་མང་པོ་ཞིག་འདུས་ཡོད་པ་དེ་ནི་བོད་སྐད་ཀྱི་མིང་མཛོད་ཅིག་རེད་ ཅེས་ལབ་ཆོག
2. སྒྲུང་དང་སྒྲུང་གླུ། དེའི་ནང་ངག་ཐོག་ནས་ཁྱབ་སྤེལ་གཙོ་བོར་བཏང་བའི་དམངས་ཁྲོད་སྒྲུང་གཏམ་དང༌། སངས་རྒྱས་ཀྱི་གསུང་རབས་ལས་བྱུང་བའི་སྒྲུང་གཏམ། ལེགས་བཤད་ལས་འཕྲོས་པའི་སྒྲུང་ཐུང༌། དེ་བཞིན་བོད་ཀྱི་ཆོས་སྲིད་ལོ་རྒྱུས་དང་འབྲེལ་བའི་སྒྲུང་གཏམ། མི་སྣའི་རྣམ་ཐར་དང་བོད་ཀྱི་ཡུལ་སྲོལ་དང་འབྲེལ་བའི་ལོ་རྒྱུས་ཐོག་གི་གནས་ཚུལ་ཙག་ཙིག་སོགས་ཚུད་ཡོད།
3. མགུར་གླུ། ཏུན་ཧོང་གི་དཔྱད་གཞིའི་ཡིག་རིགས་ནང་པུ་དེ་གུང་རྒྱལ་སྐབས་སུ་མགུར་གླུའི་ སྐོར་བཀོད་ཡོད་པ་དེའི་ཐོག་ནས་སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ནང་མགུར་གླུ་ ཁྱབ་ཡོད་པ་ཤེས་ནུས། ཕྱིས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་ མཁན་ཚོས་མགུར་གླུའི་ཐོག་ནས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་ སྟབས་དམངས་ཁྲོད་ཀྱི་གླུ་མ་གཏམ་གྱི་སྒྱུ་རྩལ་འདིར་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་ པར་གྱུར། ཁྱད་པར་དུ་མར་པ་ལོ་ཙཱ་གུ་དང་མི་ལ་རས་པ་སོགས་ཀྱི་རྗེས་བཀའ་བརྒྱུད་པའི་དགེ་ སློབ་ཁྲོད་མགུར་གླུ་དར་ཁྱབ་ཆེན་པོ་བྱུང༌།
4. བསྟོད་པ་དང་བཤད་པ། ང་ཚོས་《རྦ་བཞེད་》ནང༌། བཙནཔོ་ཁྲི་ལྡེ་སྲོང་བཙན་ (815-857 ལོ་ ) གྱིས་བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་ཀྱི་རབ་གནས་ཐོག་གནང་བའི་བསྟོད་བཤད་ དེ་མཐོང་ཐུབ། དམངས་ཁྲོད་དུའང་བཤད་པ་ཧ་ཅང་ཁྱབ་ཆེན་པོ་ཡོད་པ་མ་ཟད། མི་གཅིག་ཁོ་ནའམ་མི་མང་པོས་མཉམ་དུ་འཆར་ཅན་གྱི་བཤད་པ་འགའ་ཕུལ་བ་ཕུད་སྤྱིར་ན་ རང་དགར་གསར་གཏོད་ཀྱིས་འབུལ་གྱི་ཡོད། བསྟོད་པ་ཡང་སྐབས་དེ་དུས་བྱུང་བའི་དམངས་ཁྲོད་ཀྱི་གཏམ་གླུ་སྤེལ་མའི་སྒྱུ་རྩལ་ གྱི་རྣམ་པ་ཞིག་རེད། ནང་དོན་གྱི་ཐད་ནས་བཤད་ཀྱང་འཚོ་བའི་ཕྱོགས་གང་དང་འབྲེལ་བས་ནང་དོན་ཧ་ཅང་ཕུན་ སུམ་ཚོགས་པོ་ཡོད། བསྟོད་པ་ནི་རྩ་བའི་ཆ་ནས་བསྟོད་ཚིག་ཀློག་གིན་དུ་གླུ་ལེན་པའི་རྣམ་པའི་ཐོག་ནས་ མ་ལོངས་ལོ་ཟླའི་ནང་དར་རྒྱས་ཕུན་ཚོགས་དང་བྱ་བ་ལམ་ལྷོངས་ཡོང་རྒྱུའི་སྨོན་ འདུན་ཞུ་བ་ཞིག་རེད།
5. “རྦད་”ནི་གནའ་བོའི་བོད་དམག་གཡུལ་སར་འགྲོ་སྐབས་ཀྱི་ངར་སློང་རྒྱུའི་གླུ་རེད།
6. བླ་མ་མ་ཎི་ནི་ཆོས་ལུགས་ཀྱི་ཆོ་ག་སོགས་དམངས་ཁྲོད་ཀྱི་རིགས་མི་འདྲ་བའི་སྒྱུ་ རྩལ་གྱི་ས་བོན་ཁྲོད་ཆགས་པ་ཞིག་ཡིན་པ་དང༌། དེར་ཐུན་མོང་དང་དམིགས་བསལ་གྱི་འཁྲབ་སྟོན་བྱེད་སྟངས་རིགས་གཉིས་ཡོད། བླ་མ་མ་ཎི་ནི་ལྷ་མོའི་འཁྲབ་སྟོན་གྱི་སྔོན་ལ་བྱུང་བ་དང༌། ཆོས་ལུགས་དང་འབྲེལ་བ་དམ་པོ་ཡོད་ལ། ནང་དོན་དང་རྣམ་པ་གཉིས་ཀའི་ཐོག་ནས་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་གྱི་ཡོད།
7. འབྲས་དཀར་ནི་ལོ་གསར་སྐབས་དང་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་སྒོ་རྩར་ཡོང་ ནས་བཀྲ་ཤིས་ཀྱི་བསྟོད་པ་འབུལ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པར་ཟེར། ཁོ་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཧ་ཅང་དམའ་པོ་ཡིན་པ་དང༌། རྩ་བའི་ཆ་ནས་ལག་པར་འབྲས་རྒྱུག་དང༌། ཕྲག་ཏུ་གདོང་འབག ཨམ་ཕྲག་ཏུ་ཤིང་ཕོར་བཅས་བཅངས་ནས་སློང་མོའི་འཁྲབ་སྟོན་ཞུ་གི་ཡོད།
8. སྒྲ་སྙན་ཞབས་བྲོ། སྒྲ་སྙན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་ཀྱི་རོལ་ཆའི་གྲས་ཤིག་ཡིན་ ཞིང༌། དེར་རྒྱུས་སྐུད་བརྒྱད་བྱས་པ་དང༌། བཅུ་དྲུག་བྱས་པ། ཉི་ཤུ་བྱས་པ། དྲུག་བྱས་པ་སོགས་སྣ་ཚོགས་ཡོད་པ་དང༌། དེའི་ནང་ནས་རྒྱུས་སྐུད་དྲུག་བྱས་པ་མང་ཤོས་དང་ཁྱབ་ཆེ་ཤོས་རེད། ས་ཁུལ་སོ་སོའི་སྒྲ་སྙན་ཞབས་བྲོའི་ནང་དོན་རྩ་བའི་ཆ་ནས་གཅིག་པ་ཡིན་རུང་སྒྲ་ སྙན་གཏོང་སྟངས་ཐད་ཁྱད་པར་ཡོད

རྩོམ་པ་པོ།     pqlsvm རྩོམ་ཁུངས།     ཀྲུངགོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།

སྔོན་མ།
དབུས་བོད་སློབ་འཛིན་ཚོགས་ཀྱི་སྔོན་འགྲོའི་དགེ་རྒན་གྱི་ཟབ་སྦྱོང་དབུ་འཛུགས་གནང་བ།
ཕྱི་མ།
དཔར་ཐེངས་དང་པོའི་གླེང་བརྗོད།