(ཕྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༢༧ ཉིན།)
ང་ཚོ་བོད་པར་རྒྱ་ཡིག་དང་ཧིན་དི་གང་ལ་བསྟུན་མ་དགོས་པར་སོ་སོ་རང་ལ་ཡི་གེ་གཅིག་ཡོད་བསམ་པའི་སེམས་ནང་སྤོབས་པ་ཞིག་སླེབས་ཀྱི་འདུག
དེ་རིང་འདིར་ཤེས་རིག་གི་ཚོགས་ཆེན་ཐེངས་ལྔ་པར་མི་མང་པོ་ཞིག་འཛོམས་ཡོད་པ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ལྔ་བཅུ་བརྒལ་འགྲོ་གི་ཡོད། ང་ཚོས་དེའི་རིང་ལ་དངོས་གནས་སྤོབས་པ་བྱེད་ཆོག་པ་གཅིག་ལ་ཤེས་ཡོན་ཐོག་གྲུབ་འབྲས་ཡག་པོ་ཞིག་ཐོབ་ཡོད་ཀྱང་སྤྱིའི་ཆ་ནས་སྐྱོན་ཆ་མང་པོ་ཞིག་ཡོད། འོན་ཀྱང་ཁྱོན་ཡོངས་ནས་བརྗོད་ན་ཕལ་ཆེར་ང་ཚོ་གྲུབ་འབྲས་ཡག་ཤོས་ཤིག་ལ་སླེབས་ཡོད།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདེན་བཞི་གསུང་སྐབས་དང་པོ་དེར་སྡུག་བསྔལ་ཤེས་པར་བྱ་ཞེས་གསུངས་འདུག གང་ལྟར་སྐྱོན་ཆ་ང་ཚོས་མཐོང་བ་ཡིན་ན། སྐྱོན་ཆ་དེ་གང་འདྲ་བྱས་ལྷག་འདུག དེ་སེལ་ཐབས་ཡོད་པ་ཞིག་རེད་འདུག་གམ་མེད་པ་རེད་འདུག སེལ་ཐབས་ཡོད་པ་ཞིག་ཡིན་ན་བསལ་རྒྱུའི་ཐབས་ལམ་གང་འདྲ་ཞིག་དགོས་ཀྱི་འདུག་བསམ་བློ་གཏོང་དགོས་པ་ནི་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་གོ་རིམ་གསུངས་ཡོད་པ་དེའི་གསལ་པོ་རེད། དེ་འདྲ་ཡིན་སྟབས་ང་རང་ཚོས་ཀྱང་སྔོན་ལ་སྐྱོན་ཆ་ག་རེ་ལྷག་འདུག་གམ། དེ་དག་ལ་འཛེམས་ཟོན་དང། སྤམ་ཤོར་དགོས་པ་གང་ཡང་མེད། གོ་བསྡུར་ཞིབ་ཕྲ་ཞིག་བྱས་ཏེ་སྐྱོན་ཆ་དེ་བསལ་རྒྱུར་ང་ཚོའི་རིག་པས་སྡུམ་རྒྱུ་མེད་པ་ཡིན་ན། གནས་ཚུལ་ཁག་ཁག་རེད། ཡིད་ཁོང་དུ་ཆུད་ནས་སྡོད་རྒྱུ་རེད་མ་གཏོགས་བྱ་རྒྱུ་གང་ཡང་མེད། སེལ་ཐུབ་ཐབས་ཡོད་པ་ཞིག་ཡིན་ན། རིག་པ་བསྒྲིམས་ནས་གང་འདྲ་ཞིག་བྱེད་དགོས་ཀྱི་འདུག དེ་དག་ལ་གོ་བསྡུར་བྱས་ཏེ་དེ་རིང་ཁྱེད་རང་ཚོས་མཛད་རིམ་བཟོས་པ་འདི་དག་ཡག་པོ་ཞེ་དྲག་འདུག ལྷོད་ལྷོད་བྱས་ནས་གོ་བསྡུར་བྱ་རྒྱུ་ཡིན་པ་རེད།
གཉིས་ནས་ང་ཚོའི་ཤེས་ཡོན་གྱི་ལས་དོན་ཐོག་ལ་འབྲེལ་བ་ཡོད་པའི་མི་སྣ་མང་པོ་ཞིག་སླེབས་ཡོད་པ་རེད། ཁྱེད་རང་ཚོ་ཚང་མ་ས་གནས་ས་ཐོག་ཏུ་དངོས་སུ་ཤེས་ཡོན་སྐོར་ལག་ལེན་བསྟར་ཏེ་ཉམས་མྱོང་ཡོད་པའི་མི་ཆགས་ཡོད། དེ་འདྲ་ཡིན་སྟབས་འདི་ག་བཀའ་ཤག་དང་ཤེས་རིག་ལས་ཁུངས་ནས་འགོ་ཁྲིད་དེ་ཁྱེད་རང་ཚོ་གོ་བསྡུར་ཞིབ་ཕྲ་དང་སྤུས་དག་པོ་ཞིག་ཏན་ཏན་ཡོང་ཐུབ་ཀྱི་རེད། ང་ཚོའི་འདས་པའི་ལོ་ལྔ་བཅུའི་རིང་གི་གྲུབ་འབྲས་དེ་དག་གཞི་ལ་བཞག་པའི་ཐོག་ད་དུང་ཡར་རྒྱས་གང་འདྲ་གཏོང་ཐུབ་པ་འདུག་དེ་དག་ལ་གོ་བསྡུར་གནད་སྨིན་དང་ཞིབ་ཚགས་པོ་ཞིག་ཡོང་གི་རེད་ལ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞིབ་ཚགས་ཐོག་ལ་ངོས་ཀྱིས་ཤེས་ཀྱི་མེད་ལ་ཞུ་རྒྱུ་གང་ཡང་མི་འདུག ཕྱོགས་ཡོངས་ནས་བསམ་བློ་ཞིག་བཏང་བ་ཡིན་ན། ང་ཚོ་བོད་གངས་ཅན་པ་ཞེས་པ་འདི་ལོ་སྟོང་ཕྲག་སྔོན་ནས་གང་ལྟར་ཡི་གེ་ཡོད་པ་ཆགས་ཡོད།
ངོས་རང་འཛམ་བུ་གླིང་གི་ས་ཆ་འདྲ་མིན་གང་འཚམ་ལ་སླེབས་ཀྱི་ཡོད། ས་གནས་ཡུལ་པའི་མི་ཚོས་དགའ་པོ་བྱས་ཏེ་ཁོང་རང་ཚོས་སོ་སོའི་རིག་གཞུང་དང་གོམས་གཤིས་དེ་དག་རྒྱུན་འཛིན་ཐུབ་པར་སེམས་ཁུར་བྱས་ནས་ང་ཚོ་ཐུག་སྟེ་སྐད་ཆ་ཡོང་གི་འདུག ངོས་ཀྱིས་རྟག་པར་འདི་ཤོད་ཀྱི་ཡོད། ཁྱེད་རང་ཚོར་ཡི་གེ་ཡོད་དམ་མེད་ཅེས་འདྲི་སྐབས་མང་ཆེ་བར་ཡི་གེ་མི་འདུག ཡི་གེ་དགོས་ཀྱི་རེད་ཅེས་ཤོད་ཀྱི་ཡོད། དེར་བརྟེན། མི་ལ་དེ་འདྲ་བརྗོད་སྐབས་སོ་སོར་སྤོབས་པ་ག་རེ་རྙེད་ཀྱི་འདུག་ཅེ་ན། ང་ཚོ་བོད་པ་ལ་སོ་སོའི་ཡི་གེ་ཡོད་པས་རྒྱ་ཡིག་ལ་བསྟུན་དགོས་ཀྱི་མེད། རྒྱ་གར་གྱི་ཡི་གེ་ལའང་བསྟུན་དགོས་ཀྱི་མེད། སོ་སོ་རང་ལ་ཡི་གེ་གཅིག་ཡོད་བསམ་པའི་སེམས་ནང་སྤོབས་པ་ཞིག་སླེབས་ཀྱི་འདུག
ཡི་གེ་དེ་ཡང་ཟ་སྐད་འཐུང་སྐད་ཙམ་གྱི་ཡི་གེ་གཅིག་རེད་མི་འདུག སྤྱིར་འཛམ་གླིང་འདིའི་སྟེང་ད་ལྟ་གསལ་པོ་ཡོད་པ་སྟེ། ཆོས་ལུགས་ཤིག་གི་ནང་ནས་སངས་རྒྱས་པའི་ཆོས་ལུགས་དེ་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་རེད། ངོས་ཀྱིས་འཛམ་བུ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མའི་ནང་ནས་ནང་པའི་ཆོས་ལུགས་དེ་ཡག་ཤོས་རེད་ཟེར་གྱི་མེད། ཡག་ཉེས་ཞེས་པ་དེ་འཕྲོད་མ་འཕྲོད་ཀྱི་སྐད་ཆ་རེད། གང་ཟག་བྱེ་བྲག་པ་སོ་སོ་ལ་ལྟོས་ནས་གང་རན་པ་དང་གང་འཐད་པ་དེ་གང་ཟག་རང་ཉིད་ལ་ལྟོས་ནས་ཡག་ཤོས་ཆགས་ཀྱི་ཡོད་པ་ཤོད་རྒྱུ་རེད་མ་གཏོགས། སྤྱིར་བཏང་སྨན་ཞེས་བརྗོད་སྐབས་སྨན་སྤྱི་ཡོངས་ཐོག་ནས་ཡག་ཤོས་འདི་རེད་ཅེས་བརྗོད་མི་ཐུབ། ནད་པ་སོ་སོའི་ནད་ཀྱི་ཁམས་དང་ཕུང་པོའི་གནས་སྟངས་དེ་དག་ལ་གཞིགས་པའི་ཐོག་ནས་ནད་པ་འདི་ལ་སྨན་འདི་ཟབ་ཤོས་དང་འཕྲོད་ཤོས། ཡག་ཤོས་རེད་ཅེས་བརྗོད་ཐུབ་ཀྱི་རེད་མ་གཏོགས་སྤྱི་ཡོངས་ཐོག་ནས་བཤད་ཐུབ་ཀྱི་མེད། དཔེ་དེ་བཞིན་ཁམས་དང་མོས་པ་སྣ་ཚོགས་ཡོད་པའི་མི་ལ་ཆོས་ལུགས་གཅིག་ཡག་ཤོས་རེད་ཅེས་བཤད་མི་ཐུབ། བཤད་ན་དྲང་པོ་ཡང་མ་རེད། བཅོམ་ལྡན་འདས་རང་ཉིད་ལ་ཆ་བཞག་ན་གདུལ་བྱའི་ཁམས་དང་མོས་པར་འཚམས་པའི་ཐོག་ནས་ལྟ་གྲུབ་མི་འདྲ་བ་གསུངས་ཡོད། དེ་འདྲ་ཡིན་སྟབས་ངོས་ཀྱིས་ནང་པའི་ཆོས་དེ་ཡག་ཤོས་རེད་ཅེས་ཤོད་ཀྱི་མེད།
གང་ལྟར་དངོས་ཡོད་ཀྱི་གནས་ཚུལ་ལ་ལྟ་གྲུབ་སྐོར་ཤོད་སྐབས་སངས་རྒྱས་པའི་ཆོས་དེ་རྒྱ་ཆེ་ཤོས་དང་ཟབ་ཤོས་ཡིན་པ་འཛམ་བུ་གླིང་ལ་ཀུན་གསལ་རེད། དེའི་ནང་ཚན་ནས་ལེགས་སྦྱར་གྱི་ཆོས་རྒྱུད་དེ་ཟབ་ཤོས་ཆགས་ཡོད། དེ་ལྟར་འཛམ་གླིང་འདིའི་སྟེང་ལོ་ངོ་སྟོང་ཕྲག་རིང་ཟབ་ཤོས་བྱས་ཏེ་གནས་པའི་སངས་རྒྱས་པའི་ཆོས་སྤྱི་དང༌། ལྷག་པར་ལེགས་སྦྱར་གྱི་ཆོས་རྒྱུད་དེ་དག་རྒྱ་གར་ནང་ནུབ་སྟེ་རྒྱ་ནག་ལ་ཡིན་ཡང་གང་འཚམ་གྱིས་ཡར་རྒྱས་ཡོད་ཀྱང་དེ་ཙམ་གྱིས་སློབ་གཉེར་བརྒྱབ་ནས་གཏིང་ཟབ་པོ་ཞིག་མེད་པ་གསལ་པོ་ཞེ་དྲག་རེད། དེར་བརྟེན་རྒྱ་ནག་བརྒྱུད་ནས་ཕྱིན་པའི་ཡུལ་གྲུ་ཁག་དེ་དག་གི་ནང་ལ་ཆ་བཞག་ནའང༌། དེ་ཙམ་གྱི་གཏིང་ཟབ་པོ་དང་ཞིབ་ཚགས་པོ་ཆ་ཚང་བ་ཞིག་མི་འདུག དེ་དག་ལ་བསམ་བློ་གཏོང་སྐབས་ང་ཚོ་བོད་པའི་བོད་ཡིག་ནང་ཡོད་པའི་སངས་རྒྱས་པའི་ཆོས་དེ་འཛམ་གླིང་འདིའི་སྟེང་ཕལ་ཆེར་ལྟ་གྲུབ་ཀྱི་རྣམ་གཞག་སྟོན་པའི་སངས་རྒྱས་པའི་གཞུང་ཡག་ཤོས་ཤིག་ཆགས་ཡོད་སྟབས་ང་རང་ཚོའི་ཡི་གེ་དེར་སྤོབས་པ་ཞིག་སླེབས་ཡོང་གི་འདུག
ང་ཚོའི་བོད་ཡིག་དེ་རླབས་ཆེན་པོ་ཞིག་རེད་དྲན་ཡོང་གི་འདུག དེ་འདྲ་ཡིན་སྟབས་ང་རང་ཚོས་སྔར་དེའི་ཚེ་དེའི་དུས་ཀྱི་འཛམ་གླིང་འདིའི་སྟེང་གི་རིག་གཞུང་ཟབ་ཤོས་ཀྱི་གྲས་དེ་མི་ཐོག་མང་པོ་འགོར་ཡོད་ཀྱང་བོད་ཡིག་ནང་ལ་བཟོ་ཐུབ་པ་རེད། དུས་རབས་གསར་པ་འདིའི་ནང་ལ་དེང་སང་གི་སློབ་ཚན་གསར་པ་ཡར་རྒྱས་ཕྱིན་པའི་ཐོག་ནས་སློབ་ཚན་མང་པོ་ཞིག་རྙེད་ཡོད་པ་དེ་དག་ཀྱང་བོད་ཡིག་ནང་བསྒྲུབ་མ་ཐུབ་པ་གཅིག་དང་བསྒྱུར་མ་ཐུབ་པ་ཞིག་ཡོང་གི་མ་རེད་སྙམ་སྟེ་དེར་ང་ཚོ་གདེང་འཁེལ་བ་ལྟ་བུ་ཞིག་ཕལ་ཆེར་རེད། དེ་འདྲ་ཡིན་སྟབས་ང་ཚོ་བོད་མི་རིགས་ཀྱི་ཆ་ནས་བོད་ཀྱི་སངས་རྒྱས་པའི་ཆོས་ཞེས་པ་དེ་དང་བོད་ཡིག་དེ་དངོས་གནས་སྤོབས་པ་སྐྱེ་རྒྱུའི་གཞི་གཅིག་ཆགས་འདུག དེ་གཅིག་བྱས།
བོད་པའི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་དེས་འཛམ་གླིང་འདིའི་སྟེང་གང་ལ་གང་འཚམ་གྱིས་ཕན་ཐོགས་དང༌བློ་གྲོས་གསར་པ་སྦྱིན་ཐུབ།
དེ་ལྟ་བུའི་སངས་རྒྱས་པའི་ཆོས་དང་འབྲེལ་བའི་མིའི་རིག་གཞུང་ཟེར་ན་མི་འདུག མིའི་བསམ་བློའི་གཏོང་ཕྱོགས་དེ་ངོས་ཀྱིས་ནམ་རྒྱུན་ཨིན་ཇིའི་ཚིག་ནང་(Buddhist Culture)ནང་པའི་རིག་གཞུང་ཟེར་གྱི་ཡོད། (Buddhism)ནང་ཆོས་ཞེས་བཤད་སྐབས་མི་སྒེར་པ་སོ་སོས་དད་པ་བྱ་རྒྱུ་གཅིག་རེད། (Buddhist Culture)ནང་པའི་རིག་གཞུང་ནི་སྤྱི་ཚོགས་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་འདྲ་ཡིན་སྟབས་(Buddhist Culture)ནང་པའི་ཆོས་དང་འབྲེལ་བའི་རིག་གཞུང་གོམས་གཤིས་ཞེས་བརྗོད་ན།
དཔེར་ན། ངོས་ཀྱིས་ནམ་རྒྱུན་རྟག་པར་དཔེ་འདི་འཇོག་གི་ཡོད། བོད་ནང་ཁ་ཆེའི་ཆོས་བྱེད་མཁན། ཁ་ཆེའི་ཆོས་པ་གང་ལྟར་ལོ་བརྒྱ་ཕྲག་ཁ་ཤས་རིང་ལ་ཕལ་ཆེར་སྟོང་ཕྲག་ཟིན་མ་ཟིན་ཞིག་ཡོད་པ་རེད། སོ་སོའི་ཆོས་རྒྱུད་ཁ་ཆེའི་ཆོས་རྒྱུད་ཆགས་ཡོད་པ་རེད། ཨ་ལ་ལ་སྐྱབས་སུ་མཆི་ཡི་ཡོད་པ་རེད། འོན་ཀྱང་སོ་སོའི་གོམས་གཤིས་དེ་བོད་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་དེ་དག་དང་འབྲེལ་བ་ཡོང་གི་འདུག
ད་ལྟ་འདིར་ཁ་ཆེའི་ཞྭ་མོ་གྱོན་མཁན་མི་གཉིས་འདུག ཁྱེད་རང་གཉིས་ག་ནས་རེད། ཤྲི་ན་གྷར་ནས་ཡིན་པས། དེར་བརྟེན་ཤྲི་ན་གྷར་ཁྱེད་རང་ཚོ་དང༌། ལ་དྭགས་ཁ་ཆེ་ཁྱེད་རང་ཚོ་བོད་ནས་ཡོང་མཁན་གྱི་གྲས་དེ་དག་ནི་ཁྱེད་རང་ཚོའི་ཁྱིམ་ཚང་ནང་མིའི་གོམས་གཤིས་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་འབྲེལ་བ་ཞེ་དྲག་འདུག དེ་འདྲ་ཡིན་སྟབས་ནང་ཆོས་དང་འབྲེལ་བའི་རིག་གཞུང་དང་གོམས་གཤིས་བརྗོད་དུས་བོད་པ་གཅིག་པུའི་དོན་དག་རེད་མི་འདུག ཕལ་ཆེར་ཧམ་པ་ཆེ་ཙམ་བཤད་པ་ཡིན་ན། འཛམ་གླིང་འདིའི་སྟེང་མི་དུང་ཕྱུར་དྲུག་ཅུ་ལྷག་ཙམ་ཡོད་པ་དེ་ལ་བོད་ཀྱི་རིག་གཞུང་གི་ཐོག་ནས་གང་ལ་གང་འཚམ་གྱིས་ཕན་ཐོགས་བྱེད་ཐུབ་པ་ཞིག་དང༌། བློ་གྲོས་གསར་པ་སྦྱིན་ཐུབ་རྒྱུ་ཕལ་ཆེར་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག
དེར་བརྟེན་ངོས་ཀྱིས་ནམ་རྒྱུན་བོད་ཀྱི་སངས་རྒྱས་ཀྱི་ཆོས་བརྗོད་དུས་(Tibet Buddhist Culture) གང་འདྲ་ཞིག་རེད་ཅེ་ན། (Culture of peace, Culture of non-violence, Culture of compassion) དེ་འདྲ་ཤོད་ཀྱི་ཡོད། ཕལ་ཆེར་རེད། དེ་འདྲ་ཡིན་སྟབས་དེ་མི་སྤྱི་ལ་ཕན་ཐོགས་ཡོད་པ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། ང་ཚོའི་དམིགས་བསལ་ཆོས་དང་མ་འབྲེལ་བའི་(Secular Ethics)བརྗོད་དུས་(Buddhist Culture) དེ་འབྲེལ་བ་ཞེ་དྲག་ཡོད་པ་ཞིག་རེད། སྐྱེ་བ་སྔ་ཕྱི་ཤོད་དགོས་ཀྱི་མ་རེད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཤོད་དགོས་མ་རེད། གསོན་པའི་མི་ཚེ་འདིའི་རིང་ལ་སེམས་ཞི་ཞིང་དུལ་བ་ཡོང་རྒྱུར་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད།
དེར་བརྟེན་ང་ཚོའི་ལས་འགན་ཆེ་ས་ནས་བསམ་བློ་བཏང་ན་གཉིས་རེད། བོད་མི་རིགས་ཀྱི་བདེན་དོན་རྩོད་རྒྱུའི་ལས་འགན་ང་ཚོར་ཐད་ཀར་བབས་པ་འདི་གཅིག་རེད། རིམ་པ་གཅིག་དེ་ང་ཚོ་འཛམ་གླིང་འདིའི་སྟེང་གི་མི་ཞིག་ཆགས་ཡོད། བོད་ཀྱི་རིག་གཞུང་དེ་འཛམ་གླིང་གི་རིག་གཞུང་ཞིག་ཆགས་ཡོད། ང་ཚོའི་རིག་གཞུང་གིས་འཛམ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་སྟབས། ང་ཚོས་རིག་གཞུང་ཁྱབ་སྤེལ་བྱེད་དགོས་ཀྱི་མེད། ཕར་དངུལ་སྤྲད་ནས་ཐབས་ཤེས་བྱས་ཀྱིས་སྤེལ་དགོས་ཀྱི་མེད། རང་བཞིན་སོ་སོར་ཆོས་དང་རིག་གཞུང་དང་གོམས་གཤིས་ཟབ་པོ་ཞིག་ཡོད་པ་དེ་དག་རིམ་པས་འཛམ་གླིང་འདིའི་སྟེང་མངོན་ཐུབ་པ་ཡིན་ན། དཔེར་ན། དེ་རིང་ཁ་སང་ཚན་རིག་པའི་ནང་ནས་མང་པོ་ཞིག་གིས་དངོས་གནས་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་སངས་རྒྱས་པའི་ཆོས་ཀྱི་ནང་ནས་སེམས་ཀྱི་རྣམ་གཞག་དང་སེམས་ཀྱི་ཞི་བདེ་བསྐྲུན་རྒྱུའི་སྐོར་ལམ་སྟོན་དང་ཐབས་ལམ་ཡོད་པ་དེ་དག་ལ་དགའ་པོ་ཞེ་དྲག་བྱེད་ཀྱི་འདུག ང་ཚོས་ཤོག་ཅེས་བརྗོད་པ་དེ་འདྲ་མ་རེད་ཚུར་ཡོང་བ་ཞིག་ཡིན། དེ་འདྲ་ཡིན་སྟབས་རང་ལ་རིན་ཐང་ཡོད་ན། གོང་ཐང་མིས་བརྒྱབ་ཅེས་པ་དེ་ལྟར་རེད། དེར་བརྟེན་ང་ཚོར་ཏན་ཏན་འཛམ་གླིང་སྤྱི་ཡོངས་ལ་ཕན་ཐོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་ཡིན།
ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་མི་མང་དེ་དག་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཆ་ནས་ང་ཚོས་དེ་དག་ལ་ཞབས་འདེགས་བསྒྲུབ་གང་ཐུབ་བྱེད་དགོས།
བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བ་བྱ་རྒྱུ་ཞེས་པ་དེ་བོད་མི་གཅིག་པུའི་ལས་འགན་མ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ཡུལ་པ་དེ་དག་ང་ཚོའི་ཆོས་དང་རིག་གཞུང་གོམས་གཤིས་གཅིག་གྱུར་ཆགས་ཡོད། ཕྲན་བུའི་སྐད་ཀྱི་གདངས་མི་འདྲ་ཡོད་ཀྱང་རྩ་བ་གང་ལྟར་བཀའ་འགྱུར་བསྟན་འགྱུར་ཉར་སྡོད་མཁན་ཞིག་དང་བཀའ་འགྱུར་བསྟན་འགྱུར་ལ་དད་པ་བྱེད་མཁན་གཅིག་གྱུར་ཆགས་ཡོད། བཀའ་འགྱུར་བསྟན་འགྱུར་ནི་བོད་ཡིག་ནང་ཡོད་པ་དེ་རེད། མིང་བྷོ་ཊི་ཡ་དང་རྫོང་ཁ་ཞེས་གང་བཏགས་ཀྱང་འགྲིག་གི་ཡོད། གང་ལྟར་བཀའ་འགྱུར་བསྟན་འགྱུར་བོད་ཡིག་ནང་ཡོད་པ་དེ་ཆགས་ཡོད། དེ་འདྲ་ཡིན་སྟབས་ང་ཚོ་བོད་མི་སྐྱབས་བཅོལ་བ་འབུམ་གཅིག་དང་ཕྱེད་ལྷག་ཙམ་ཡོད་པ་རེད། ཧི་མ་ལ་ཡའི་རི་རྒྱུད་དེ་དག་ནང་ཕལ་ཆེར་ས་ཡ་གཅིག་ལས་མང་བ་ཡོད། ནུབ་ལ་དྭགས་ནས་ཤར་མོན། དེ་བཞིན་བལ་ཡུལ་ནང༌། དེ་རིང་ཁ་སང་ཡུལ་པ་ཚོའི་ནང་གཞི་ནས་སོ་སོའི་ཕ་མེས་ཀྱི་སངས་རྒྱས་པའི་ཆོས་བོད་ནང་ཡོད་པའི་ཆོས་དེ་ལ་དོ་སྣང་གསར་པ་ཞིག་བསླེབ་རྒྱུ་དང་ཐ་ན་རྟ་མང་ཟེར་བ་དེ་ཚོའི་ནང་ཕལ་ཆེར་བོད་པའི་ཆོས་དང་རིག་གཞུང་དང་ཁ་བྲལ་ནས་ཡུན་རིང་པོ་ཕྱིན་པ་ལྟ་བུ་ཞིག་རེད། འོན་ཀྱང་ད་ཆ་གཞི་ནས་ཁོང་རང་ཚོས་ང་ཚོ་སྐྱེས་དུས་ནས་ནང་པ་ཡིན་ཟེར་གྱི་འདུག སྐྱེས་པའི་སྐབས་ནང་པ་ཡིན་དང་མིན་ཤོད་རྒྱུ་ཡོད་མེད་མི་ཤེས་ཏེ་ཁོང་རང་ཚོའི་ཁ་ནས་དེ་འདྲ་ཤོད་ཀྱི་འདུག དེར་བརྟེན། དེ་འདྲ་ཤོད་རྒྱུ་དེ་ཕ་མེས་ནས་བོད་ཀྱི་ནང་པའི་ཆོས་ཡིན་པ་ངོས་འཛིན་གསར་པ་ལྟ་བུ་ཞིག་གཞི་ནས་དེང་སང་ཡོང་གི་ཡོད་པར་དོ་སྣང་བྱེད་ཀྱི་ཡོད་པ་དེ་རེད།
དེ་དག་ཁ་སྔོན་ངོས་རང་ལྡི་ལིར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་དྲུང་ཆེ་གསར་པ་ཨེམ་ཝི་ཝི་སྤར་ས་དྷ་རཱའོ་ཐུག་བྱུང༌། དེ་དུས་སྐད་ཆ་བྱུང༌། ས་ཁུལ་དེ་དག་བོད་ཀྱི་ཆོས་དང་རིག་གཞུང་མིང་གང་འདྲ་བཏགས་རུང་མ་བཏགས་རུང་དོན་དག་ཡང་སྙིང་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཆགས་ཡོད། ས་ཁུལ་དེ་དག་ནས་ཡུལ་པ་ཁོང་རང་ཚོར་དོ་སྣང་གསར་པ་ཞིག་སླེབས་ཏེ་བོད་སྐད་དང་བོད་ཡིག བོད་ཀྱི་ཆོས་བསླབ་རྒྱུ་དེ་འདྲ་ལ་གོ་སྐབས་སྤྲོད་རོགས། རོགས་རམ་བྱེད་རོགས་ཟེར་མཁན་མང་པོ་ཞིག་རིམ་པས་ཡོང་གི་འདུག དེ་འདྲ་ཡིན་སྟབས་ང་ཚོ་འདིར་གཙོ་བོ་རྒྱ་གར་གཞུང་གིས་འགན་འཁུར་བཞེས། ལྷག་པར་ནེ་ཧེ་རུ་བཞུགས་པའི་སྐབས་འཁུར་རླབས་ཆེན་བཞེས་ནས་སློབ་གྲྭ་ཁག་བཙུགས་ཏེ་རྒྱ་གར་གཞུང་ནས་འགྲོ་སོང་ཁྱོན་ཆེན་པོ་བཏང་ཡོད་པ་རེད། དེ་ག་ལེ་ག་ལེར་བོད་མི་རྐྱང་པའི་ངོས་ནས་བཤད་པ་ཡིན་ན། ད་ལྟ་འདིར་ལས་བསྡོམས་ནང་ཡོད་པ་ལྟར་རེད། འཛིན་གྲྭ་འོག་མ་འོག་མ་ནས་ག་ལེ་ག་ལེར་ཕྲུ་གུ་གྲངས་ཁ་མ་ལོན་བར་འགྲོ་རྒྱུ་ཆགས་ཀྱི་ཡོད་དུས། དེ་འདྲ་བཞག་པ་ཡིན་ན་འཕྲོ་བརླག་དང་ཕངས་པོ་ཡིན། ཕར་ཕྱོགས་དེར་སློབ་སྦྱོང་བྱེད་འདོད་ཡོད་མཁན་གྱི་མི་གཅིག་ཡོང་གི་ཡོད་པ་རེད། ཚུར་ཕྱོགས་འདིར་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་སྔ་མོ་ནས་འཛུགས་སྐྲུན་བྱས་པ་ཞིག་ཡོད། དེ་སྟོང་པར་བཞག་ན་ནོར་འཁྲུལ་རེད། ཆོ་ཁྱོན་ནས་མི་འདུག་ཅེས་ཉེ་ཆར་རང་སྐད་ཆ་བྱུང༌། དེར་བརྟེན་ཉུང་ཤོས་ལ་ཕལ་ཆེར་མི་ས་ཡ་གཅིག་ཡན་མན་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་དེ་དག་ལ་ཏན་ཏན་སློབ་སྦྱོང་བྱས་ནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་ཐུབ་ན། འཛམ་གླིང་འདིའི་སྟེང་ལ་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་རྒྱུན་འཛིན་ཐུབ་རྒྱུར་ཕན་ཐོགས་ཡོང་གི་རེད། འཛམ་གླིང་སྤྱིའི་ཁེ་ཕན་ཤོད་སྐབས་བོད་མི་གཅིག་པུའི་སྐད་ཆ་མ་རེད། ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་མི་མང་དེ་དག་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པའི་ཆ་ནས་ང་ཚོས་དེ་དག་ལ་ག་ཚོད་ཐུབ་ཐུབ་ཀྱི་ཞབས་འདེགས་བསྒྲུབ་ཐུབ་པ་དེ་བསྒྲུབ་དགོས་པ་ཞིག་རེད། ངོས་ཀྱིས་བར་སྐབས་ཤོད་རྒྱུའི་གནས་ཚུལ་གཅིག་འདི་རེད།
དེའི་ཐོག་ལ་སོག་པོ་རང་བཙན་ཡིན་པ་དེ་དང༌། དེ་བཞིན་ཨུ་རུ་སུའི་ཁོངས་སུ་ཡོད་པའི་སོག་རིགས་ཡིན་ནའང་འདྲ། གང་ལྟར་ཕ་མེས་ནས་བོད་ཀྱི་ནང་ཆོས་བྱེད་མཁན་དེ་དག་གི་ནང་ལ་དོ་སྣང་གསར་པ་ཞིག་བྱེད་ཀྱི་ཡོད། ཁོང་རང་ཚོར་རང་དབང་ཐོབ་ཡོད་པ་རེད། དེ་འདྲ་ཞིག་གི་དུས་ཚོད་དེར་ང་ཚོས་ད་ལྟ་བར་དུ་འབད་བརྩོན་གང་ཡོང་བྱེད་ཀྱི་ཡོད། ད་དུང་ཡིན་ཡང་དེ་དག་ལ་འབྲེལ་བ་བྱས་ཏེ་ང་ཚོའི་ཆོས་དོན་ལས་ཁུངས་ནས་གང་ལ་གང་འཚམ་གྱིས་མཐུན་རྐྱེན་བསྒྲུབས་ནས་འབད་བརྩོན་བྱེད་ཀྱི་ཡོད་པ་རེད། དེ་དག་གནད་འགག་ཅིག་ཆགས་ཡོད།
སློབ་གྲྭ་ཁག་ལ་ནང་ཆོས་སློབ་ཟེར་དུས་ཞལ་འདོན་བསླབ་པ་མིན་པར་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་ཤེས་ཡོན་རང་གི་ཆ་ཤས་བྱས་ནས་སློབ་དགོས།
དེ་ནས་བར་སྐབས་ང་ཚོས་རིགས་ལམ་སློབ་དགོས་ཀྱི་འདུག་ཅེས་བཤད་ཀྱི་ཡོད། སྔོན་མ་འགོ་སྟོད་དྲུག་ཅུའི་ནང་དུ་སློབ་གྲྭའི་ནང་ལ་རིགས་ལམ་སློབ་ཁྲིད་བྱེད་ཀྱི་ཡོད། བར་སྐབས་ཤིག་ནས་ཉམས་པ་རེད། ཡང་བར་སྐབས་ནས་ཉམས་པ་སོར་ཆུད་བྱེད་ཀྱི་ཡོད། དེ་དག་ང་ཚོའི་འགོ་འཛུགས་ལྟ་བུ་གཅིག་རེད། དེ་ག་རེ་རེད་ཅེ་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་ཚོགས་དང་འབྲེལ་བ་ཞིག་དངོས་གནས་ཡར་རྒྱས་ཡག་པོ་ཞིག་གཏོང་དགོས་བྱུང་ན། སྤྱི་ཚོགས་ནང་ལ་སངས་རྒྱས་ཀྱི་ཆོས་ཤེས་ཚད་དེ་གོང་མཐོར་སྤེལ་དགོས་པ་ཞིག་རེད་མ་གཏོགས་སྤྱི་ཚོགས་འདི་དེ་སྔའི་བོད་ལྟར་བྱས་ནས་སྤྱི་ཚོགས་འདི་ཤེས་ཚད་སྐྱོ་ཐག་ཆོད་བྱས་ཏེ་བསྡད། སྤྱི་ཚོགས་དེའི་ནང་ནས་ཐོན་པའི་ཕྲུ་གུ། བཤད་གྲྭ་ཁག་དང་སྒྲུབ་གྲྭ་ཁག་ནང་ཡོད་པ་རེད། དེ་དག་གིས་བཤད་གྲྭའི་ནང་ལ་ཞུགས་ཏེ་སློབ་གཉེར་བརྒྱབ་སྟེ་མཁས་པ་དངོས་གནས་དྲང་གནས་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པ་ཚོ་དང་འགྲན་བཟོད་པའི་མཁས་པ་བྱུང་བ་རེ་ཟུང་རེ་ཟུང་རེད། མང་ཚོགས་ཤེས་ཡོན་སྐྱོ་པོ་བྱས་ནས་གནས་ཡོད་སྐབས་དེ་དག་གིས་ཕན་གྱི་མི་འདུག རིམ་པས་མང་ཚོགས་ཀྱི་ཆོས་ཀྱི་ཤེས་ཚད་དེ་མ་འདང་བ་བྱས། ཆོས་ཀྱི་བྲོ་བ་མ་ཁ། དེ་འདྲ་ཞིག་གི་ཐོག་ཕྱིའི་འདུ་འཛི་དང་རྣམ་གཡེང་ཁོ་ནར་མགོ་འཁོར་ཏེ་སྡོད་པའི་སྤྱི་ཚོགས་ཤིག་ཆགས་པ་ཡིན་ན། རབ་ཏུ་བྱུང་ནས་སློབ་སྦྱོང་བྱེད་མཁན་དེ་དག་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་ཆགས་རྒྱུ་རེད་མ་གཏོགས་སྡོད་ཐུབ་ཐབས་མེད།
དཔེར་ན། དེ་རིང་ཁ་སང་གདན་ས་ཁག་གི་ནང་ལ་སློབ་གཉེར་བྱེད་མཁན་གྱི་སློབ་སྦྱོང་དོན་གཉེར་བ་མང་ཆེ་བ་དེ་དག་བོད་ནས་གསར་དུ་འབྱོར་བ་དང་ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བ་དེ་དག་མ་གཏོགས་ང་ཚོ་བོད་མིའི་གཞིས་ཆགས་ཁག་ནས་ཡོང་བ་ཞེ་དྲག་ཉུང་ཉུང་རེད་འདུག དྲུག་ཅུ་དང་བདུན་ཅུའི་ནང་གཞིས་ཆགས་ཁག་ནས་དགོན་པར་འཛུལ་ཞུགས་བྱས་ཏེ་དཔེ་ཆ་ལྟ་མཁན་དེ་འདྲ་ཁ་ཤས་ཡོད་པ་རེད་མ་གཏོགས། གཞན་བར་སྐབས་གཞིས་ཆགས་ཁག་ནས་གྲྭ་རྒྱུན་གསར་པ་འཛུལ་ཞུགས་བྱེད་མཁན་ཉུང་ཉུང་རེད་འདུག གང་ལྟར་ང་ཚོའི་སྤྱི་ཚོགས་ཀྱི་ཆོས་ཀྱི་ཤེས་ཚད་ཡར་རྒྱས་གཏོང་རྒྱུ་དེ་གལ་ཆེན་པོ་རེད།
མང་ཚོགས་ལ་སངས་རྒྱས་པའི་ཆོས་ཀྱི་ཤེས་ཚད་གོང་མཐོར་སྤེལ་རྒྱུ་དེ་སློབ་གྲྭའི་ནང་ནས་གཏོང་རྒྱུ་ཞིག་རེད་མ་གཏོགས་མི་ཚང་མ་གྲྭ་པ་བྱས་ཏེ་དགོན་པའི་ནང་ཡོང་རོགས་བྱེད་ཟེར་ཐུབ་པ་མེད། དེ་ལྟར་བྱས་ན་ང་ཚོའི་མི་རྒྱུད་སྟོང་སྟེ་ཡོང་རྒྱུ་མེད་པ་རེད། ཡང་ན་ཐེ་ལན་གྱི་ལུགས་སྲོལ་ལྟར་བྱས་ཏེ་ཁྱིམ་པ་ཚོས་ཟླ་ཤས་དང་ཡང་ན་ལོ་གཅིག་གཉིས་ཤིག་དགོན་པའི་ནང་བསྡད། དེ་ནས་དགོན་པའི་ནང་ནས་ག་ལེ་ག་ལེར་དགོངས་པ་ཞུ་རྒྱུ་དེ་ཡང་ང་ཚོའི་འདུལ་བའི་ཕྱོགས་ནས་ཡིན་ནའང་རེད། མིག་ལྟོས་ཡག་པོ་མི་འདུག དེར་བརྟེན་དགོན་པ་དེ་ཚོ་སྤུས་དག་པོ་དགོས་རྒྱུ་གལ་ཆེན་པོ་རེད།
ཡིན་ཡང་སངས་རྒྱས་པའི་ཆོས་ལ་བསླབ་པ་སློབ་གཉེར་ཟེར་དུས་ལམ་སང་དགོན་པར་མིག་ལྟ་བུ་བལྟས་ནས་དགོན་པའི་ནང་ལ་ཡར་རྒྱས་གཏོང་དགོས་ཞེས་པ་དེ་གཅིག་པུ་མ་རེད། སངས་རྒྱས་པའི་ཆོས་ལ་བསླབ་པ་སློབ་གཉེར་དངོས་གནས་དྲང་གནས་ཡར་རྒྱས་གཏོང་ས་དེ་སློབ་གྲྭའི་ནང་སྐྱ་སེར་ཕོ་མོ་དབྱེ་བ་མེད་པར་སློབ་སྦྱོང་སྤྲོད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་འདུག
ང་ཚོས་སློབ་སྦྱོང་སྤྲོད་རྒྱུ་དེ་ཆོས་སློབ་ཀྱི་ཡོད་ཅེས་པའི་སྐད་ཆ་ཞིག་མ་རེད། (Academy)ཤེས་ཡོན་སློབ་ཀྱི་ཡོད་ཅེས་པའི་སྐད་ཆ་དེ་རེད་འདུག (Academy)ཤེས་ཡོན་ནང་འགྲོ་རྒྱུ་ཞིག་རེད་མ་གཏོགས་སངས་རྒྱས་པའི་ཆོས་ཞེས་བརྗོད་དུས་ལམ་སང་འདོན་པ་འདོན་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ཞིག་མ་རེད། གཙོ་བོ་གཞིའི་རྣམ་གཞག་ཤོད་ཀྱི་ཡོད། དེ་དང་འབྲེལ་བའི་ཐོག་ནས་ལྟ་གྲུབ་མང་པོ་ཞིག་ཤོད་ཀྱི་ཡོད། དེ་ཚོའི་གྲས་སྤྱིར་བཏང་གི་ཤེས་ཡོན་རང་རེད། ཡིན་གཅིག་མིན་གཅིག་ནང་པ་ཡིན་དགོས་ཀྱི་མེད། ཆོས་མེད་མཁན་གྱི་མི་གཅིག་ཡིན་ཡང་སངས་རྒྱས་པའི་ཆོས་ཀྱི་ནང་ནས་གསུངས་བཞག་པའི་གཞི་ཡི་རྣམ་གཞག དཔེར་ན། ཚན་རིག་རང་ཆགས་ཀྱི་ཡོད། གཞི་ཡི་རྣམ་གཞག་ཤོད་སྐབས་ད་ལྟ་ད་ལྟའི་མིའི་བློའི་འགྲོ་སྟངས་ག་རེ་ག་རེ་ཡིན་པ། བློ་བྱེ་བྲག་པ་ཞིག་སྐྱེ་སྟངས་གང་འདྲ་བྱས་ནས་སྐྱེ་གི་ཡོད་པ་དེ་དག་ཤོད་ཀྱི་ཡོད། སེམས་སྐྱིད་མ་སྐྱིད་བཟོ་མཁན་གྱི་བློ་དེ་དག་གི་ངོ་བོའི་ཁྱད་པར། རྒྱུ་ཡི་ཁྱད་པར། བྱེད་ལས་ཀྱི་ཁྱད་པར། དེ་ལ་གདོང་བསྟན་གཉེན་པོ་བསྟེན་སྟངས་གང་འདྲ་ཡིན་པ་ཤོད་ཀྱི་ཡོད། དེ་སྤྱིར་བཏང་གི་ཤེས་ཡོན་ཞིག་རེད་མ་གཏོགས་ཆོས་དང་འབྲེལ་བ་གང་ཡང་མེད། དེ་(Academy) ཤེས་ཡོན་རང་གི་སྟེང་འགྲོ་བ་ཞིག་ཏན་ཏན་འདུག
དེ་འདྲ་ཡིན་སྟབས་ངོས་ཀྱིས་ནམ་རྒྱུན་ཚན་རིག་པ་ཚོ་དང་མཉམ་དུ་ཐུག་སྐབས་ནང་པའི་ཆོས་དང་ཚན་རིག་གི་འབྲེལ་བ་ཞེས་བརྗོད་རྒྱུ་མི་འདུག དེ་བྱས་ནས་གོ་བ་ཏག་ཏག་ཅིག་སླེབས་ཀྱི་མི་འདུག གང་འདྲ་ལབ་དགོས་སམ་ཞེ་ན། ནང་པའི་ཚན་རིག སངས་རྒྱས་པའི་ཆོས་ཀྱི་ལྟ་གྲུབ། སངས་རྒྱས་པའི་ཆོས་ཉམས་ལེན་བྱ་རྒྱུ། དུམ་བུ་གསུམ་དུ་ཕྱེ་སྟེ། སངས་རྒྱས་པའི་ཆོས་ཉམས་ལེན་བྱ་རྒྱུ་དེ་སངས་རྒྱས་པའི་ཆོས་པ་ཞིག་གི་དོན་དག་རེད་མ་གཏོགས། སངས་རྒྱས་ཀྱི་ཆོས་པ་མིན་མཁན་ཞིག་གིས་སངས་རྒྱས་པའི་ཆོས་ཀྱི་ཉམས་ལེན་ཐོག་ལ་སློབ་དགོས་པ་མེད་ལ་ལག་ལེན་ཡང་བྱེད་དགོས་ཀྱི་མེད། སངས་རྒྱས་པའི་ལྟ་གྲུབ་དང་ལྷག་པར་སངས་རྒྱས་པའི་ཚན་རིག་ཟེར་བ་དེ་མི་ཚང་མར་ཕན་ཐོགས་ཡོད་པ་ཞིག་རེད། ཆོས་མེད་མཁན་ཞིག་ཡིན་ཡང་ཕན་ཐོགས་ཡོད་པ་ཞིག་ཡིན། ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ཡང་དེ་ཕན་ཐོགས་ཡོད་པ་ཞིག་རེད། ཆོས་ལ་ངོ་རྒོལ་བྱེད་དུ་བཅུག དེ་ཁོ་རང་གི་ལྟ་བ་ཞིག་རེད། ཡིན་ཡང་ཆོས་ལ་ངོ་རྒོལ་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་དེ་རྒྱ་མི་གུང་ཁྲན་གྱི་ཆོས་ལ་ངོ་རྒོལ་བྱེད་སྟངས་དེ་གླེན་རྟགས་ཚ་པོ་ཞིག་འདུག སངས་རྒྱས་ཀྱི་ལྟ་གྲུབ་ཤེས་པའི་ཐོག་ནས་ཆོས་ལ་ངོ་རྒོལ་བྱེད་མཁན་ཡིན་ན་དེ་ལས་ནུས་པ་ཆེ་ཙམ་ཐོན་གྱི་རེད། དེར་བརྟེན། ངོས་ཀྱིས་འདི་འདྲ་ཤོད་ཀྱི་ཡོད། ཆོས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་ན། སངས་རྒྱས་པའི་ལྟ་གྲུབ་ཤེས་པ་ཡིན་ན། ཆོས་ལ་ངོ་རྒོལ་བྱ་རྒྱུར་ནུས་པ་ཡག་པ་ཐོན་གྱི་རེད། ལྐུགས་རྟགས་བསྟན་ཏེ་ཆོས་ལ་ངོ་རྒོལ་དེ་འདྲའི་ཡོང་གི་མ་རེད། དེ་འདྲ་ཡིན་སྟབས་གང་ལྟར་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་སློབ་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།
ང་ཚོའི་སློབ་གྲྭ་ཁག་ནང་ལ་ཆོས་སློབ་ཟེར་དུས་ཞལ་འདོན་སློབ་ཀྱི་ཡོད་ཚོད་འདུག། དེ་ནོར་འཁྲུལ་རེད། ཞལ་འདོན་བསླབ་ཟེར་དུས་སངས་རྒྱས་པའི་ཆོས་སྒང་ལ་འགྲོ་ཡི་ཡོད་པ་རེད་མ་གཏོགས་དེ་སངས་རྒྱས་པའི་ལྟ་གྲུབ་དང་སངས་རྒྱས་པའི་གཞིའི་རྣམ་གཞག་ཚན་རིག་ཤོད་ཀྱི་མེད། དེ་ནོར་འཁྲུལ་རེད། དེར་བརྟེན་སྤྱིར་ང་ཚོས་ཤེས་ཡོན་གྱི་སྡེ་ཚན་དུ་བཞག་སྟེ་སློབ་སྦྱོང་སྤྲོད་ས་དེ་ཡིན་གཅིག་མིན་གཅིག་རབ་བྱུང་ཕོ་མོ་རྐྱང་པ་ཡིན་མི་དགོས་པར་སྐྱ་སེར་ཕོ་མོ་དབྱེ་བ་མེད་པའི་སློབ་སྦྱོང་བྱེད་དགོས་པ་ཞིག་ཡིན་སྟབས་དེ་སློབ་གྲྭའི་ནང་བསླབ་རྒྱུ་དེ་དཔེ་གལ་ཆེན་པོ་རེད་འདུག དོན་ཚན་གཅིག་དེ་ཡིན།
རིགས་ལམ་སློབ་ཟེར་དུས་ནང་ཆོས་ཀྱི་ཚན་རིག་དང་ལྟ་གྲུབ་ཤེས་ཡོན་རང་གི་ཆ་ཤས་བྱས་ནས་བསླབ་པ་དང། སློབ་སྟངས་དེ་རིགས་ལམ་གྱི་འགྲོ་སྟངས་བྱས་ཏེ་བསླབ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་འདུག རིགས་ལམ་གྱི་འགྲོ་སྟངས་དེ་ཕལ་ཆེར་རྒྱ་སྐད་ནང་ལ་ད་ལྟ་མེད་པ་ལྟ་བུ་ཞིག་འདུག ཐལ། ཕྱིར། ཟེར་ནས་རྟགས་གསལ་བཀོད་དེ་འགྲོ་པ་དེ་ཕལ་ཆེར་བོད་སྐད་ནང་མི་རབས་ནས་མི་རབས་ནས་བྱང་ཆུབ་པ་ཞིག་ཡོད་པ་རེད་མ་གཏོགས། ཕལ་ཆེར་རྒྱ་སྐད་ནང་ལ་མེད་པའི་བཟོ་ལྟ་བུ་ཞིག་འདུག ནང་པ་གཅིག་པ་རེད། ཐེག་ཆེན་གྱི་ཆོས་བྱེད་མཁན་གཅིག་པ་རེད། རྒྱ་ནག་རང་གི་ནང་ལ་ཕལ་ཆེར་ཚད་མའི་གཞུང་དེ་ཞེ་དྲག་དར་སྲོལ་བྱུང་མེད་པ་འདྲ།
བོད་གངས་ཅན་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་རང་ཉིད་ཚད་མ་བ་ཆེན་པོ་ཞིག་རེད། (Logician) ཚད་མ་བ་ཆེན་པོ་ཞིག་ཡིན་པས་ཁོང་གི་དགེ་ཕྲུག་དེ་དག་ཚད་མ་སློབ་སྦྱོང་བྱེད་མཁན་ཆགས་ཡོད། དེར་བརྟེན། བོད་ལ་དབུ་ཚད་སེང་གེ་མཇིང་བསྣོལ་གསུངས་ཀྱི་ཡོད། དངོས་གནས་ཐུན་མོང་མ་ཡིན་པ་ཞིག་རེད། དེ་འདྲ་ཡིན་སྟབས་ང་ཚོས་རིགས་ལམ་བསླབ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རིགས་ལམ་སློབ་ཟེར་དུས་ཡིན་གཅིག་མིན་གཅིག་བསྡུས་གྲྭ་ཁ་དོག་དཀར་དམར་ནས་བསླབ་རྒྱུ་དེ་རེད་མི་འདུག ཁ་སྔོན་ངོས་ཀྱིས་ཨོ་སི་ཊོ་ལི་ཡར་དགེ་བཤེས་ཁ་ཤས་འདུག ཁོང་ཚོར་འབོད་སྐུལ་བྱས་པ་ཡིན། ཁ་སྔོན་དགྲ་འདུལ་ལ་ཡང་བཤད་པ་ཡིན། ཁྱེད་རང་ཚོས་རིགས་ལམ་ཤེས་ཀྱི་ཡོད་པ་རེད། རིགས་ལམ་གྱི་ཐལ་དང། ཕྱིར་ཞེས་ལབ་ས་དེ་དེང་དུས་སློབ་ཚན་གྱི་དོན་དག་ཅིག
དཔེར་ན། སུམ་ཅུ་པའི་ནང་ཆ་བཞག་ན། དེའི་ནང་སྔོན་འཇུག་དང་རྗེས་འཇུག་ལ་མུ་གསུམ་དང། མུ་བཞི། ཁྱབ་མ་ཁྱབ་བརྩི་རྒྱུ་དེ་འདྲ་ཡོད། དེ་དང་དེས་མཚོན་པའི་གང་ལྟར་དོན་དག་དེ་དེང་དུས་ཀྱི་སློབ་ཚན་བྱས་ནས་ཁྲིད་སྟངས་དེ་རྟགས་གསལ་བཏང་སྟེ་ཁྱབ་མ་ཁྱབ་མུ་གསུམ་མུ་བཞི་བྱས་ཏེ་བསླབ་རྒྱུ་ཞིག་བྱུང་བ་ཡིན་ན། དེ་ཏན་ཏན་ཕན་ཐོགས་ཡག་པོ་ཡོང་བ་འདུག གཞན་རིགས་ལམ་སློབ་ཟེར་དུས་ཡིན་གཅིག་མིན་གཅིག་བསྡུས་གྲྭ་ཁ་དོག་དཀར་དམར་ལྟུ་བུ་བསྡུས་ཆུང་དང་བསྡུས་འབྲིང་ནས་སློབ་དགོས་པ་དེ་འདྲ་མིན་པ་བྱས། ནང་ཆོས་ཀྱི་ཚན་རིག་སློབ་ཟེར་དུས་བློ་ཡི་རྣམ་གཞག་དང་ཡུལ་དང་ཡུལ་ཅན་ཟེར་བའི་གྲས་དེ་དག་སླེབས་ཡོང་གི་རེད།
སྤྱིར་བཏང་རིགས་པའི་འགྲོ་སྟངས་རྐྱང་པ་དེ་ཡིན་གཅིག་མིན་གཅིག་ང་ཚོའི་ནང་པའི་དཔེ་ཆའི་ནང་ལ་ཡོད་པ་དེ་མིན་པ་བྱས། དེ་རིང་ཁ་སའི་ཤེས་ཡོན་གྱི་སྡེ་ཚན་གཅིག སྡེ་ཚན་གང་དང་གང་ཡིན་ཡང་རིགས་པའི་འགྲོ་སྟངས་ཤིག་བསླབ་རྒྱུའི་སློབ་དེབ་ཅིག་བཟོས་ན་ཡག་པོ་རེད་ཅེས་ངོས་ཀྱིས་ཁ་སང་བརྗོད་པ་ཡིན། དེ་རིང་འདིར་ཁྱེད་རང་ཚོ་དང་ཐད་ཀར་འབྲེལ་བ་མེད་ཀྱང་ག་ལེ་ག་ལེར་ཆོས་དོན་ལས་ཁུངས་དང་ཤེས་རིག་ལས་ཁུངས་ཁྱེད་རང་ཚོས་ཚོགས་ཆུང་ལྟ་བུ་ཞིག་བཙུགས་ཏེ་བཟོ་ཐུབ་ན་ཡག་པོ་མེད་དམ་དྲན་བྱུང༌། དེ་འདྲ་ཞིག་བཟོ་ཐུབ་ན། གཅིག་བྱས་ན། དཔེར་ན། བར་སྐབས་བོད་ནང་ལ་ཕལ་ཆེར་མདོ་སྨད་ལ་ཡིན་པ་འདྲ། ས་ཁུལ་ཁ་ཤས་ནང་སློབ་ཚན་སྤྱིར་བཏང་སློབ་གྲྭའི་ནང་གི་སློབ་ཚན་ལྟར་སློབ་ཀྱི་ཡོད་པ་རེད། འོན་ཀྱང་སློབ་སྟངས་དེ་རིགས་ལམ་དང་སྦྱར་ནས་བསླབ་རྒྱུ་དེ་འདྲ་ཁ་ཤས་ནས་བྱེད་ཀྱི་ཡོད་པ་འདྲ། དེར་བརྟེན། དེའི་ཉེ་འཁོར་གྱི་རྒྱ་མིའི་སློབ་གྲྭའི་དགེ་རྒན་དེ་འདྲ་ཆེད་མངགས་ལྟ་བར་ཡོང་སྟེ་ཁྱེད་རང་ཚོའི་སློབ་གྲྭ་ནས་ཐོན་པའི་ཕྲུ་གུ་དེ་ཚོའི་གྲས་དཔྱད་པ་བྱ་རྒྱུའི་ནུས་པ་དེ་གཞན་དང་མི་འདྲ་བའི་ཆེན་པོ་དང་ཡག་པོ་འདུག དེ་ཁྱེད་རང་ཚོས་སློབ་ཁྲིད་གང་འདྲ་བྱེད་ཀྱི་ཡོད་དམ། ཞེས་ཆེད་མངགས་ལྟ་སྐོར་ལ་ཡོང་མཁན་བྱུང་འདུག རྗེས་སུ་དེ་འདྲ་ལ་དོ་སྣང་གསར་པ་བྱུང་སྟེ། དེའི་ཉེ་འཁོར་གྱི་སྤྱིར་བཏང་ད་ལྟ་རྒྱ་མིའི་གཞུང་གི་སློབ་གྲྭ་དེ་འདྲའི་ནང་རིགས་ལམ་གྱི་འགྲོ་སྟངས་འགོ་བཙུགས་ནས་ཁྲིད་ཀྱི་ཡོད་པའི་སྐད་ཆ་ཞིག་ངོས་ཀྱིས་གོ་བྱུང༌།
འདི་གའི་རྒྱ་སྐད་སྐད་སྒྱུར་བ་འཇམ་དབྱངས་རིན་ཆེན་མཚན་ཉིད་སློབ་གྲྭར་བསྡད་དེ་དཔེ་ཆ་བལྟས་ནས་རིགས་ལམ་གྱི་འགྲོས་ཡག་ཐག་ཆོད་ཡོད། དེར་བརྟེན། ཁོ་རང་གིས་(Internet)དྲ་རྒྱའི་ནང་དུ་ང་ཚོའི་བསྡུས་གྲྭའི་རིགས་པའི་འགྲོས་དེ་རྒྱ་ཡིག་ནང་བྲིས་ཡོད་པར་རྒྱ་མིའི་ནང་དོ་སྣང་བྱེད་མཁན་གང་འཚམ་ཞིག་ཡོད་པ་འདྲ། དེ་ཚོའི་གྲས་དེ་རིམ་པས་ང་ཚོས་ཐབས་ཤེས་ཡག་པོ་ཞིག་བྱེད་ཐུབ་ན། འཛམ་གླིང་སྤྱི་ལ་སློབ་སྦྱོང་སྤྲོད་སྟངས་ཀྱི་རིག་པ་གསར་པ་ཞིག་དང་ལམ་སྟོན་གསར་པ་ཞིག་ང་ཚོས་སྤྲོད་ཐུབ་རྒྱུའི་རེ་བ་ཡོད་པ་ལྟ་བུ་ཞིག་མཐོང་གི་འདུག
སློབ་ཚན་གང་ཡིན་ནའང་རིགས་ལམ་དེ་སྦྱར་ནས་སློབ་ཁྲིད་བྱ་རྒྱུ་ཞིག་བྱུང་བ་ཡིན་ན་འཛམ་གླིང་འདིའི་སྟེང་ལ་ལམ་སྲོལ་གསར་པ་ཞིག་བཟོ་ཐུབ་པའི་གོ་སྐབས་འདུག
དཔེ་མཚོན་ཆུང་ཆུང་ཞིག་བརྗོད་པ་ཡིན་ན། ངོས་རང་ལ་ཆ་བཞག་ན། ཚན་རིག་པ་དང་མཉམ་དུ་ཐུག་དགོས་པ་མང་པོ་ཡོང་གི་ཡོད། ཚན་རིག་པ་ཡིན་ནའང་འདྲ། སུ་དང་སུ་ཡིན་ནའང་ཐུག་སྟེ་སྐད་ཆ་ཤོད་སྐབས། ཕར་ནས་ཚུར་སྐད་ཆ་བཤད་པ་དེར་ང་ཚོའི་དཔེ་ཆའི་ནང་གི་ཁྱབ་དང་མ་ཁྱབ་ཟེར་བའི་སྐད་ཆ་དེ་དག་ཁོང་ཚོའི་བློ་ལ་མ་གོམས་དུས་སྤམ་བཤད་ལྟ་བུ་ཞིག་ཤོད་ཀྱི་འདུག དེར་བརྟེན། ཁོའི་ནང་ལ་དེ་འདྲ་བཤད་ཡོང་སྐབས་ལམ་སང་དེར་ཐེ་ཚོམ་ལྟ་བུ་སླེབས་ཡོང་གི་འདུག དེ་ཡིན་ན། དེ་ཡིན་པས་ཁྱབ་ཀྱི་ཨེ་ཡོད། དེ་ཡིན་ན། དེ་ཡིན་དགོས་ཀྱི་ཨེ་ཡོད་བསམ་བསམ་ཞིག་ལམ་སང་བློ་ལ་སླེབས་ཡོང་སྐབས། དེ་དག་བཤད་དུས་ཁོང་ཚོས་དེ་ཡང་བསམ་བློ་གཏོང་དགོས་པ་ཞིག་རེད་འདུག ཅེས་དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག
ངོས་ལ་གཞན་དག་གང་ཡང་མེད། ཁྲལ་ལྟ་བུ་བྱས་ཏེ་དཔེ་ཆ་ཏོག་ཙམ་བལྟས་པ་རེད། ཆུང་ཆུང་སྐབས་སུ་ཁྲལ་གྱི་འདུ་ཤེས་མ་གཏོགས་དང་དོད་གང་ཡང་མེད་པར་དཔེ་ཆ་བལྟས་ཡོད་པ་རེད། དཔེ་ཆ་བལྟས་པས་བཀའ་དྲིན་གྱི་དོན་དག་ག་པར་ཡིན་ཡང་ལམ་སང་དཔྱད་པ་བྱ་རྒྱུ་དང་ཁྱབ་མ་ཁྱབ་ཀྱི་བསམ་བློ་ལམ་སང་སླེབས་ཡོང་གི་འདུག དེར་བརྟེན། ད་ལྟ་ཚན་རིག་པའི་དགེ་རྒན་ཚོས་ང་ཚོའི་གདན་སའི་ནང་སོ་སོའི་འདོད་པ་དང་བསྟུན་ཏེ་སློབ་གཉེར་བྱེད་མཁན་དེ་དག་ལ་ཚན་རིག་སློབ་ཀྱི་ཡོད་པ་རེད། ཁོང་ཚོར་དགེ་རྒན་མང་ཆེ་བས་བསྟོད་བསྔགས་གཏོང་གི་འདུག དངོས་གནས་བྱས་ནས་སྐད་དང་ཨང་རྩིས་ཤེས་ཀྱི་མེད་པ་རེད། འོན་ཀྱང་ཁོ་ཚོས་དཔྱད་པ་བྱེད་སྟངས་དེ་ཡག་པོ་ཞེ་དྲག་འདུག བསམ་བློ་ཧ་ལས་པའི་གསལ་པོ། ང་རང་ཚོས་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པ་ཞེས་པ་དེ་དག་ཡོད་པ་ལྟ་བུ་ཞིག་འདུག དེ་འདྲའི་ཐོག་ནས་བསྟོད་བསྔགས་བྱེད་ཀྱི་འདུག དེ་གཞན་དག་གང་ཡང་མ་རེད། སློབ་སྦྱོང་སྤྲོད་སྟངས་དེ་རིགས་ལམ་གྱི་ཐོག་ནས་སློབ་སྦྱོང་སྤྲད་པ་ཡིན་སྟབས་དཔྱད་པ་བྱ་རྒྱུར་རྣམ་དཔྱོད་ཤུགས་ཆེ་བ་ཡོད་པ་ཞིག་ཡིན། དེ་སློབ་ཚན་གང་དང་གང་ལ་ཡིན་ནའང་རིགས་ལམ་དེ་སྦྱར་ནས་སློབ་ཁྲིད་བྱ་རྒྱུ་ཞིག་བྱུང་བ་ཡིན་ན། སྤྱིར་བཏང་འཛམ་བུ་གླིང་འདིའི་སྟེང་ལ་ལམ་སྲོལ་གསར་པ་ཞིག་བཟོ་སྲིད་པ་རེད་འདུག
སྔོན་ལ་ང་རང་ཚོའི་སློབ་གྲྭ་ཁག་གི་ནང་ལ་ཡག་པོ་ཞིག་བཟོས་དང༌། དེ་ནས་ག་ལེ་ག་ལེར་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་པའི་ས་ཁུལ་དེ་དག་ལ་ང་ཚོའི་བོད་པའི་སློབ་གྲྭ་དང་མཐུན་པར་ག་ལེ་ག་ལེར་ལམ་སྲོལ་ཞིག་གཏོད་དང༌། དེ་ནས་རྒྱ་གར་ནང་དོ་སྣང་ཞིག་སླེབས་ཀྱི་རེད། དེ་ནང་བཞིན་རྒྱ་ཡིག་ནང་དོ་སྣང་བྱ་རྒྱུ་ཏན་ཏན་ཡོང་གི་རེད།
ངོས་ནས་ད་ལྟ་རྒྱ་ཡིག་ནང་ལ་མེད་པ་བོད་ཡིག་ནང་ཡོད་པའི་བསྟན་བཅོས་ཧ་ཅང་གལ་ཆེན་པོ་དེ་འདྲ་བར་སྐབས་མི་དང་གོ་བསྡུར་བྱས་ཏེ་རྩད་གཅོད་བྱེད་དུས་བསྟན་བཅོས་གལ་ཆེན་པོ་རྒྱ་ཡིག་ནང་མེད་པ་དེ་འདྲ་འདུག དེ་དག་མ་བསྒྱུར་བར་ཐབས་མེད་པ་རེད་ཅེས་ཁ་སྔོན་ཐེ་ཝན་ལ་ཕྱིན་པའི་སྐབས་དང་དེ་རྗེས་ཉི་ཧོང་ལ་ཕྱིན་པའི་སྐབས་ལའང་སྐད་ཆ་བྱུང༌། དཔེ་ཆ་འདི་དང་དེ་ཞེས་བྱ་བ། རྒྱ་ཡིག་ནང་ལ་མེད་པ་དེ་འདྲ་ཡིན་གཅིག་མིན་གཅིག་བསྒྱུར་དགོས་ཀྱི་འདུག་ཅེས་སྐད་ཆ་བྱུང༌། དེར་བརྟེན། དོ་སྣང་གསར་པ་ཞིག་སླེབས་ཀྱི་འདུག རིམ་པས་ང་ཚོས་སློབ་ཁྲིད་སྔོན་ལ་ནང་ཆོས་ཐོག་ལ་བོད་ཀྱི་ནང་ཆོས་དེ་རྒྱ་ཆེ་བ་དང་ཟབ་པ་ཡོད་པ་དེ་རིང་ཁ་སང་ངོས་ལེན་བྱེད་ཀྱི་འདུག
སྤྱིར་བཏང་དཔེར་ན། ཡུལ་གྲུ་ཁག་ལ་མི་མཁས་པ་ཚོས་སོ་སོའི་ཆོས་རྒྱུད་དེ་དག་གི་འགྲིགས་པ་དང་ཆ་ཚང་བ་ཡོད་དགོངས་ཏེ་སྐད་ཆ་དྲིས་མཁན་ནམ་རྒྱུན་ཉུང་ཉུང་རེད། དེ་རིང་ཁ་སང་བློ་གཟུ་བོར་གནས་པ་དེ་ཚོའི་གྲས་ཀྱིས་དོ་སྣང་བྱེད་ཀྱི་འདུག བོད་པས་ཉམས་ལེན་བྱ་རྒྱུ་དང་ང་ཚོས་ཉམས་ལེན་བྱ་རྒྱུ་དེ་གཅིག་པ་ཡིན་ཡང། བོད་པས་སློབ་སྦྱོང་བྱས་པ་ལྟར་ང་ཚོས་བྱས་མེད་པ་རེད། ང་ཚོར་རྒྱུ་ཆ་ཡང་ཡོད་པ་མ་རེད་ཅེས་གསལ་པོ་ཟེར་གྱི་འདུག དེ་འདྲ་ཡིན་སྟབས་ང་ཚོར་ཏན་ཏན་གོ་སྐབས་ཞེ་དྲག་ཡོད་པའི་བཟོ་འདྲ་ཞིག་མཐོང་གི་འདུག དེར་བརྟེན། ད་ལྟ་བཤད་པ་འདི་རེད།
ཕྱོགས་གཅིག་ནས་ང་རང་ཚོའི་སངས་རྒྱས་པའི་ཆོས་དེ་དང་འབྲེལ་བའི་རིག་གཞུང༌། བྱམས་བརྩེ་ལྡན་པའི་རིག་གཞུང་དེ་འཛམ་གླིང་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་ཡིན་པས་དེ་དག་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་བྱ་རྒྱུ་ཟེར་བ་དེ་བོད་པ་གཅིག་པུའི་ཁེ་ཕན་དང་དོན་དག་མིན་པར་མི་སྤྱི་ལ་ཕན་ཐོགས་ཡོད་པ་ཞིག་རེད། དེའི་ནུས་པ་ཏོག་ཙམ་སྤེལ་རྒྱུའི་དོན་དག་ལ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་དེ་དག་ང་ཚོ་ཆོས་དང་རིག་གཞུང་གསར་པ་སྤེལ་བ་དེ་འདྲ་གང་ཡང་མ་རེད་ཕ་མེས་ནས་ཆགས་ཡོད་དུས་ཁོང་ཚོར་གཅིག་གྱུར་གྱི་ཐོག་ནས་དཔེར་ན། གདན་ས་ཁག་ནང་ལ་སློབ་ཕྲུག་ཧི་མ་ལ་ཡའི་རི་རྒྱུད་ནས་ཕལ་ཆེར་སྟོང་ཕྲག་བདུན་ཙམ་བྱུང་ཡོད་པ་དེ་དག་ཚང་མ་ང་ཚོ་ཟ་མཉམ་འཐུང་མཉམ་བྱས་ནས་བསྡད་ཡོད་པ་རེད། གདན་ས་ཁག་ནང་སློབ་སྦྱོང་བྱས་ཟིན་པ་དེ་དག་གིས་སོ་སོའི་ལུང་པའི་ནང་ལ་ཞབས་འདེགས་ངེས་ཅན་བསྒྲུབ་ཐུབ་པ་ཞིག་དང༌། དེ་བཞིན་བོད་མིའི་ཞེན་ཁོག་ཆ་ཚང་འཁྱེར་ནས་སྡོད་ཀྱི་འདུག མོན་པ་དེ་འདྲ་དང་ལ་དྭགས་པ་ཁ་ཤས་ང་ཚོ་བོད་པ་གཅིག་ལས་ཞེན་ཁོག་ཆེ་བ་ལྟ་བུ་བྱས་ཏེ་སྡོད་ཀྱི་འདུག དེས་ང་ཚོར་ཕན་གྱི་ཡོད་ལ་ཁོང་རང་ཚོ་ལའང་ཕན། དེར་བརྟེན་ང་ཚོའི་སློབ་གྲྭ་ཁག་དེ་དག་ནས་ཀྱང་མཉམ་ཟ་མཉམ་འཐུང་བྱས་ཏེ་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ་དེ་དག་ལ་ཞབས་འདེགས་མཉམ་དུ་སྒྲུབ་ཐུབ་པ་བྱུང་ན་ཡག་པོ་ཞེ་དྲག་ཡོང་གི་རེད་བསམ་པ་དྲན་བྱུང༌།
རིགས་ལམ་བསླབ་རྒྱུ་དེ་(Academy)ཤེས་ཡོན་གྱི་སྡེ་ཚན་ནང་དུ་བཞག་སྟེ་ཆོས་བསླབ་རྒྱུའི་སྐད་ཆ་མིན་པར་བྱས་ཏེ་ཤེས་ཡོན་བསླབ་རྒྱུའི་སྡེ་ཚན་ནང་སློབ་ཁྲིད་བྱ་རྒྱུ་གཅིག ཁྱེད་རང་ཚོ་བཱ་ཡི་ལགས་སུ་ཆ་བཞག་ནའང་རིགས་ལམ་སློབ་དགོས་རེད། ནང་པའི་སངས་རྒྱས་དཀོན་མཆོག ཆོས་དཀོན་མཆོག དགེ་འདུན་དཀོན་མཆོག བྱས་ནས་ཤོད་དགོས་མ་རེད། ཨ་ལ་རང་ལ་སྐྱབས་སུ་མཆི། ཡིན་ཡང་རིགས་ལམ་གྱི་ཐལ། ཕྱིར། ཁྱབ་དང་མ་ཁྱབ་ཟེར་རྒྱུ་དེ་ཁྱེད་རང་ཚོས་སློབ་དགོས་རེད། བསླབ་ན་ཧ་ཅང་ཕན་གྱི་རེད། ཚོང་ཞིག་རྒྱག་དགོས་བྱུང་ཡང་ཡག་པོ་ཡོང་གི་རེད། ཁ་མཆུ་ཞིག་རྒྱག་དགོས་བྱུང་ན་རིག་པ་ཏོག་ཙམ་ཚ་པོ་བྱུང་ན། ཁ་མཆུ་རྒྱག་རྒྱུར་ཕན་གྱི་རེད།
ངོས་ཀྱི་ངོ་ཤེས་པ་ཞིག་ནས་གོ་བྱུང། འབྲུག་ནང་གི་སློབ་ཕྲུག་གཅིག་ཁྲིམས་ཀྱི་སློབ་སྦྱོང་བྱེད་ཀྱི་ཡོད་པ་འདྲ། རྗེས་སུ་ངོ་ཤེས་པ་ཞིག་བརྒྱུད་ནས་རིགས་ལམ་བསླབ་རྒྱུ་ཞིག་བྱུང་བ་རེད་ཟེར་གྱི་འདུག དེས་རིགས་ལམ་བསླབ་ནས་རྗེས་ལ་མོ་རང་ཁྲིམས་རྩོད་པའི་ལས་ཀ་བྱ་རྒྱུར་ཕན་ཐོགས་ཡག་པོ་བྱུང་ཟེར་གྱིས་འདུག་ཟེར། ཞོར་དུ་མོ་རང་གི་ཕ་ཡང་མཚན་ཉིད་སྦྱོང་དུ་ཡོང་གི་འདུག ཅེས་ངོས་ཀྱིས་དེ་འདྲ་ཞིག་གོ་བྱུང༌། དེ་འདྲ་ལྟ་བུ་ཞིག་རེད། དེ་ཆོས་ལུགས་ཀྱི་སྐད་ཆ་གང་ཡང་མ་རེད། དེ་རིགས་པའི་འགྲོ་སྟངས་ཤིག་མི་ལ་ཡང་རང་བཞིན་ལྷན་སྐྱེས་ཀྱི་རྣམ་དཔྱོད་ཀྱི་ནུས་པ་ཞིག་ཡོད། རྣམ་དཔྱོད་ཀྱི་ནུས་པ་དེ་ཟུར་ཕྱིན་པ་ཞིག་ཡོང་རྒྱུའི་དོན་དག་ལ་རིགས་ལམ་སློབ་དགོས་ཀྱི་ཡོད།
རྩ་བ་ཚད་མའི་གཞུང་ཕྱོགས་གླང་ཆོས་གྲགས་གཞུང་དེ་དག་ནང་རྟགས་གསལ་ཁྱབ་ཁོངས་ཀྱི་འགྲོ་སྟངས་དེ་དག་གསུངས་ཀྱི་ཡོད། རྩལ་དུ་བཏོན་ནས་སྦྱོང་མཁན་ཆ་པ་ཆོས་སེང་དེ་འདྲ་ནས་ཕལ་ཆེར་དམིགས་བསལ་གྱི་ཐུགས་སྣང་ཞིག་གནང་བ་མིན་ནམ་སྙམ་གྱི་འདུག དེ་ང་ཚོ་བོད་རང་ཉིད་ཀྱིས་ལེགས་སྐྱེས་ཕུལ་འདུག དེར་བརྟེན་ང་ཚོར་གཅེས་པའི་ནོར་བུ་ཡོད་པ་དེ་ད་དུང་བྱི་དོར་ལྟ་བུ་བྱས་ཏེ་ཏོག་ཙམ་ཕན་ཐོགས་ཡོད་པ་ཞིག་བྱེད་ཐུབ་ན། བོད་མིའི་མཚན་མཐོང་ལ་ཕན་གྱི་རེད་ལ་བོད་ཀྱི་རིག་གཞུང་གི་མཚན་མཐོང་ལའང་ཕན་གྱི་རེད། ཁ་ཡོད་ལག་ཡོད་ཀྱི་མི་གཞན་དག་ལ་ཕན་ཐོགས་ཡོང་ཐུབ་པ་བྱུང་ན་དཔེ་ཡག་པོ་རེད། ང་ཚོ་བཙན་བྱོལ་བ་ཆགས་ཏེ་ལུང་པ་བྲལ་བ་རེད། འོན་ཀྱང་འཛམ་གླིང་སྤྱི་ལ་ཕན་པའི་ཞབས་འདེགས་ཤིག་ང་ཚོ་བཙན་བྱོལ་བའི་ཐོག་ནས་བསྒྲུབ་ཐུབ་ན་ཡག་པོ་མ་རེད་དམ། དེ་འདྲ་ཡིན་སྟབས་འདི་ངོས་ཀྱིས་ཁྱེད་ཚོར་ཞུ་དགོས་བསམ་པ་དྲན་བྱུང༌། གཞན་ཞུ་རྒྱུ་མི་འདུག
ང་ཚོ་བོད་འདི་འཆི་དང་གསོན་གྱི་གནས་སྐབས་ལ་སླེབས་ཡོད་སྟབས་འདྲ་ཆགས་པོ་དང་སྦམ་པོ་བཤད་པ་མ་ཡིན་པར་གང་དགའ་ཅི་ལེགས་ལ་བསམ་བློ་གཏོང་དགོས།
ཞིབ་ཕྲའི་གནས་ཚུལ་ཁྱེད་རང་ཚོས་གོ་བསྡུར་གནང་གི་རེད། ཆོས་ཚོགས་དང་པོ་ཚོགས་པའི་སྐབས་དེ་དུས་ངོས་ཀྱིས་ལུང་འདི་དྲངས་པ་ཡིན། དམ་ཆོས་འོ་མ་སྲུབ་པ་ལས། །མར་གྱི་ཉིང་ཁུ་ཕྱུང་བ་ཡིན། །ཞེས་བྱས་པ་རེད། བགྲོ་གླེང་དང་གོ་བསྡུར་བྱས་ནས་སྲུབ་སྟེ་གྲུབ་འབྲས་ཐོན་པ་ཞིག་དགོས་ཀྱི་རེད་ཅེས་སྔོན་མ་དེ་འདྲ་བཤད་མྱོང་ཡོད་དེ་ལྟ་བུ་ཞིག་རེད། ཁྱེད་རང་ཚོ་དེ་དག་གོ་བསྡུར་བྱ་རྒྱུ་དེ་ལྷུག་པོ་བྱེད་དགོས། འདྲ་ཆགས་པོ་དང་སོ་སོའི་སེམས་ཀྱི་གཏིང་ལ་ཡོད་ཀྱང་མེད་ཀྱང་ཁའི་ཚིག་སྐམ་པོ་ཞིག་ལ་འཇུས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་ཚིག་རྩོད་ལྟ་བུ་བྱས་ན་ཕན་ཐོགས་ཁྱོན་ནས་མེད། ང་ཚོ་ཚང་མ་སྤྱི་པའི་དོན་དག་ལ་ཁུར་གཅིག་པ་ཞིག་སླེབས་ཡོད་པ་རེད། ཁུར་མཉམ་ལེན་གྱིས་ཐོག་ནས་དམིགས་ཡུལ་འདི་བཞག་ནས་གང་དགའ་ཅི་ལེགས་ཞེས་ལབ་རྒྱུ་རེད་མ་གཏོགས་མི་གཅིག་གིས་ཁ་བདེ་པོ་ལྟ་བུ་བྱས་ཏེ་ཁོས་སྐད་ཆ་ཡག་པོ་བཤད་སོང་ཟེར་བ་ལྟ་བུ་དང༌། ཡང་ན་ཁོས་སྐད་ཆ་བཤད་ནས་རྒྱལ་ཁ་ལྟ་བུ་ཞིག་ཐོབ་སོང་ཞེས་པའི་སྐད་ཆ་འདི་མ་རེད། ང་ཚོ་སྤྱི་པའི་དོན་དག་བསྒྲུབ་རྒྱུར་གང་དགའ་ཅི་ལེགས། ལེགས་སྤེལ་ཉེས་འགོག་ག་རེ་བྱེད་དགོས་ཀྱི་འདུག ཚང་མ་ཁུར་མཉམ་ལེན་གྱིས་ཐོག་ནས་བསམ་བློ་གཏོང་རྒྱུ་དེ་རེད། མི་དང་མ་སོང་ནའང༌། མི་ནད་པ་ཛ་དྲག་ལ་ཐུག་ཡོད་པ་རེད།
ངོས་ཀྱིས་ནམ་རྒྱུན་རྩེད་མོ་རྩེ་ནས་ཤོད་ཀྱི་ཡོད། ཚེས་གྲངས་བཟང་ངན་བརྩི་རྒྱུ་དང་གཅིག མཛད་སྒོ་ཚོགས་ཞེས་པ་དེ་ཚོའི་གྲས་དེ་མིའི་མི་ཚེ་གཅིག་ལ་གལ་ཆེ་ཤོས་དེ་སྐྱེས་པའི་ཉིན་མོ་དང་ཤི་བའི་ཉིན་མོ་རེད། དེར་མཛད་སྒོ་ཚོགས་རྒྱུ་ཡོད་པ་མ་རེད། རྩིས་སྐོར་རྒྱུ་མེད་པ་རེད། སྐྱིད་པོ་ཡོད་པའི་སྐབས་ལ་ཚེས་གྲངས་བཟང་ངན་བལྟས། མཛད་སྒོ་ཚོགས་ནས་འདྲ་ཆགས་པོ་ཞིག་བྱ་རྒྱུ་ཡོད་པ་རེད། འགག་ལ་ཐུག་པའི་སྐབས་ང་ཚོ་ནོར་གླིང་ནས་བྲོས་ཡོང་དུས་ཚེས་གྲངས་ལྟ་རྒྱུ་དང་མཛད་སྒོ་ཚོགས་རྒྱུ་མི་འདུག བྲོས་ཡོང་རྒྱུ་རེད།
དེར་བརྟེན་ང་ཚོ་བོད་མི་རིགས་ད་ལྟ་དེ་འདྲ་ཞིག་གིས་མཚམས་ལ་སླེབས་པ་ཡོད་པ་རེད་མ་གཏོགས་འདྲ་ཆགས་པོ་བྱས་ཏེ་སྡོད་རྒྱུའི་དུས་ཚོད་མ་རེད། ང་ཚོ་འཆི་དང་གསོན་གྱི་སྒང་ལ་སླེབས་ཡོད། དེ་འདྲ་ཡིན་སྟབས་དོན་དག་ངོ་མའི་སྟེང་གང་དགའ་ཅི་ལེགས་ཀྱིས་བསམ་བློ་གཏོང་རྒྱུ་རེད་མ་གཏོགས་འདྲ་ཆགས་པོ་དང་སྤམ་པོ་བྱ་རྒྱུའི་སྐད་ཆ་ཞིག་མ་རེད། འདི་ཁྱེད་རང་ཚོའི་སེམས་ལ་ཞོག གཞན་འདི་རང་ཡིན་བཀྲིས་བདེ་ལེགས། ཞེས་བཀའ་སློབ་ཟབ་མོ་སྩལ།།
མདུན་ཤོག