ཟླ་རེའི་གསར་འགྱུར།

མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་བདུན་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།

༄༅། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་བདུན་འཁོར་བའི་དུས་དྲན་སྲུང་བརྩི་ཞུས།
    ཉིན་དེའི་སྔ་དྲོ་ཆུ་ཚོུད་ ༩།༣༠ ཐོག སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་དང་། བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སམ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་རྐརྨ་ཆུང་བདག་ལགས། ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས། ཟུང་དྲུང་འཆི་མེད་ཚེ་དབྱངས་ལགས། ཁྱབ་ཁོངས་སློབ་གྲྭ་ཁག་གི་སྐུ་ཚབ། དགེ་ལས་སློབ་ཕྲུག ཕ་མ་བཅས་ཁྱོན་མི་གྲངས་ ༣༥༠ བརྒལ་བ་ལྷན་འཛོམས་གནང་ཞིང། ཐོག་མར་སྐུ་བཞེངས་ཀྱིས་གང་བློ་མ་གསུང་འདོན་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།
    དེ་ནས་བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོ་གུས་བཀུར་ཆེད། སྐར་མ་གཅིག་མྱ་ངན་ངག་བཅད་གནང་རྗེས། དཔེ་སྟོན་སློབ་ཕྲུག་རྣམས་ནས་དྲན་གསོ་ངག་གི་སྙེ་མ་ཞེས་པའི་མཉམ་གཞས་བཏང་བ་དང། དཔེ་སྟོན་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་འཚམས་འདྲི་དང་སྦྲགས་ཤེས་ཡོན་སྲིད་བྱུས་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཡོད་པའི་གསུང་བཤད་གནང། དཔེ་སྟོན་སློབ་གྲྭའི་སློབ་མའི་བཀའ་ཤག་གི་བཀའ་ཁྲི་ཕུར་བུ་སྒྲོལ་མ་ལགས་ཀྱིས་སློབ་གྲྭའི་ལས་བསྡོམས་སྒྲོགས་སྦྱང་དང་འབྲེལ་ཤེས་ཡོན་སྤྲོད་དགོས་པའི་སློབ་གཞི་ནི་རང་དབང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་ཆེད་དུ་ཡིན་སྐོར་ངོ་སྤྲོད་གནང་རྗེས། འཛིན་གྲྭ་ཁག་གི་སློབ་ཕྲུག་ནས་ལུས་སྦྱོང་དང་། སྙན་ཚིག་གྱེར་འདོན། བྱིས་པའི་མཉམ་གཞས། འཁྲབ་གཞས། གཏམ་བརྗོད་བཅས་འཁྲབ་སྟོན་གནང་གྲུབ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་གསུང་བཤད་གནང་བའི་སྙིང་དོན་ནི། དེ་རིང་འདི་གའི་སློབ་མའི་རིག་གཞུང་འཁྲབ་སྟོན་དང་འབྲེལ་བའི་སློབ་མའི་ཤེས་ཡོན་བྱང་ཚད་ཧ་ཅང་ལེགས་པོ་ཡོད་པ་བསྔགས་བརྗོད་ཡོད།
    དེ་བཞིན་སྤྱི་ཚོགས་དང་ཕ་མ་ཚོའི་ངོས་ནས་རྒྱུན་གཏན་འཚོ་བའི་ནང་བོད་སྐད་གཙང་མའི་ཐ་སྙད་ལ་འབད་བརྩོན་དང། བོད་ཡིག་གི་ཤེས་ཡོན་རྨང་གཞི་ཚུགས་པའི་ཐོག་དབྱིན་ཡིག་སློབ་སྦྱོང་རིམ་པས་སྤྲད་དེ་འདབ་ཤོག་གཉིས་ལྡན་ལ་ཤུགས་རྒྱག་དགོས། སློབ་གྲྭ་འདི་ལྟ་བུར་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན། ཇུ་ཤི་མི་རིགས་ལྟར་ང་ཚོའི་ཕྲུ་གུ་ཚོར་ཤེས་ཡོན་གང་ལེགས་སྤྲོད་ཐུབ་པ་དགོས་པའི་སྐུལ་མ་གནང་བའི་གསུང་བཤད་གནང།
    མཇུག་ཏུ་དཔེ་སྟོན་སློབ་གྲྭའི་སློབ་མའི་བཀའ་ཤག་གི་ཤེས་རིག་བཀའ་བློན་བསྟན་འཛིན་སྣང་སྐྱིད་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ་བ་བཅས།།

སྔོན་མ།
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ་མཇུག་བསྒྲིལ་བ།
ཕྱི་མ།
གཏན་སློབ་ཁག་བཞིའི་བར་བོད་ཡིག་གི་དག་ཆ་འགྲན་སྡུར།