༄༅། །ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡༦ རེས་གཟའ་ཕུར་བུའི་ཉིན་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་རྣམ་གཉིས་ཀྱིས་ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་བརྒྱུད་འདི་ལོའི་བོད་པའི་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན། ཁ་སང་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་སྐོར་གཏམ་བཟང་ཞུས་པ་ལྟར། དེ་རིང་ཡང་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་སྐོར་གཏམ་བཟང་ཞུ་རྒྱུ་ཡིན། འདི་ལོ་འཛིན་རིམ་བཅུ་པའི་ཡིག་རྒྱུགས་བརྒྱ་ཆ་ ༩༠ ལོན་མཁན་སློབ་ཕྲུག་ ༡༩ བྱུང་འདུག ཧ་ཅང་ཡག་པོ་རེད། སྤྱིར་བཏང་རྒྱུགས་འཕྲོད་ཀྱི་བརྒྱ་ཆ་ ༢༠༡༨ ནས་ད་བར་ཡར་འཕར་འདུག འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་རྩེ་ཕུད་བཅུའི་ཁྲོད་ནས་སློབ་གྲྭ་ ༦ སཾ་བྷོ་ཊ་སློབ་གྲྭའི་ཁོངས་རེད། དེས་སློབ་གྲྭ་རྩིས་བླངས་ནས་གྲུབ་འབྲས་ཡག་པོ་སྨིན་ཡོད་པ་ཁུངས་སྐྱེལ་བྱས་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་མཆོག་གིས་དབུས་ལས་བྱེད་རྣམ་པ་དང་། ལྷག་པར་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་རྒན། ལས་བྱེད། སློབ་ཕྲུག ཕ་མ་སོགས་ནས་ཧུར་བརྩོན་གནང་བར་བརྟེན་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། ཅེས་སོགས་གསུངས་རྗེས།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་དོན། དེ་རིང་འདིར་བཅར་དགོས་དོན་ནི། ཁ་སང་ཉིན་རྒྱབ་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་གནང་ཡོད། འདི་ལོའི་ཕྱི་ཟླ་ ༣ པའི་ནང་བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ ༢༧ ནས་སློབ་ཕྲུག་གྲངས་ ༡༡༥༤ ཡིག་རྒྱུགས་ནང་འཛུལ་ཞུགས་གནང་ཡོད་ཅིང། སློབ་ཕྲུག་གྲངས་ ༡༠༨༡ དང་བརྒྱ་ཆ་ ༩༣་༦༧ གྱི་ཡིག་རྒྱུགས་འཕྲོད་འདུག
ད་ལོ་གཏན་ཉིན་སློབ་གྲྭ་ ༢༧ གྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཚང་མ་ཡིག་རྒྱུགས་འཕྲོད་ཐུབ་པ་བྱུང་འདུག འདི་ལོའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ནི་སྔ་ལོའི་གྲུབ་འབྲས་ལས་གྲངས་འབོར་དང་སྤུས་ཚད་གཉིས་ཀའི་ཐོག་ནས་ལེགས་པ་བྱུང་འདུག དེའང་ཆ་སྙོམས་བརྒྱ་ཆ་ ༡་༠༤ དང་། རྒྱུགས་འཕྲོད་བརྒྱ་ཆ་ ༡་༣༦ བཅས་ཀྱིས་འཕར་ཆ་བྱུང་ཡོད། གཏན་ཉིན་སློབ་གྲྭ་ ༢༧ གྱི་ནང་ནས་བརྒྱ་ཆ་ ༡༠༠ ཡིག་རྒྱུགས་འཕྲོད་པའི་སློབ་གྲྭའི་གྲངས་ ༡༢ དང་། རྒྱ་གར་ནང་བཙན་བྱོལ་བོད་མིའི་སློབ་སྡེ་ཁག་བཞི་ཡོད། དེའི་ནང་སྒེར་གྱི་སློབ་གྲྭ་ཞེས་ཟུར་དུ་ཡོད། དེ་དག་ནང་ཁུལ་བལྟས་ཚེ་མ་སུ་རི་བོད་ཁྱིམ་ལྟ་བུར་མཚོན་ན། སློབ་གྲྭ་གཉིས་ཀྱི་བརྒྱ་ཆ་ ༡༠༠ ཡིག་རྒྱུགས་འཕྲོད་ཐུབ་ཡོད་པ་དང་། སྒེར་གྱི་སློབ་གྲྭ་དོན་གྲུབ་གླིིང་དུ་ཡོད་པའི་ནེ་རུ་དྲན་རྟེན་སློབ་གྲྭའང་བརྒྱ་ཆ་ ༡༠༠ ། སམ་བྷོ་ཊ་བོད་སློབ་ཚོགས་པའི་སྟངས་འཛིན་འོག་འཛིན་རིམ་བཅུ་པ་ཡོད་མཁན་སློབ་གྲྭ་གྲངས་བཅུ་ཡོད། སློབ་གྲྭ་བཅུ་དེ་དག་གི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༧་༢༩ ཡིན།
བོད་ཁྱིམ་སློབ་གྲྭ་ལ་ཆ་བཞག་ན། འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭ་ ༨ བརྒྱ་ཆ་ ༩༢་༡༥ ལོན་འདུག དབུས་བོད་སློབ་འཛིན་ཚོགས་ཁོངས་སུ་ཡོད་པའི་སློབ་གྲྭ་གྲངས་ ༦ ནས་བརྒྱ་ཆ་ ༩༢་༠༩ ལོན་འདུག འདི་ལོར་སློབ་ཕྲུག་བརྒྱ་ཆ་༩༠ ཡན་ལོན་པའི་སློབ་ཕྲུག་ ༡༩ བྱུང་འདུག གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་པ་ལྟར། ལོ་མང་རིང་ང་ཚོའི་སྐུ་ལས་བསྐྱོན་པར་བརྟེན་དབུས་བོད་སློབ་འཛིན་ཚོགས་ཀྱི་འོག་བོད་པའི་སློབ་གྲྭ་མང་དག་ཅིག་ཚུར་སཾ་བྷོ་ཊར་རྩིས་ལེན་ཐུབ་པ་བྱུང་ཡོད་པ་མ་ཟད། བོད་དགེ་མང་པོ་ཞིག་ལེན་ཐུབ་པ་དང་དགེ་རྒན་ཆེད་ལས་ཡར་རྒྱས་ལ་སོགས་ཀྱི་མཐུན་རྐྱེན་བཟང་པོ་སྦྱར་ཐུབ་པ་བྱུང་ཡོད། གོ་སྐབས་འདི་བརྒྱུད་སློབ་གྲྭ་ཁག་གི་ལས་ཀྱི་སྣེ་མོ་བས་གཙོས་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་དང་། སློབ་གྲྭ་ཁག་གི་དགེ་ལས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདི་ལོར་མ་སུ་རི་བོད་ཁྱིམ་ནས་གྲུབ་འབྲས་ཧ་ལས་པ་ལོན་ཐུབ་པ་བྱུང་འདུག མ་སུ་རི་བོད་ཁྱིམ་གྱི་འགོ་ལས་ཡོངས་ལ་འཚམས་འདྲི་གྲངས་མེད་ཞུ་རྒྱུ་ཡིན། ཞེས་གསུངས། །