༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མ་ཧཱ་ཏ་བ་ (Mahattattva) ཞེས་པའི་ཚོགས་པ་ཟུང་སྦྲེལ་གྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༥ ནས་ ༠༨ བར་ཨཇ་མེར་ནང་རྟེན་གཞི་བྱས་པའི་མ་ཡོ་མཐོ་སློབ་ཏུ་བོད་སློབ་ཁག་བཅུ་གཅིག་གི་སློབ་སྤྱི་རྣམས་ལ་ཤེས་ཡོན་བརྗེ་ལེན་གཟིགས་སྐོར་ཞིག་གོ་སྒྲིག་ཞུས་ཡོད་པ་རེད།
དེ་ཡང་ཤེས་ཡོན་གཟིགས་སྐོར་གྱི་ཐོག་མར་མ་ཡོ་མཐོ་སློབ་ཀྱི་ལོ་རྒྱུས་སྡེ་ཚན་གྱི་འགན་འཛིན་མ་ཋུར་ (MM Mathur) ལགས་ཀྱི་ངོ་སྤྲོད་གསུང་བཤད་གནང་སྟེ་གཟིགས་སྐོར་དངོས་སུ་དབུ་འཛུགས་གནང་ཡོད་ཅིང་། སྐབས་དེར་སློབ་སྤྱི་རྣམ་པས་མཐོ་སློབ་ཏུ་བསླབ་གཞི་རྩ་འཛིན་མི་འདྲ་བ་ལག་བསྟར་བྱེད་བཞིན་པར་དོ་སྣང་བྱུང་བ་མ་ཟད། སྐུ་ཞབས་ར་ཐོར་ (R.S. Rathore) ལགས་དང་ལྷན་དུ་ཤེས་ཡོན་གྱི་ལྟ་གྲུབ་དང་། སློབ་མའི་མ་འོངས་རེ་མདུན་སོགས་ཀྱི་སྐོར་གྲོས་བསྡུར་ལྷུག་པོ་བྱུང་ཡོད།
ཕྱི་ཚེས་ ༠༦ ཉིན་ཁོང་རྣམས་མཐོ་སློབ་ཀྱི་ཞོགས་ཚོགས་ལ་བཅར་ཡོད་པ་དང་། མཐོ་སློབ་ཀྱི་ངེས་སྟོན་པ་སུ་རེནྡ་ཀུལ་ཀར་ནི་ (Surendra Kulkarni) ལགས་ཀྱིས་སློབ་སྤྱི་རྣམས་ལ་ཕེབས་བསུ་ངོ་སྤྲོད་གནང་ཞིང་། དེ་རྗེས་མཐོ་སློབ་ཀྱི་སྡེ་ཁག་སོ་སོར་གཟིགས་སྐོར་དང་ལས་བྱེད་ལྷན་གྲོས་བསྡུར་ལྷུག་པོ་གནང་ཡོད། སྐབས་དེར་མཐོ་སློབ་ཀྱི་དབུ་འཛིན་རྒན་པ་ན་བིན་ཀུ་མཱར་ (Navin Kumar Dixit) ལགས་ཀྱིས་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་ ༢༠༢༠ ངོ་སྤྲོད་དང་། དེ་རྗེས་མཐོ་སློབ་ཀྱི་ངེས་སྟོན་པས་སློབ་གྲྭའི་འགན་ཁུར་སོགས་ཀྱི་ཐད་གསུང་བཤད་གནང་།
ཕྱི་ཚེས་ ༠༨ ཉིན་སློབ་སྤྱི་རྣམས་འཛིན་གྲྭ་གཞོན་པའི་སྡེ་ཚན་དུ་གཟིགས་སྐོར་དུ་ཕེབས་རྒྱུ་དང་། དེ་དང་ཆབས་ཅིག་སམ་བྷོ་ཊ་ཌོ་ལན་ཇི་སློབ་གྲྭའི་སློབ་སྤྱི་རྣམ་རྒྱལ་ཡར་འཕེལ་ལགས་ཀྱིས་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་སྐོར་མཐོ་སློབ་ཀྱི་དགེ་རྒན་རྣམས་ལ་ངོ་སྤྲོད་གནང་རྒྱུ་ཡིན་པ་རེད།
བོད་སློབ་ཁག་གི་སློབ་སྤྱི་རྣམ་པ་མ་ཡོ་མཐོ་སློབ་ཏུ་ཤེས་ཡོན་བརྗེ་ལེན་གཟིགས་སྐོར་དུ་ཕེབས་རྒྱུའི་ལས་གཞི་དེ་བཞིན་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་གྲྭའི་དབུ་འཛིན་གྱི་ནུས་པ་གོང་སྤེལ་གཏང་རྒྱུའི་ལས་གཞིའི་ཆ་ཤས་ཤིག་ཡིན་ཞིང་། ལས་གཞི་དེར་ཁེ་ན་ཊའི་ (Global Affairs Canada) རོགས་ཚོགས་ཀྱིས་མཐུན་འགྱུར་སྦྱར་ཡོད་པ་བཅས།།