ཟླ་རེའི་གསར་འགྱུར།

གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་གསུམ་པ།

འུག་པའི་བློན་པོ་གསེར་མིག་ཅན།

རྒྱུན་དུ་འགྲོགས་པའི་གྲོགས་སྤང་ནས། །གསར་བུ་འགའ་ལ་ཡིད་མི་བརྟན། །
འུག་པའི་རྒྱལ་པོས་བྱ་རོག་གི །བློན་པོ་བསྟེན་པས་ཕུང་ཞེས་གྲགས། །

འུག་པའི་རྒྱལ་པོ་འདབ་བཟང་དང༌། བྱ་རོག་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་གཉིས་ཤིན་ཏུ་འགྲས་1པར་གྱུར་ཏེ། དེ་གཉིས་ཀྱི་བློན་པོ་ཆེན་པོ་གཉིས་ནི། འུག་པའི་བློན་པོ་གསེར་མིག་ཅེས་བྱ་བ་དང༌། བྱ་རོག་གི་བློན་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བའོ། །
དེ་ནས་རེ་ཞིག་བྱ་རོག་གི་བློན་པོ་དེས། རང་གི་རིགས་ཐམས་ཅད་བསྡུས་ཏེ། བདག་ཅག་གིས་དགྲ་བོ་འདི་དང་འཐབ་ཏུ་ནི་མི་ཐུབ་པར་འདུག བསྡུམ་2བྱས་ཀྱང་འགྲས་ཆེས་པས་མི་ཡོང་བར་འདུག་པས། ད་འདི་བསླུ་དགོས་པས་ཁྱེད་རྣམས་ཀྱིས། ངའི་འདབ་མ་ཐོགས། ཡན་ལག་ཆོད་ལ་ཁྱེད་རྣམས་གཞན་དུ་སོང་ཞིག་ཅེའོ། །དེ་ནས་དེ་ལྟར་བྱས་ཏེ། རང་གི་ཚང་ཤིང་ནྱ་གྲོ་དྷའི་3སྡོང་པོ་ལ་ཡོད་པའི་རྩར་བོར་ཏེ་སོང་ངོ༌། །
དེ་ནས་སང་ཉིན་ཉི་མ་ཕྱེད་དུ་སོང་སྟེ། ཉིན་མོ་ལོང་པ་ཐམས་ཅད་ཚང་ན་ཡོད་པ་ལ་རེ་རེའི་ཚང་དུ་མེ་མགལ་4རེ་རེ་བཅུག་སྟེ། འུག་པ་ཐམས་ཅད་དེ་ཉིད་དུ་བསྲེགས་སོ། །དེང་སང་ཡོད་པའི་འུག་པ་འདི་དག་ནི་བློན་པོ་གསེར་མིག་ཅན་གྱི་རྒྱུད་པ་ཡིན་ནོ། །ཞེས་གསལ་བར་ཐོས་སོ། །

མཆན་འགྲེལ།

  1. འགྲས་ནི། འཁོན་འཛིང་ཤོར་བའི་དོན།
  2. བསྡུམ་ནི། གྱོད་གཞི་འདུམ་འགྲིགས་བྱེད་པའི་དོན།
  3. ཤིང་ནྱ་གྲོ་དྷ་ནི། བོད་སྐད་དུ་རྐང་མང་ཟེར་བའི་ཤིང་རིགས་ཤིག
  4. མེ་མགལ་ནི༌། མགལ་མེ་སྟེ། ཤིང་དུམ་ཕྱེད་ཀ་འཚིགས་ཤིང༌། ཕྱེད་ཀ་མ་འཚིག་པའི་སྣེ་མོའི་མེ།

དཀར་ཆག

བློན་པོས་ཙན་དན་བཙོངས་པ།

བླུན་པོའི་གམ་1ན་མཁས་མི་མཛེས། །ཡོན་ཏན་མཐོང་བ་མེད་པས་ནོངས། །
ཙན་དན་གསེར་ལས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །

དེ་ཡང་སྔོན་མི་ཞིག་ལ་ཙན་དན་གོ་ཤིརྵ་2ཤིན་ཏུ་ལེགས་པ་ཞིག་ཡོད་པ་ཡུལ་ཕྱོགས་སུ་བཙོང་དུ་ཕྱིན་པས་འཕྲལ་དུ་ཉོ་མཁན་སུ་ཡང་མ་བྱུང༌། དེར་ཤིང་སོལ་འཚོང་མཁན་ཞིག་དང་གནས་ཁང་གཅིག་ཏུ་བསྡད་ཏེ་གཏམ་གླེང་བ། ཡུལ་ཕྱོགས་འདི་ན་འཚོང་ཟོང་ཉོ་མཁན་ཡེ་མི་འདུག་ཟེར། སང་ཉིན་སོ་སོར་ཚོང་ལ་ཕྱིན་ནས་དགོང་མོ་གནས་ཁང་དེར་འདུས་པས། ཙན་དན་ཉོ་མཁན་མ་བྱུང༌། སོལ་བ་བཙོངས་པར་མཐོང་ནས། བླུན་པོའི་བསམ་པ། ཀྭ་ཡེ་ཐབས་བཟང་པོ་ཞིག་གདའ་སྟེ། ཙན་དན་སོལ་བར་བཏང་ནས་འཚོང་དགོས་པར་འདུག་སྙམ་ནས། ཙན་དན་གོ་ཤིརྵ་མེར་བསྲེགས་ཏེ་སོལ་བར་བཏང༌། དེར་བཙོངས་པས་བླུན་པོས་ཁེ་ལོན་པར་སེམས་སོ། །

མཆན་འགྲེལ།

  1. གམ་ནི། དྲུང་དང་ཉེ་འཁོར་ལ་འཇུག
  2. གོ་ཤིརྵ་ནི། བ་ལང་མགོ་ཞེས་པ་སྟེ། བ་ལང་གི་མགོའི་དབྱིབས་ཅན་གྱི་རི་བོ་མ་ལ་ཡར་སྐྱེས་པའི་ཙན་དན་དཀར་པོའི་མིང་དུ་བཤད།

དཀར་ཆག

སློབ་དཔོན་བྱི་ལ།

རྫུན་གྱི་ཚིག་རྣམས་བརྗོད་མི་བྱ། །རྫུན་གྱི་ཚིག་རྣམས་བརྗོད་བྱས་ན། །
མྱུར་བར་གཞན་གྱིས་ཤེས་འགྱུར་ཏེ། །དཔེར་ན་བྱི་ལའི་རྫུན་ཚིག་བཞིན། །

    སྔོན་གྱི་དུས་སུ་དགེ་སློང་དངོས་པོ་དང་ལྡན་པ་ཞིག་ཡོད་པ་ལ། བྱི་ལ་གཅིག་གིས་དངོས་པོ་རྣམས་མང་དུ་བརྐུས། ལན་གཅིག་འཕྲེང་བ་ཞིག་ཡོད་བརྐུས་པས། དགེ་སློང་གིས་དེད་པ་དང༌། བྱི་ལའི་མཇུག་མ་ནས་ཟིན་ནས། གཉིས་ཀས་འཐེན་པས་མཇུག་མ་ཆད་དེ་བྱི་ལ་མ་ཟིན་པར་ཤོར་རོ། །
དེ་ནས་བྱི་ལའི་མཇུག་མ་ཆད་པ་དང༌། རྩལ་ཆུང་ངུར་སོང་བས་བཀྲེས་1ཏེ་ཉམ་ཐག་པར་གྱུར་པ་དང༌། བྱི་ལས་དགེ་སློང་གི་འཕྲེང་བ་སྐེ་ལ་གོན་ནས་བསྡད་ཡོད་པའི་ཚེ། བྱི་བ་གཅིག་སླེབས་བྱུང་བ་ལ་དེས་འདི་སྐད་ཅེས་སྨྲས་སོ། །ང་ནི་བསླབ་པའི་གཞི་བསྲུངས་པའི་དགེ་བསྙེན་བྱི་ལྷ་ཞེས་བྱ་བའི་ལྷ་ཡིན། གཞན་གྱི་སྲོག་མི་གཅོད། མ་བྱིན་པར་མི་ལེན། རྫུན་མི་སྨྲ། འདོད་ལོག་མི་སྤྱོད། ཆང་མི་འཐུང་བ་ཡིན་པས། ཁྱོད་ཀྱང་དེ་ལྟར་བྱེད་འཚལ་ཞེས་ཡང་ཡང་སྨྲས་པས། བྱི་བ་དེས་བསམ་པ་ལ་ངའི་ཞང་པོ་བྱི་ལྷ་འདི། བདག་ཅག་ཐམས་ཅད་ལ་བཟང་བར་འདུག་སྙམ་སྟེ། བྱི་བ་གཞན་རྣམས་ཀྱང་བསྡུས་ནས་སློབ་དཔོན་དེ་ལ་ཆོས་ཞུས་པས། སློབ་དཔོན་བྱི་ལས་སྲོད་ལ་ཆོས་མང་པོ་བཤད་པ་ལྟར་བྱས་པས། བྱི་བ་གཞན་མང་པོ་ཆོས་ཞུ་བར་བྱུང་ངོ༌། །
དེ་ནས་བྱི་ལ་དེ་རང་འཐག་ཅིག་གི་སྟེང་དུ་བསྡད་ནས་བྱི་བ་གཞན་རྣམས་འཁོར་གྱི་ཚུལ་དུ་བསྐོར་ཏེ། སྲོད་ལ་ཆོས་སྟོན་པ་ལྟར་བྱས་ནས། བྱི་བ་རྣམས་སྐོར་བ་བྱེད་དུ་བཅུག་ལ། ཕྱི་མ་གང་ཡིན་པ་དེ་བཟུང་ནས་ཟོས་སོ། །དེ་ལྟར་བྱས་པས་རིམ་གྱིས་བྱི་བའི་ཚོགས་ཉུང་ངུར་སོང་བ་དང༌། ཡིད་མ་ཆེས་པར་བྱི་བ་ཐམས་ཅད་འཚོགས་ནས་གྲོས་གླེང་བས། བྱི་བའི་མགོ་དཔོན་རང་འཕན་བྱ་བ་གཅིག་ཡོད་པའི་དེས་སློབ་དཔོན་གྱི་བྲུན་2ལ་བལྟས་པས། བྱི་སྤུ་དང་རུས་པ་འདུག་པ་མཐོང་བ་དང༌། སློབ་དཔོན་གྱིས་རྫུན་གཏམ་པར་རིག་ཀྱང་ཤེས་བཞིན་དུ་དྲིས་པ། སློབ་དཔོན་ཁྱེད་ཀྱིས་ཟས་སུ་ཅི་གསོལ་བ་ལགས་བྱས་པས། བདག་གིས་ལོ་རྐང་འདྲ་ཟོས་པ་ཡིན་ཟེར་རོ། །
དེ་ནས་རང་འཕན་གྱིས་བྱི་བ་རྣམས་བསྡུས་ཏེ། དོན་དེ་དག་གི་ལོ་རྒྱུས་རྣམས་སྨྲས་པས་ཐམས་ཅད་སྐྲག་ནས། ད་ནི་ཐབས་ཅི་འདྲ་ཡོད་ཟེར་བས་རང་འཕན་ན་རེ། ཐབས་ཤིག་ཡོད་ཀྱིས་ངེད་རང་རྣམས་ཀྱིས་སློབ་དཔོན་ལ་རྒྱན་ཅིག་འདོགས་དགོས་ཟེར་ནས། བྱི་ལའི་སྐེ་ལ་དྲིལ་ཆུང་གཅིག་བཏགས་ཏེ། དྲིལ་བུའི་སྒྲ་བྱུང་ཙ་ན། བྱི་བ་ཐམས་ཅད་ཀྱིས་བལྟ་ཆད་བྱས་སོ། །དེ་ནས་ལན་གཅིག་དྲིལ་བུའི་སྒྲ་དྲག་པོ་བྱུང་བས། བྱི་བ་ཐམས་ཅད་ཀྱིས་བལྟས་ཚེ། བྱི་བ་གཅིག་བཟུང་ནས་གསོད་པ་མཐོང་བ་དང༌། རང་འཕན་གྱིས་སྨྲས་པ།

སློབ་དཔོན་ཡན་ལག་རྒྱས་བྱུང་སྟེ། །བདག་ཅག་བྱི་ཚོགས་བཀུམ་3དུ་ཐལ། །
རྔ་རྡུམ་ཁྱེད་ནི་མི་བཟང་བས། །སློབ་དཔོན་མ་བཞུགས་སློབ་དཔོན་གཤེགས། །
ཟས་སུ་ལོ་རྐང་གསོལ་བ་ལ། །རིལ་མ་སྤུ་ཅན་ག་ནས་བྱུང༌། །

ཞེས་སྨྲས་པས། བྱི་ལ་ན་རེ། ང་རང་གིས་བྲུན་པ་མ་སྦས་པས་ལན་ཟེར་ནས་བྲུན་པ་ས་ལ་སྦས་སོ། །དེ་ནས་བྱི་བ་རྣམས་སྐྲག་ནས་ཆོས་དང་བསྙེན་བཀུར་ཞུ་བའི་རེ་བ་དོར་ནས། ཐམས་ཅད་འགྲོ་གང་ཐུབ་ཀྱིས་བྲོས་སོ། །

མཆན་འགྲེལ།

  1. བཀྲེས་ནི། ལྟོགས་པའི་དོན།
  2. བྲུན་ནི། མི་དང་སྲོག་ཆགས་ཀྱི་དྲི་ཆེན་སྤྱིའི་མིང་སྟེ། དཔེར་ན་མི་བྲུན་དང་ཕག་བྲུན། བྱ་བྲུན་ལྟ་བུའོ། །
  3. བཀུམ་ནི། བསད་པའི་དོན།

དཀར་ཆག

ལོ་ངམ་རྟ་རྫིས་རྒྱལ་པོ་བཀྲོངས་པ།

བླུན་པོས་དང་པོ་འཐབ་རྩོད་སློང༌། །འཐབ་ནས་རྒྱལ་ཁ་དགྲ་ལ་གཏོང༌། །
རྒྱལ་པོ་མེ་ལོང་འཛིན་པ་1ཡིས། །རྒྱལ་ཁ་བློན་པོར་ཤོར་ཞེས་གྲགས། །

དེ་ཡང་བོད་ཀྱི་རྒྱལ་པོ་གནམ་གྱི་ཁྲི་བདུན་2གྱི་ཐ་མ་སྲིབ་ཁྲི་བཙན་པོའི་སྲས། རྒྱལ་པོ་གྲི་གུམ་བཙན་པོའི་3ཐུགས་གདོན་གྱིས་བསླུས་ཏེ། བློན་པོ་ལོ་ངམ་བྱ་བ་ལ། ཁྱེད་ཀྱིས་ངའི་འཐབ་ཡ་བྱེད་དགོས་ཟེར། ལོ་ངམ་4ན་རེ། ང་འབངས་ཤིག་གིས་རྗེའི་འཐབ་ཡ་ཡོང་ངམ། དེ་འདྲ་ཅི་ཡིན་ཞུས་ཀྱང༌། དབང་མེད་དུ་བཅོལ་ནས་རྒྱལ་བློན་གཉིས་འཐབ་པར་ཁ་ཆད་བྱས་སོ། །
དེར་རྒྱལ་པོས། སྤྲུལ་བའི་ཁྱི་མོ་ཞིག་ཡོད་པ་ལོ་ངམ་གྱི་རྩར་ཉན་དུ་བཏང་བས། ལོ་ངམ་གྱིས་ཤེས་ནས་སྨྲས་པ། སང་ཉིན་རྒྱལ་པོས་ང་གསོད་དུ་འོང་སྟེ། དེ་ལྟར་ན་དམག་གི་འཁོར་མ་ཁྲིད་པར། རྒྱལ་པོའི་དབུ་ལ་དར་ནག་གི་ལ་ཐོད་བཅིངས། དཔྲལ་བ་ལ་མེ་ལོང་བཏགས། ཕྲག་པ་གཡས་པ་ལ་ཝ་རོ་དང༌། གཡོན་པ་ལ་བྱི་བའི་རོ་བཀལ། རལ་གྲི་ཀླད་ལ་བསྐོར། གླང་དམར་ལ་ཐལ་སྒྲོ་བཀལ་ནས་བྱུང་ན། ངེད་ཀྱིས་མི་ཐུབ་པར་གདའ་ཟེར་བས། ཁྱི་མོ་དེ་ཐོས་ནས་རྒྱལ་པོའི་དྲུང་དུ་འོངས་ནས་བཤད་དོ། །
སང་ཉིན་རྒྱལ་པོས་དེ་ལྟར་བྱས་ཏེ། ལོ་ངམ་གསོད་དུ་སོང་བ་ན། སོ་སྒྲ་བཏབ་པས། གླང་དམར་འདྲོགས་ཏེ་ཐལ་སྒྲོ་རལ་བ་དང༌། ཐལ་འཚུབ་ཀྱིས་རྒྱལ་པོའི་མིག་ཁེངས། ཝ་རོས་དགྲ་ལྷ་དང༌། བྱི་རོས་ཕོ་ལྷ་ཡལ། རལ་གྲི་ཀླད་ལ་བསྐོར་བས་རྨུ་ཐག་ཆད་དོ། །དེར་བློན་པོ་ལོ་ངམ་གྱིས་དཔྲལ་བའི་མེ་ལོང་ལ་གཏད་དེ། མདའ་བརྒྱབ་པས་རྒྱལ་པོ་བཀྲོངས། དེ་ནས་རྒྱལ་པོའི་སྲས་གསུམ་ཡོད་པ་ཀོང་པོའི་ཕྱོུགས་སུ་བྲོས་ཤིང་ལོ་ངམ་གྱིས་རེ་ཞིག་རྒྱལ་སྲིད་བཟུང་ངོ༌། །

མཆན་འགྲེལ།

  1. རྒྱལ་པོ་མེ་ལོང་འཛིན་པ་ནི། རྒྱལ་པོ་གྲི་གུམ་བཙན་པོ་ཡིན།
  2. གནམ་གྱི་ཁྲི་བདུན་ནི། གནའ་རབས་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ་མུ་ཁྲི་དང༌། དིང་ཁྲི། སོ་ཁྲི། མེར་ཁྲི། གདགས་ཁྲི། སྲིབ་ཁྲི་བཅས་རྒྱལ་རབས་བདུན་པོ་ལ་ཟེར།
  3. གྲི་གུམ་བཙན་པོ་ནི། བོད་རྒྱལ་བརྒྱད་པ་སྟེ་སྟོད་ཀྱི་སྟེང་གཉིས་ཀྱི་ཡ་གྱལ་ཞིག་གོ།
  4. ལོ་ངམ་ནི། ལོ་ངམ་རྟ་རྫི་སྟེ་གྲི་གུམ་བཙན་པོ་བློན་པོ་ཞིག་གོ།

དཀར་ཆག

ང་རྒྱལ་ཆེ་བའི་མཁའ་ལྡིང༌།

མཁས་པ་ཐབས་ལ་མཁས་པའི་མཐུས། །ཆེན་པོ་རྣམས་ཀྱང་བྲན་དུ་བཀོལ། །
མཁའ་ལྡིང་1མཐུ་རྩལ་ཆེ་ན་ཡང༌། །གོས་སེར་ཅན་2གྱིས་བཞོན་ལ་ལྟོས། །

སྔོན་མཁའ་ལྡིང་དང་ཁྱབ་འཇུག་3གཉིས་མ་མཐུན་ཏེ། ཕན་ཚུན་འཐབ་པར་བྱེད་པ་ན། ཁྱབ་འཇུག་གིས་དེའི་མཐུ་རྩལ་བཟློག་མ་ནུས་ཏེ། འདི་ཐབས་ཀྱིས་བསྡུམས་པར་བྱས་ནས། བསླུ་བར་བྱའོ་སྙམ་ནས་མི་འཐབ་པར། རང་བཞིན་ཞི་དུལ་ལྟར་གནས་ཏེ། ཁྱབ་འཇུག་ན་རེ། ཀྭ་ཡེ་ཁྱོད་ཀྱིས་ཕ་རོལ་གནོན་པ་འདི་ལ་ཁོ་བོ་མགུ་ཡི། ད་ཁྱོད་ང་ལ་མཆོག་སློངས་ཤིག་དང་སྦྱིན་ནོ་བྱས་པས། ནམ་མཁའ་ལྡིང་ང་རྒྱལ་ཏེ། ཀྭ་ཡེ་ཆེ་བས་ཆུང་བ་ལ་སློང་བ་ག་ལ་སྲིད། ཁྱོད་ཀྱིས་ང་ལ་མཆོག་སློངས་ཤིག་སྦྱིན་ནོ་ཟེར། ཁྱབ་འཇུག་གིས་བསྐྱར་བས་ཀྱང་དེ་སྐད་སྨྲས་སོ། །ལན་གསུམ་པ་ལ་ཁྱབ་འཇུག་ན་རེ། དེ་ལྟར་ན་ཁྱོད་ཤིན་ཏུ་མགྱོགས་ཤིང་མཐུ་རྩལ་ཆེ་བར་འདུག་པས། ཁོ་བོའི་བཞོན་པར་གྱུར་ཅིག དེ་ལྟར་བྱས་ན་ཁྱོད་ཀྱིས་ཕ་རོལ་གནོན་པའི་མཆོག་ཏུ་འགྱུར་རོ། །ཞེས་ཁྱབ་འཇུག་གིས་སྒྱུ་ཐབས་ཀྱིས་བསླུས་ན། མཁའ་ལྡིང་ང་རྒྱལ་གྱིས་མགོ་འཁོར་ཏེ། ཁྱབ་འཇུག་ཁུར་བས་དེང་སང་གི་བར་དུ་བྱ་ཁྱུང་ཁྱབ་འཇུག་གི་ཞོན་རྟ་བྱེད་པར་གྲགས་སོ།

མཆན་འགྲེལ།

  1. མཁའ་ལྡིང་ནི། འདབ་ཆགས་ཀྱི་གཙོ་བོ་བྱ་ཁྱུང་གི་མིང༌།
  2. གོས་སེར་ཅན་ནི། ཁྱབ་འཇུག་གི་མིང་གི་རྣམ་གྲངས་ཡིན།
  3. ཁྱབ་འཇུག་ནི། འཇིག་རྟེན་ལྷ་ཆེན་ཉེ་དབང་གི་མིང༌།

དཀར་ཆག

སྔོན་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་གཉིས་པ།
ཕྱི་མ།
གཏམ་རྒྱུད་གཅེས་བསྡུས། སྡེ་ཚན་བཞི་པ།