ཟླ་རེའི་གསར་འགྱུར།

མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམས་ལ་སློབ་གྲྭའི་འགོ་ཁྲིད་ཀྱི་ཟབ་སྦྱོང་།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཟུང་སྦྲེལ་གྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༨ ནས་ ༢༠ བར་ཉིན་གྲངས་གསུམ་རིང་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམས་ལ་སློབ་གྲྭའི་འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་མ་སུ་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་དང་། ཤེས་རིག་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་མིག་དམར་ཚེ་རིང་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། ཟབ་སྦྱོང་གི་སློབ་སྟོན་པ་སྐུ་ཞབས་མོ་ཧཊ་ཨམ་ཛཊ་ (Mohd Amzad) ལགས་དང་ལྕམ་ཤྲེར་ཡ་ཋ་ཀུར་ (Shreya Thakkar) ལགས། དེ་བཞིན་མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་རྒན་གྲངས་ ༡༣ མཉམ་ཞུགས་ཀྱིས་ཐོག་མར་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་ནས་ཟབ་སྦྱོང་ནང་མཉམ་ཞུགས་གནང་དགོས་པའི་གལ་གནད་སྤྱི་དང་། ལྷག་པར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ལྷན་དུ་རྒྱུན་རིང་གྲོས་བསྡུར་གནང་བའི་འབྲས་བུ་ལ་བརྟེན་ནས་ཟབ་སྦྱོང་གོ་སྒྲིག་གནང་ཐུབ་ཚུལ་ངོ་སྤྲོད་གནང་ཡོད།

དེ་ནས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ངོས་ནས་འདས་པའི་ལོ་ངོ་ལྔ་ནས་སློབ་གྲྭའི་འགན་འཛིན་རྣམ་པའི་འགོ་ཁྲིད་ནུས་རྩལ་གོང་མཐོར་གཏང་རྒྱུར་ཐུགས་སྣང་གིས་སློབ་གྲྭའི་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམས་ལ་འགོ་ཁྲིད་སྦྱོང་བརྡར་ཕུལ་འགོ་བཙུགས་ཡོད་པ་སོགས་ཟབ་སྦྱོང་གི་དམིགས་ཡུལ་དང་། བསླབ་གཞི་ཁག་ངོ་སྤྲོད་གནང་ཡོད་པ་རེད།

ཟབ་སྦྱོང་དངོས་གཞི་སྐབས་སློབ་སྟོན་པ་རྣམས་ནས་སློབ་གྲྭ་སྟངས་འཛིན་དང་། མི་དང་མིའི་འབྲེལ་ལམ། ཐབས་བྱུས་སྒྲིག་སྟངས་དང་། དེ་བཞིན་བསླབ་གཞི་དང་འབྲེལ་བའི་བྱེད་སྒོ་རྣམ་གཞག་སྣ་མང་བརྒྱུད་སློབ་ཁྲིད་གནང་ཡོད།

ཕྱི་ཚེས་ ༢༠ ཉིན་ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོའི་ཐོག་ཟབ་སྦྱོང་བ་དགེ་རྒན་གཉིས་ནས་ཟབ་སྦྱོང་གི་མྱོང་ཚོར་དང་། ཟབ་ཁྲིད་པ་རྣམས་ནས་སྦྱོང་བརྡར་དེའི་ཕན་ནུས་སྐོར་གསུངས་རྗེས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་དྲུང་ཆེ་བསྟན་འཛིན་ཕྱོགས་གླང་ལགས་ནས་ཟབ་སྦྱོང་བ་རྣམས་ལ་ཕྱག་འཁྱེར་དང་ཟབ་ཁྲིད་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་ཕྱག་རྟགས་ཕུལ་ཡོད། དེ་དང་བསྟུན་ནས་སྤྱི་ཁྱབ་དྲུང་ཆེ་ནས་ཤེས་རིག་ལས་ཁུངས་དང་ཟབ་ཁྲིད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཟབ་སྦྱོང་ལ་མཉམ་ཞུགས་གནང་མཁན་སློབ་སྤྱི་དང་། དགེ་ཆེ། དགེ་རྒན་རྣམས་ནས་ཟབ་སྦྱོང་སྐབས་སུ་སློབ་སྟོན་ཞུས་པ་ཁག་སློབ་གྲྭའི་ནང་ལག་བསྟར་གནང་དགོས་པའི་འབོད་སྐུལ་ཞུས་གྲུབ་མཚམས་སྤྱི་ཁྱབ་དྲུང་ཆེ་གཞོན་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཁེ་ན་ཊའི་རོགས་ཚོགས་ (Global Affairs Canada) ཀྱི་མཐུན་འགྱུར་འོག་ཤེས་རིག་ཤེས་ཡོན་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་། མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས་གཉིས་ནས་འབྲེལ་མཐུད་ཞུས་ཐོག་གོ་སྒྲིག་གནང་ཡོད་པ་བཅས།།


སྔོན་མ།
དུས་འགྱངས་གསལ་བསྒྲགས།
ཕྱི་མ།
གཞི་རིམ་གོང་མའི་འཛིན་རིམ་དགུ་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་གཏན་འབེབས་ཚོགས་འདུ།