ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང།

བློ་བཟང་སྟོབས་རྒྱལ། མ་སུ་རི་བོད་ཁྱིམ། (ཨང་དང་པོ)

༄༅། །དཔེ་མཛོད་ཁང་ངམ་ཤེས་བྱའི་བང་མཛོད། ཡོན་ཏན་གྱི་བདུད་རྩི་ཀུན་བསྡུས་ཀྱི་ལྟེ་གནས། མ་རིག་པའི་མུན་པ་གསལ་བྱེད་ཀྱི་སྒྲོན་མེ། མ་ནོར་ལམ་བཟང་སྟོན་མཁན་གྱི་སློབ་དཔོན། བློ་གསར་ཡིད་དབང་འཕྲོག་མཁན་གྱི་བཞིན་བཟང་མ། མཁས་དབང་དང་ཡོན་ཏན་སྐོམ་པ་ཆུ་འདོད་ལྟར་འདོད་མཁན་མགྲོན་པོར་འབོད་མཁན་གྱི་སྦྱིན་པའི་བདག་པོ། ཐ་ན་བྱིས་པ་བློ་ཆུང་རྣམས་ལ་གཞི་རྩའི་ཡོན་ཏན་གྱི་བདུད་རྩི་སྦྱིན་མཁན་ལྟ་བུའི་རྩ་ཆེའི་ལྟེ་གནས་མེད་དུ་མི་རུང་བ་དེ་ནི་དཔེ་མཛོད་ཁང་འབའ་ཞིག་ཡིན།
    དེ་ཡང་ནོར་འཛིན་ས་གཞི་འདིའི་སྟེང་གི་ཤེས་བྱའི་ལྟེ་གནས་ཀུན་ལ་དཔེ་མཛོད་ཁང་ཞིག་ཡོད་པ་དེ་ཧ་ལམ་བརྗོད་མི་དགོས་པ་ཞིག་རེད། དཔེ་མཛོད་ཁང་ནི་ཤེས་བྱའི་ལྟེ་གནས་སམ་སློབ་གྲྭ་ཁག་དང་མཐོ་སློབ་སོགས་ལ་མེད་དུ་མི་རུང་བའི་ཆ་ཤས་སམ་རྒྱན་ཆ་ལྟ་བུ་ཞིག་ཆགས་ཀྱི་ཡོད། དཔེ་མཛོད་ཁང་མེད་པའི་ཤེས་བྱའི་ལྟེ་གནས་དེ་ནི་དབང་པོ་སྐྱོན་ཅན་ནམ་ལྟེ་གནས་ཚད་མི་ལྡན་པ་ཞིག་ཏུ་ངོས་འཛིན་གྱི་ཡོད་པ་ལྟར། ཤེས་བྱའི་ལྟེ་གནས་མང་ཆེ་བ་ཞིག་གིས་དཔེ་མཛོད་ཆེ་ཆུང་དང་ཤེས་བྱའི་ནོར་སྣེ་མང་གིས་གཏམས་མི་གཏམས་་མི་ལྟ་བར་དཔེ་མཛོད་ཁང་རེ་ངེས་པར་དུ་བཞེངས་ཀྱི་ཡོད་པ་བཞིན་ང་ཚོའི་སློབ་གྲྭ་མ་སུ་རི་བོད་ཁྱིམ་ནང་དཔེ་མཛོད་ཁང་ཞིག་དགོས་པའི་དབང་གིས་སྤྱི་ལོ་ ༡༩༦༣ ལོར་བཞེངས་ནས་ད་བར་རྒྱ་སྐྱེད་དང་བཅས་ནས་བརྗིད་ཉམས་ལྡན་པའི་ངང་སློབ་གྲྭའི་ནང་ཤེས་བྱའི་བང་མཛོད་བཞིན་གནས་ཡོད།
    ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་དེ་ནི་སློབ་གྲྭའི་ཁང་གསར་ཐོག་བརྩེགས་གསུམ་ཅན་གྱི་བར་དེར་ཆགས་ཡོད། དཔེ་མཛོད་ཁང་གི་སྒོ་དེ་ནི་ནུབ་ཕྱོགས་སུ་ཁ་གཏད་ནས་ཡོད། དེའི་ནང་སྒོ་འཛུལ་མ་ཐག ཅོག་ཙེ་ཟུར་གསུམ་ཞིག་གི་སྟེང་དུ་ཉིན་རེའི་ཚགས་པར་བསྐོན་ནས་བཞག་པ་ཞིག་དང་རྩིག་པའི་ལྡེབས་ངོས་སུ་ཡོན་ཏན་ཀུན་གྱི་རྩ་བ་སྒྲིག་ཁྲིམས་ཡིན་ཞེས་གསལ་པོར་འཁོད་ནས་ཡོད། གཡས་ཕྱོགས་སུ་ྋགོང་ས་མཆོག་དང་ྋརྒྱལ་བ་ཀརྨ་པའི་སྐུ་པར་ཆེན་པོ་བརྗིད་ཉམས་དང་ལྡན་པ་ཞིག་བཏགས་ནས་བཞག་ཡོད།
    དཔེ་མཛོད་ཁང་དེ་ནི་ཡངས་ཞིང་རྒྱ་ཆེ་བ་ཞིག་ཡོད་ལ། དེའི་ནང་གྲལ་སྟར་བསྒྲིགས་པའི་ཅོག་ཙེ་ཆེ་བ་བཅུ་གཉིས་ཡོད་པ་དང༌། ཅོག་ཙེ་རེར་མཐའ་བཞིར་རྐུབ་སྟེགས་བཞིས་རྒྱན་པ། དེའི་སྟེང་དུ་ཐུགས་རྗེས་གཟིགས་ཞལ་ཁ་རོགས་བཞུགས་རོགས་གནང་ཞེས་དབྱིན་ཡིག་ཐོག་བཀོད་པའི་པང་ལེབ་ཆུང་ངུ་རེ་བཞག་ཡོད། དཔེ་མཛོད་ཁང་དེ་ནི་དེབ་ཀྱི་ནོར་གྱིས་གཏམས་ནས་ཡོད། དེའི་ནང་དེབ་སྣེ་མང་ཉི་མའི་མེ་ཏོག་ནང་འབྲས་བུ་བརྩིགས་པ་བཞིན་གྲལ་བསྟར་བརྩིགས་ནས་ཡོད། དེ་ཡང་དབྱེ་བ་དུ་མར་དབྱེ་ནས་སྟར་པ་དང་པོ་དེར་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་སློབ་ཕྲུག་གི་ཆེད་དུ་སྒྲུང་དེབ་ཚིག་ཉུང་གོ་བདེའི་རིགས་དང་དེ་བཞིན་མུ་འབྲེལ་གཏམ་བརྒྱུད་ཐུང་ངུའི་རིགས། ཚིག་གྲོགས་ཐུང་ངུའི་དེབ་ཆུང་རིགས་སོགས་ཀྱིས་ཁེངས་པ་ཞིག་ཡོད།
    སྟར་པ་གཉིས་པ་དེར། རང་ཅག་བོད་ཁ་བ་ཅན་གྱི་མཁས་དབང་དུ་མས་དཀའ་ངལ་དུ་མ་མཛད་པའི་དེབ་ཕྲེང་མིག་གི་མཛེས་རྒྱན་ཁག་དང༌། ལྷག་པར་དུ་བོད་ཀྱི་སྙག་ངག་མཁན་རྣམས་ཀྱིས་མཛད་པའི་དེབ་རྣ་བའི་བདུད་བརྩི་ལྟ་བུ། དེ་བཞིན་ྋགོང་ས་མཆོག་གིས་སྩལ་བའི་བཀའ་སློབ་ཡིད་ཀྱི་བྱིན་བརླབས་ལྟ་བུ། བོད་ཀྱི་རྒྱལ་རབས་དང༌། སྐད་ཡིག་དང༌། མི་སྣ་ཁག་གི་སྐོར། མདོར་ན། བོད་ཡིག་གི་སྡེ་ཚན་ཞེས་མིང་བཏགས་ནས་བོད་ཀྱི་སྐད་ཡིག་འབའ་ཞིག་ལ་ཕན་པའི་དེབ་ཀྱིས་ཁེངས་པ་ཞིག
    སྟར་པ་གསུམ་པ་དེར་དབྱིན་ཡིག་གི་སྒྲུང་གཏམ་སྡེ་ཚན་དང༌། བཞི་པ་སྤྱིར་བཏང་གི་ཤེས་བྱ་ཞེས་མིང་བཏགས་པའི་སྡེ་ཚན། སྡེ་ཚན་དེའི་ནང་དེབ་སྤྱིར་བཏང་གི་ཤེས་བྱ་དང་འབྲེལ་བའི་དུས་དེབ་འདྲ་མིན་དཔེར་ན། ཚན་རིག་དང་འབྲེལ་བའི་དུས་དེབ། འཛམ་གླིང་གི་རྒྱལ་རབས་སྐོར། མི་སྣ་གལ་ཆེ་ཁག་གི་སྐོར། གང་ལྟར་ས་ཁམས་དང་དངོས་ཁམས། རྒྱལ་རབས་ལོ་རྒྱུས། ཡིག་བསྐུར་རྣམ་གཞག འཕྲོད་བསྟེན་གྱི་སྐོར། མིའི་ལུས་པོའི་སྐོར། རྩེད་འགྲན་སྣ་ཚོགས་ཀྱི་སྐོར། ཡུལ་ལུང་འདྲ་མིན་གྱི་ཆགས་སྟངས་དང་རིག་གཞུང་གི་སྐོར་སོགས་མདོར་ན་སྤྱིར་བཏང་གི་ཤེས་བྱ་དང་འབྲེལ་བའི་དེབ་དུ་མས་གཏམས་པ་ཞིག་ཡོད།
    དེ་ནས་སློབ་གྲྭའི་དཔེ་མཛོད་ཁང་གི་གཡོན་ཕྱོགས་དེར་ཤེལ་གྱི་བ་གམ་ནང་དེབ་ཆེན་དུ་མ་ཕྲ་ལྷམ་མེར་བཞག་པ་ཞིག་ཡོད། དེ་རྣམས་ནི་དཔེ་མཛོད་ཁང་ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་རུང་བ་ཤ་སྟག་ཡིན། དེའི་ནང་ཚིག་མཛོད་དང་འཛིན་རིམ་བཅུ་པ་ཡན་གྱི་སློབ་ཚན་ཁག་དང་འབྲེལ་བའི་དེབ། དགེ་བའི་བཤེས་གཉེན་ཚོར་སློབ་ཁྲིད་སྐོར་གླེང་བའི་དེབ། ཚན་རིག་དང་རྩིས་རིག་ཁག་གི་ཚིག་གསར་གྱི་འགྲེལ་པ། འཛམ་བུའི་གླིང་གི་ལོ་རྒྱུས་དེབ་ཕྲེང་ལེའུ་དུ་མ་ལྡན་པ། ནོར་འཛིན་ས་གཞིའི་སྟེང་ཡ་མཚན་དངོས་བྱུང་བཀོད་པའི་དུས་དེབ་སྐད་གྲགས་ཅན། དེ་བཞིན་སྒྲུང་དེབ་སྐད་གྲགས་ཆེ་བ་སོགས། མདོར་ན། དེབ་རིན་ཐང་ཆེ་བའམ་ཡང་ན་དེབ་ཤིན་ཏུ་དཀོན་པོའི་རིགས་དེའི་ནང་བློ་གསལ་མེ་ལོང་བཞིན་དུ་བཞག་ཡོད། དཔེ་མཛོད་ཁང་གི་སྒོ་འགྲམ་དེར་གསར་འགྱུར་སྡེ་ཚན་ཞེས་རྒྱལ་ཡོངས་ཀྱི་གསར་འགྱུར་ཉིན་རེ་དང་གཟའ་འཁོར་བྱས་ནས་བཏོན་པའི་དུས་དེབ་བརྩིགས་ནས་བཞག་ཡོད། དཔེ་མཛོད་ཁང་དེར་གཟིགས་སྐྱོང་མཛད་མཁན་ནམ་སློབ་ཕྲུག་ཚོར་ལམ་སྟོན་མཛད་མཁན་དགེ་བའི་བཤེས་གཉེན་གཉིས་ཡོད། ཁོང་རྣམ་གཉིས་ཀྱིས་ལྷག་བསམ་དང་ལྡན་པའི་སྒོ་ནས་དཔེ་མཛོད་ཚོགས་ཐེངས་སྐབས་སླེབས་པའི་སློབ་ཕྲུག་ཚོར་རང་ཉིད་ཀྱི་འཛིན་རིམ་ལ་གཞིགས་ནས་བསླབ་བྱ་གཏམ་གྱི་བདུད་རྩི་དང་དུས་དེབ་གང་འདྲ་བྱས་ནས་བེད་སྤྱོད་བྱ་དགོས་མིན། དེའི་ཕན་ཡོན་དང༌། རྩ་ཆེན་ཡིན་ལུགས་སོགས་སློབ་ཕྲུག་ཚོར་སྩལ་གནང་གི་ཡོད། དེ་མིན་ཁོང་རྣམ་གཉིས་ཀྱིས་དགེ་བའི་བཤེས་གཉེན་རྣམས་དང་སློབ་ཕྲུག་ཚོར་དཔེ་དེབ་གཟའ་འཁོར་གཅིག་རིང་རང་མོས་ལྟར་གཡར་པོ་མཛད་ཀྱི་ཡོད།
    ང་ཚོ་སློབ་ཕྲུག་རྒན་གཞོན་བར་མ་གསུམ་དང་དགེ་བའི་བཤེས་གཉེན་རྣམས་ཀྱིས་ནི་གསེར་སྦྲང་གིས་དུས་དང་རྣམ་པ་ཀུན་ཏུ་མེ་ཏོག་ལས་སྦྲང་རྩི་འཐུ་བ་བཞིན་དཔེ་མཛོད་ཁང་ནང་བར་གསེང་ཡོད་པ་ཀུན་ལ་ཡོན་ཏན་གྱི་ནོར་ལེན་ཆེད་འབད་པ་ལྷོད་མེད་ཀྱིས་དཔེ་དེབ་འདྲ་མིན་གཡར་བ་དང༌། དཔེ་མཛོད་ཁང་ནང་བཀླགས་པ་སོགས་བྱས་ནས་བྲེལ་བའི་ངང་གནས་ཀྱི་ཡོད།
    དེ་ནི་དཔེ་མཛོད་ཁང་གོང་དུ་གསལ་བ་བཞིན་ཡོན་ཏན་ཀུན་འདུས་ཀྱི་ལྟེ་གནས་ཡིན་པས། ས་སྐྱ་ལེགས་བཤད་ལས། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པ་ཡང་རང་ཉིད་བསྡུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང༌། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་པ་ལྟར་མཚུངས་ཤིང་གང་ལྟར་ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་དེ་སློབ་གྲྭའི་ནོར་གྱི་བང་མཛོད་དང་ལུས་ཀྱི་རྒྱན་ཆ་ལྟ་བུ་ཆགས་ཀྱི་ཡོད། ང་ཚོའི་སློབ་གྲྭར་དཔེ་མཛོད་ཁང་ཚད་ལྡན་འདི་ལྟ་བུ་ཞིག་ཡོད་པ་ནི་ང་ཚོ་མ་སུ་རིའི་སློབ་ཕྲུག་ཀུན་གྱི་བསོད་ནམས་ཀྱི་བགོ་སྐལ་དུ་སྩལ་བ་རང་རེད་སྙམ་གྱི་འདུག དེར་བརྟེན་ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་དེ་གུས་པ་བློ་ཆུང་ང་རང་སྤོབས་པ་སྐྱེ་འོས་པ་ཞིག་དང༌། མཐའ་དོན་དེར་གུས་པ་ངས་མ་འོངས་པར་ང་ཚོའི་བོད་ཀྱི་བདེན་མཐའ་གསལ་རྗེས་བོད་ཀྱི་སློབ་གྲྭ་ཁག་དང༌། མཐོ་སློབ་ཁག་ཏུ་དཔེ་མཛོད་ཁང་ང་ཚོའི་སློབ་གྲྭའི་དཔེ་མཛོད་ཁང་ངམ་ཡང་ན་དེ་ལས་ལྷག་པའི་དཔེ་མཛོད་ཁང་རེ་བཞེངས་ཐུབ་རྒྱུའི་སྨོན་ལམ་དང་དེ་བཞིན་བློ་གསར་གཞོན་ནུ་ཚོས་སྐལ་བཟང་གོ་སྐབས་ཆུད་ཟོས་སུ་མ་བཏང་བར་བེད་སྤྱོད་ལེགས་པོའི་ངང་གཏོང་རྒྱུའི་སྨོན་ལམ་དུ་མས་བརྒྱན་ཏེ་འདིར་མཚམས་འཇོག་རྒྱུ་ཡིན།། །།

ཞན་ཆ།
    ཡིད་འོང་(དབང)འཕྲོག བློ་ཆུང་རྣམ་(རྣམས)ལ། རྩིག་པའི་ལྡེབ་(ལྡེབས)དངོས་(ངོས)སུ། གཡར་པོ་འཛད(མཛད)ཆུ་བཟོད་ (ཆུད་ཟོས)  འཀོན་(བསྐོན)ནས། སྡེ་མཚན(ཚན) བ་སྒམ་(གམ)  གསེར་སྦྲང་ཀྱིས་(གིས) བདུད་བརྩི་(རྩི) མུ་འགྲེལ་(འབྲེལ) རྣམ་བཞག་(གཞག) འཕྲོད་བསྟེན་ཀྱི་(གྱི) 

དྲན་གསོ་ཞིག

བསམ་གཏན། སྦེལ་ཀོབ་བོད་ཁྱིམ། (ཨང་གཉིས་པ)

༄༅། །མཐོ་སྒང་གི་རི་འདབས་ལ་སྨུག་ཞགས་ཀྱིས་བཀླུབས་བཞིན་ས་གཞི་ཡོངས་རྫོགས་ལ་མུན་པ་འཐིབས། སྐབས་དེ་དུས་ངའི་ཕ་ཡུལ་གྱི་ཁོར་ཡུག་ནི་ཞི་འཇམ་པས་ཚག་སྒྲ་ཙམ་ཡང་ག་ལ་ཐོས། ཆེས་མཐོ་བའི་རི་མགོ་དང་རྒྱ་ཆེ་བའི་ཞིང་ཁའི་དབུས་སུ་ལོ་ཏོག་གི་འབྲས་བུ་སྨིན་ལ་ཉེ་ཞིང་སྟོན་ཐོག་ཚང་མའི་མགོ་བོ་དུད་བཞིན་ཡོད། ཡངས་པའི་རྩྭ་ཐང་སྟེང་ནོར་ནག་ཕྱུགས་རིགས་རང་དགོས་རྩེད་མོར་རོལ་བཞིན་པ་ཕྱུགས་རྫི་ཡང་དུ་ཞགས་ཀྱི་ཁྲོད་དུ་ཇ་ནག་བསྐོལ་བཞིན་མཆིས། དེ་ནི་ངའི་ཐོག་མའི་སྨྲ་བ་ས་གཞིར་འཕོས་པའི་ཉིན་མོ་ཡིན་ལ། ངས་ས་གཞི་ལ་སྦྱིན་པ་ཐོག་མ་ནི་རེ་བ་དང་ཡིད་ཆེས་ཀྱིས་འཕོངས་པའི་ངུ་སྐད་ཅིག་ང་ནི་བསོད་ནམས་ཀྱིས་ཉམས་པའི་ཕྲུ་གུ་ཞིག
    སྐབས་དེ་དུས་མཐོ་སྒང་གི་གངས་རིའི་གཟི་བརྗིད་མི་མངོན་ལ་རྣ་བར་སྙན་ཞིང་ཡིད་སེམས་མགུ་བའི་དུང་གླིང་གི་སྐད་སྒྲ་རྣ་བའི་དབང་པོ་ལས་ཡོངས་སུ་བྲལ་བ་ཞིག རེད་ཡ། སྐབས་དེ་དུས་ཁ་བའི་ཤི་གསོན་གཞན་ལག་ཏུ་ཤོར་ཟིན་པ་སྟེ། ཀླ་ཀློ་དམར་པོའི་དྲག་ཤུགས་ཆེས་སྔ་ས་ནས་སླེབས་ཟིན། འོན་ཀྱང་ངས་ཡ་ང་བའི་འཚོ་བའི་གོམ་བགྲོད་ལ་གདོང་ལེན་བྱས་ནས་ཚ་གྲང་བཀྲེས་སྐོམ་སོགས་གང་ལ་ཡང་ཡིད་མི་ཞུམ་པར་ཆ་མི་སྙོམས་པའི་ཕ་མའི་བྱམས་བརྩེའི་འོག་འཚོ་བའི་མུ་མཐའ་བསྐྱངས་ཡོད།
    ངེད་ཀྱི་ཁྱིམ་ལ་དབང་བ་ནི་རྡོ་འདམ་ལས་བསྒྲུབས་པའི་ཁང་ཆུང་ཞིག་གི་ནང་ལ་ལྷན་པ་དགུ་བརྩེགས་ལས་གྲུབ་པའི་ཕོ་ཁེབས་གཅིག་དང་གདན་ཞིག་ལས་ག་ལ་མཆིས། ཆར་དུས་སྐབས་སུ་ཐིགས་པ་མི་ཁོག་ལ་བཤུ་གཞོག་གིས་བརྩམས་པའི་ལས་འགུལ་དེ་བས་ག་ལ་འགོག་ཐུབ། འོན་ཀྱང་ངེད་ཚོ་གནས་ཡོད་པའི་ཁང་ཆུང་དེའི་ནང་ཨེ་མ་དུས་ཚོད་ཀྱི་གོམ་བགྲོད་ནི་ཇི་འདྲའི་མྱུར་བ་ཞིག
    ཉིན་ནས་ཟླ་དང་ཟླ་ནས་ལོ་སྦྲེལ་ཏེ་ཕ་མའི་ལུས་ཕུང་རྒུད་ཡོད་ལ་དེའི་ཆ་ལ་ངའི་འཚར་ལོངས་ལ་མྱུ་གུ་རྒྱས་ཡོད། བདག་ལ་ཆ་མཚོན་ན་སློབ་སྦྱོང་གི་གོ་སྐབས་ག་ལ་མཆིས། དེའི་ཚབ་ཏུ་ངས་རྩིད་པ་ལས་གྲུབ་པའི་ལྟོ་ཕད་ཅིག་ནང་ཇ་ནག་གིས་བརྫིས་པའི་རྩམ་པ་ཏོག་ཙམ་ཞིག་རྐུབ་སྟེང་དུ་ཁུར་ནས་ཕྱུགས་རིགས་མཉམ་དུ་མཐོ་སྒང་གི་རི་དང་ཡངས་པའི་སྤང་གྲོགས་སུ་བྱས་ནས་འཚོ་བ་སྐྱེལ་འགོ་བརྩམས། དེ་ཚེ་བདག་ལ་བསམ་ན་བློ་ཕམ་གྱི་གཞི་མ་མཆིས། སྐབས་དེ་དུས་ང་འདྲའི་གཞོན་སྐྱེས་བསོད་ནམས་ཉམས་པ་མང་པོས་སློབ་སྦྱོང་གི་གོ་སྐབས་ཟད་ནས་མྀ་ཚེ་ཕྱེད་ཙམ་ཞིག་ནོར་ནག་མཉམ་དུ་བསྐྱལ་ཡོད།
    དེ་ནས་རིམ་བཞིན་སྲིད་ཇུས་གུ་ཡངས་ཞེས་པའི་མིང་ནས་སྤྱི་ཚོགས་ཀྱི་འཚོ་བ་ཕྲན་ཙམ་ལྷོད་དུ་སོང་ན་ཡང་རང་ཁྱིམ་གྱི་འཚོ་བར་ཡར་རྒྱས་ཀྱི་དྲི་མ་མེད། གསར་སྐྱེས་ཀྱི་བྱིས་པ་ཞིག་ལ་ཆ་མཚོན་ན་མི་ཚེ་འདི་ལ་ཕ་མ་ལས་ལྷག་པ་ཞིག་ཕལ་ཆེར་མེད་ངེས་པ་རེད་ལ། ཕ་མའི་སེམས་པ་དང་བརྩེ་བ་ནི་ནམ་ཡང་བྱིས་པའི་མི་ཚེའི་མདུན་ལམ་ཁོ་ནའི་ཆེད་ན་གསོ་རྒས་འགྲོ་བ་ཞིག དེར་བརྟེན་ཕ་མ་གཉིས་ནས་སྤྱི་ཚོགས་ཀྱི་འཚོ་བ་གོམས་སྟབས་དང་ངའི་ད་ལྟའི་མི་ཚེའི་འཚོ་བར་ཡིད་མུག་བློ་ཕམ་སེམས་པ་སྐྱོ་ནས་མི་ཚེའི་བགྲོད་ལམ་གསར་པ་ཞིག་ལ་ཁ་ལོ་བསྒྱུར། དེ་ནི་ང་སྐྱེས་པ་ནས་ད་བར་བསམ་པའི་ཡུལ་ལ་འཁོར་མ་མྱོང་བའི་བསམ་པ་གསར་པ་ཞིག སྐབ་དེ་དུས་ངས་ཕ་མའི་གཟུགས་མེད་ཀྱི་སེམས་ངོ་ལ་སྐྱོ་བ་ལས་གྲུབ་པའི་སྡུག་བསྔལ། རབ་ཏུ་འཕྱུར་བ་ཞིག་ཡོད་པ་ག་ལ་རྟོགས་ལ་རང་སེམས་ལ་དེ་ལྟ་བུའི་སྐྱོ་བ་ཞིག་མ་མཆིས།
    དེ་ཡང་ཉིན་ཞིག་དགོང་མོ་ཆེས་མི་གསལ་བའི་སྒྲོན་མེའི་འོད་ཟེར་འོག་ཕ་མས་ངའི་ལམ་ཟས་དགོས་འགལ་རྣམས་རས་ལྷེབ་ཅིག་ལ་བཏུམས་ནས་སང་ཉིན་གྱི་གྲ་བསྒྲིགས་བྱས། དེ་དགོང་རང་སེམས་ལ་སྡུག་བསྔལ་མ་མཆིས་ཀྱང༌། ན་གསོ་རྒས་པའི་ཕ་མར་སྐྱིད་པའི་གཉིད་མེད་བཞིན་བུ་བྲལ་ཁའི་ྡུག་བསྔལ་ཁོ་ནའི་འོག་མཚན་མོ་སོང་ཡོད། ཉིན་རེ་དང་མི་འདྲ་བར་ཐོ་རེངས་བྱ་སྐད་དེ་རིང་ཧ་ཅང་སྔ། ཕ་མས་སྔ་ལངས་ཀྱིས་ཕ་མས་ཞོགས་ཟས་གྲ་བསྒྲིགས་བྱས་ཟིན། དེ་ནི་ངའི་མི་ཚེ་ནང་ཆེས་ཐ་མའི་ཕ་མའི་ཆ་ལ་མཉམ་ཟས་ལ་རོལ་བ་དེ་རེད། དེ་སྐབས་ཁྱིམ་ཆུང་ཁོར་ཡུག་ནི་ཁུ་སིམ་ཞིང་ཡ་མཚན་པ་ཞིག དུས་ཚིག་ནི་མྱུར་བས་བདག་བགྲོད་ཟིན། དེ་དུས་ངའི་མིག་ལམ་དུ་མངོན་པ་ནི་བགྲེས་ཤིང་རིད་པའི་ཕ་མ་གཉིས་ཀྱི་གཟུགས་བརྙན་ཆ་ཞིག་ལག་ཏུ་ཁ་བཏགས་ཐོག་པ་ཞིག་ལས་གཞན་ཅི་ཡང་མི་སྣང༌། དྲིན་ཆེན་ཕ་མའི་སེམས་བསམ་གྱི་སྙིང་གཏམ་ཚིག་རེའི་ཆ་ལ་རེ་བ་དང་ཡིད་ཆེས་ལས་གྲུབ་པའི་མིག་ཆུ་རྡོག་པ་རེ་བདག་ལ་སྦྱིན་སྐབས་དེ་དུས་ངའི་གཟུགས་མེད་སེམས་ལ་སྨྲ་དཀའ་བའི་སྐྱོ་བ་དྲག་པོ་ཞིག་གིས་བསྐུལ་ནས་ཕ་མའི་གྱེས་ཁའི་གཏམ་ལ་མཆི་མའི་རྡོག་པོའི་ཆ་ཡིས་ལན་འདེབས་བྱས། ཉིན་མོ་དེ་ནི་ངའི་མི་ཚེའི་ནང་ནམ་ཡང་བརྗེད་པར་དཀའ་ཞིང་རྒྱུན་དུ་དྲན་གསོ་འོས་པ་ཞིག དེ་ནི་ངས་དྲིན་ཆེན་ཕ་མ་དང་རང་ལ་དབང་བ་ཐམས་ཅད་ལ་ཀླུང་མང་པོའི་རྒྱབ་ཏུ་བསྐྱུར་ནས་རྒྱུས་མེད་ཀྱི་ས་མཐར་ཆ་མེད་ཀྱི་འཚོ་བའི་གོམ་བགྲོད་ལ་བཞུགས་པ་དེ་རེད། རིམ་བཞིན་ཕ་མའི་འགྲམ་ནས་བྲལ་ཏེ་རླངས་འཁོར་གྱི་ཐེམ་སྐས་འཛེགས་ནས་ཕ་ཡུལ་དང་ཕ་མ་བྲལ། རླངས་འཁོར་ལས་ཕྱིར་མིག་གིས་མཐོང་བ་ནི་ཆེས་རྒྱང་རིང་མ་ཡིན་པའི་སར་རབ་རིབ་གྱི་གཟུགས་བརྙན་ཆ་ཞིག་ད་དུང་ཀྲོང་ངེར་ལངས་ཡོད་པ་དེ་ངའི་ཕ་མ་རེད། དྲིན་ཆེན་ཕ་མ།

        ལོ་མང་བྲལ་བའི་ཕ་མ་རྣམ་གཉིས་ལགས། །སེམས་སྡུག་བློ་ཕམ་མ་གནང་བདེ་བར་གྱིས། །
        སྙིང་གི་ནོར་བུ་ས་མཐར་འགྲིམས་པ་ང༌། །ཤེས་བྱའི་མྱུ་གུ་རྒྱས་ཤིང་ནད་མེད་ཡིན། །

ཞན་ཆ།
    དེའི་འཚབ་(ཚབ)ཏུ། རྩམ་པ་ལྟོག་(ཏོག)ཙམ། བདུན་(མདུན)ལམ། དགོས་འགལ་(གལ)རྣམ(རྣམས) རྒྱུད་(རྒྱུས)མེད། རླངས་འཁོར་གྱིས་(གྱི)ཐེམ་སྐས། མི་གཞུམ(ཞུམ) ཡིད་སྨུག(མུག) ཉི་(ཉིན)ཞིག གྲེས་ཞིང་རིས(བགྲེས་ཤིང་རིད)

ཁོར་ཡུག་གི་སྐོར།

ངག་དབང་ཆོས་འབྱོར། མོན་གྷོ་གཏན་སློབ། (ཨང་གསུམ་པ)

༄༅། །ཁོར་ཡུག་ཅེས་པ་ནི་རང་སོ་སོའི་གཡས་གཡོན་གང་སར་ཟེར། དེའི་ནང་ས་དང༌། ཆུ། རྒྱུགས་ཆུ། ཤིང་སྡོང༌། མེ་ཏོག་སོགས་ཚུད་ཡོད། ཁོར་ཡུག་གཙང་མ་ཉར་དགོས་པ་ནི་ཚང་མས་མཁྱེན་གསལ་ལྟར་ཤིན་ཏུ་གལ་ཆེན་པོ་རེད། གལ་ཏེ་ཁོར་ཡུག་གཙང་མ་མེད་ན་རང་གཞན་ཚང་མ་ལུས་སེམས་གཉིས་ཀ་བདེ་པོར་གནས་མི་ཐུབ། ཁོར་ཡུག་གཙང་མ་ཉར་དགོས་ཟེར་ན་རང་སོ་སོའི་ནང་ཙམ་མིན་པར་གཡས་གཡོན་རྣམས་ལའང་གོ་དགོས།
    ཁོར་ཡུག་ཟེར་བ་དེ་མི་རེ་གཉིས་ཀྱིས་གཙང་མ་ཞིག་ཉར་རྒྱུ་ཡོད་རེད་དམ་ཟེར་ན་མ་རེད། ཁོར་ཡུག་གཙང་མ་བཟོ་བ་ལ་ཚང་མས་ཕྱ་གྲུ་མཉམ་གདེགས་བྱེད་དགོས། འོ་ན་ཁོར་ཡུག་ཟེར་བ་དེ་གང་འདྲ་བྱས་ནས་བཙོག་པ་ཆགས་པ་རེད་ཟེར་ན། དེང་དུས་སྙིགས་མའི་དུས་འདིར་ཚན་རིག་ཧ་ལས་པ་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས་བཟོ་གྲྭ་འདྲ་མིན་བརྒྱབ་སྟེ་མོ་ཊ་དང༌། སྦག་སྦག གནམ་གྲུ་སོགས་འཛུགས་སྐྲུན་གང་མང་བྱེད་བཞིན་ཡོད། དེ་ཙམ་མ་ཟད་རྫས་རིགས་ཀྱང་སྣ་མང་བསྐྲུན་བཞིན་ཡོད། དེ་དག་ལ་བརྟེན་ནས་མོ་ཊ་སོགས་ཀྱི་དུ་བ་དང༌། རྫས་རིགས་ཀྱིས་འབུ་འདྲ་མིན་བསད་པ་ཙམ་མ་ཡིན་པར་རྩི་ཤིང་དང་མི་ལ་ཡང་དབུགས་དང་འཚར་ལོངས་བྱེད་པ་ལ་བར་ཆད་བྱེད་ཀྱི་ཡོད། དེ་བཞིན་དུ་བཟོ་གྲྭའི་ཕན་མ་ཐོགས་པའི་རྫས་རྣམས་རྒྱུགས་ཆུ་དང་རྒྱ་མཚོའི་ནང་བཏང་སྟེ་ཆུ་དེ་དག་ཀྱང་བཙོག་པ་བཟོ་ཡི་ཡོད། བཙོག་པ་བཟོས་པའི་ཆུ་རྣམས་མི་འགའ་ཞིག་གིས་ལོངས་སུ་སྤྱད་དེ་ནད་ན་ཚ་འདྲ་མིན་ཕོག་པ་དང་མཐའ་མ་འཆི་འགྲོ་བ་ནི་འཛམ་གླིང་འདིའི་ནང་འདས་གྲོངས་སུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་དེ་ཆགས་ཡོད།
    འོན་ཀྱང་ད་ལྟ་ཚན་རིག་ཡར་རྒྱས་གཅིག་པུ་ཕྱིན་པ་ལ་བརྟེན་ནས་མི་བདེ་བ་དག་ཡོང་གི་རེད་དམ་ཟེར་ན་མ་རེད། དེ་ནོར་འཁྲུལ་རེད། རྒྱལ་ཁབ་གང་འདྲ་ཞིག་ཡིན་ཡང་ཡར་རྒྱས་ཞིག་དང་ཡག་པོ་ཞིག་འདོད་མཁན་ཤ་སྟག་ཡིན། རྒྱལ་ཁབ་ཡར་རྒྱས་ཕྱིན་པ་ལ་ཚན་རིག་ངེས་པར་དུ་ཡར་རྒྱས་འགྲོ་དགོས། འོན་ཀྱང་ཚན་རིག་ཁོ་ན་ཡར་རྒྱས་ཕྱིན་པ་མ་ཡིན་པར། དེ་དང་ལྷན་དུ་ཚན་རིག་བེད་སྤྱོད་གཏོང་སྟངས་ཀྱང་ཤེས་དགོས་པ་ནི་དེ་བས་ཀྱང་གལ་ཆེ་བ་ཡིན། ད་ཆ་ཁོར་ཡུག་འདི་མི་གཙང་བ་ཞིག་ཡོང་དགོས་པའི་རྒྱུ་མཚན་ནི་ཚན་རིག་མ་ཤེས་པ་མ་ཡིན་པར་བེད་སྤྱོད་གཏོང་སྟངས་མི་ཤེས་པ་ལས་ཡིན།
    འོ་ན་ཁོར་ཡུག་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གང་འདྲ་བྱས་ནས་ཡོང་གི་རེད་ཟེར་ན། གཙོ་བོ་ནི་མི་སོ་སོའི་ཁོར་ཡུག་ལ་དོ་སྣང་དང༌། ཁོར་ཡུག་སྐོར་གྱི་ཤེས་ཡོན་ཡོད་དགོས། དེ་དང་ལྷན་དུ་སྨན་པ་ལ་སོགས་པའི་གཞུང་གི་ལས་བྱེད་ཙམ་མ་ཡིན་པར་མི་མང་ཚང་མས་འགན་འཁུར་གནང་དགོས། ང་ཚོའི་འཇིག་རྟེན་གྱི་ཁ་དཔེ་ལྟར། མི་མང་ཁ་ལ་དུག་ཡོད། མི་མང་ལག་ལ་གསེར་ཡོད་ཟེར་བ་ལྟ་བུ། གལ་ཏེ་མི་རེ་རེ་ཡིས་ཤིང་སྡོང་གཉིས་རེ་བཏབ་ན་མི་ལྔ་བརྒྱ་ཡིས་ཤིང་སྡོང་ཆིག་སྟོང་བཏབ་ཐུབ་པ་དང་མ་བཏབ་ན་གཅིག་ཀྱང་བཏབ་མི་ཐུབ། འོ་ན་ཤིང་སྡོང་ངམ་རྩི་ཤིང་འདེབས་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཤིང་སྡོང་ངམ་རྩི་ཤིང་གིས་མི་དང་དུད་འགྲོ་ལ་མི་དགོས་པའི་རླུང་(carbon dioxide)རྣམས་འཇིབས་ཏེ་ང་ཚཽར་མཁོ་བའི་རླུང་རྣམས་སྤྲོད་ཀྱི་ཡོད། དེ་ཙམ་མ་ཟད་ཤིང་སྡོང་གིས་ཆར་པ་དུས་ཐོག་ཏུ་འབབ་པ་དང༌། ས་ཆུ་འཁྱེར་མི་འགྲོ་བ་སོགས་ཀྱི་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། ཤིང་སྡོང་དང་རྩི་ཤིང་ལས་ང་ཚོར་ཟས་སྣ་ཚོགས་དང༌། སྨན། གོས། འབྲི་དེབ་ཀྱི་ཤོག་བུ་སོགས་འདྲ་མིན་སྣ་ཚོགས་རག་གི་ཡོད། གལ་ཏེ་ཤིང་སྡོང་དང་རྩི་ཤིང་རྣམས་མེད་པ་ཡིན་ན་དེ་དག་ལ་བརྟེན་པའི་སེམས་ཅན་རྣམས་ཤི་འགྲོ་བ་དང༌། སེམས་ཅན་དེ་དག་ཤི་བ་ཡིན་ན་བདག་ཅག་མི་ཡང་འཆི་འགྲོ་བ་ནི་ཐེ་ཚོམ་མེད། མཐའ་མ་སའི་གོ་ལ་འདི་ཡང་གཟའ་སྐར་གཞན་དང་འདྲ་བར་སེམས་ཅན་མེད་པ་ཞིག་ཆགས་རྒྱུ་རེད། གལ་ཏེ་ང་ཚོས་ཁོར་ཡུག་གཙང་མ་ཞིག་གི་རྒྱལ་ཁབ་ནས་ཡོང་བའི་མི་ཞིག་ལ་བལྟས་ན་ང་ཚོའི་སེམས་པ་རང་དབང་མེད་པར་འཕྲོག་སྟེ་མི་དེ་ཡིད་དུ་འོང་བ་ཞིག་མཐོང་གི་ཡོད། དེ་ནི་མི་དེ་རྒྱུ་ཆེ་བ་དང་དབང་ཆེ་བའི་རྒྱུ་མཚན་ལས་མ་ཡིན། དེ་ནི་མི་དེ་རང་བཞིན་གྱི་གཙང་མ་ཞིག་ལ་བརྟེན་ནས་ཡིན། མི་དང་དེའི་གནས་ས་གཙང་མ་ཞིག་ཡོད་ན་ལྷ་ཡང་འཁོར་ཟེར་བ་ལྟ་བུ་རེད།
    ཁོར་ཡུག་གཙང་མ་ཡོང་བའི་ཆེད་འགན་གཙོ་བོ་དེ་ནི་གཞིས་ཆགས་སམ་ལུང་པ་སོ་སོའི་སྨན་པ་དང༌། དེའི་ལས་རོགས་རྣམས་ཀྱིས་འཁྱེར་དགོས། སྨན་པ་ཚོས་ནད་པར་བརྟག་དཔྱད་དང་སྨན་སྤྲད་པ་ཙམ་མ་ཡིན་པར་ནད་པ་དེ་ན་བའི་རྒྱུ་མཚན་དང་ཁུངས་རྣམས་རྟོགས་ཏེ་ན་ཚ་མི་ཡོང་བའི་ཐབས་ཤེས་གང་ལེགས་བྱེད་དགོས། སྨན་པ་ཚོས་སློབ་གྲྭ་དང༌། དགོན་པ། དེ་མ་ཡིན་པའི་མི་མང་ཚོགས་སའི་གནས་ལ་ཕེབས་ཏེ་ཁོར་ཡུག་གཅེས་འཛིན་བྱེད་དགོས་པ་དང༌། ཁོར་ཡུག་དང་འཕྲོད་བསྟེན་བར་གྱི་འབྲེལ་བ། ཁོར་ཡུག་ཇི་ལྟར་འཕྲོ་བརླག་འགྲོ་ཡི་ཡོད་པ་དང༌། ཁོར་ཡུག་ཇི་ལྟར་ཡག་པོ་ཉར་དགོས་པའི་ཐབས་ལམ་སོགས་ཀྱི་བཀའ་སློབ་དང་ལམ་སྟོན་ཡང་ཡང་གནང་དགོས། གཞིས་ཆགས་སོ་སོའི་ཁུངས་ནས་ཀྱང་ཁོར་ཡུག་ལ་དོ་སྣང་དང༌། སེམས་ཤུགས་སྤེལ་བའི་ཆེད་དུ་ཁོར་ཡུག་ལ་བདག་གཅེས་ལེགས་པ་བྱེད་མཁན་རྣམས་ལ་བྱ་དགའ་འཕུལ་ཏེ་བསྟོད་བསྔགས་གནང་དགོས། བདག་ཅག་གི་བོད་མི་རིགས་ཀྱི་ཁོར་ཡུག་དང་རྒྱལ་ཁབ་རང་བཙན་མྱུར་ཐོབ་ཆེད་དུ་ཡང་འབྲེལ་བ་ཆེན་པོ་ཆགས་ཡོད། ཁོར་ཡུག་གཙང་མ་ཡོད་པ་ལས་ང་ཚོའི་ལུས་པོ་དང་སེམས་པ་གཉིས་ཀ་བདེ་པོར་གནས་ཐུབ་པ་དང༌། བློ་དང་རིག་པ་རྣམས་ཀྱང་དྭངས་ཤིང་གསལ་བ་ཡོང་ཐུབ། གལ་ཏེ་ང་ཚོའི་མ་འོངས་བོད་ཀྱི་སོན་རྩའམ་མ་འོངས་བོད་ཀྱི་འཛིན་སྐྱོང་བྱེད་མཁན་རྣམས་ཀྱི་འཕྲོད་བསྟེན་ལེགས་པོ་ཡོད་ན་སློབ་སྦྱོང་ཡང་དེ་བཞིན་ལེགས་པོ་བྱེད་ཐུབ། སློབ་སྦྱོང་ལེགས་པོ་བྱེད་ཐུབ་ན་རང་གི་མ་རིག་པའི་མུན་པ་རྣམས་བསལ་ཏེ་རྒྱལ་ཁབ་ཀྱི་ཆེད་ཁ་ཞེ་གཉིས་མེད་ཀྱི་བྱ་བ་སྤེལ་ཐུབ་པ་དང༌། རང་བཙན་ཆེད་ལས་འགུལ་འདྲ་མིན་སྤེལ་ཐུབ། ང་ཚོའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོས་གསུངས་པ་བཞིན་དེ་རིང་གི་སློབ་ཕྲུག་ཆུང་ཆུང་ཞིག་གིས་ཁྲུས་གཙང་མ་ཞིག་མ་རེད་ནའང་དེ་བོད་རང་བཙན་ལ་གནོད་ཀྱི་རེད་གསུངས་པ་ལྟར་རེད།
    ཁོར་ཡུག་དེ་བོད་རྒྱལ་ཁབ་ཀྱི་རང་བཙན་ཙམ་མ་ཟད་རང་རེའི་ཐུན་མོང་མ་ཡིན་པའི་ནང་པའི་ཆོས་ལ་ཡང་འབྲེལ་བ་ཆེན་པོ་ཆགས་ཡོད། གལ་ཏེ་ཁོར་ཡུག་ཡག་པོ་ཞིག་དང་གཙང་མ་ཞིག་བཟོས་པ་ཡིན་ན། ཕྱིའི་མི་ཞིག་གིས་མཐོང་ཚེ་མི་དེའི་སེམས་ནང་དགའ་སྣང་ཞིག་ཡོང་ཐུབ། དེ་ནི་མི་དགའ་ན་ཆོས་ཡིན་ཟེར་བ་ལྟར་དགེ་བའི་ལས་ཞིག་ཀྱང་ཡིན། དེ་ཡི་རྒྱུ་མཚན་ལ་བརྟེན་ནས་དགོན་པ་ཁག་ཙམ་མ་ཡིན་པར་སློབ་གྲྭ་དང༌། ས་ཆ་གང་ལ་ཡང་གཙང་མ་ཡོང་བའི་ཆེད་གད་ཕྱིད་བྱས་པ་ཡིན་ན་བསོད་ནམས་དང་ཚོགས་བསགས་ཀྱི་རེད་ཅེས་དེའི་ནང་འཁོད་ཡོད་པ་བཞིན་རེད། འཕྲོད་བསྟེན་གཙང་མ་ཡག་པོ་ཡོད་ན་མི་དེ་ཡང་ཚེ་རིང་ལོས་ལ་ཡང་ཁྱད་པར་ཆེན་པོ་ཡོད།
    མཐའ་མ་དེ་ལ་གུས་པས་རེ་འདུན་ནམ་འདོད་དོན་གཙོ་བོ་ནི་བདག་ཅག་གི་གངས་རིས་སྐོར་བའི་བོད་ཙམ་མ་ཡིན་པར་འཛམ་གླིང་འདིའི་རྒྱལ་ཁབ་ཐམས་ཅད་ཁོར་ཡུག་ཡག་པོ་ཞིག་དང༌། དེ་དག་ལ་གནས་པའི་སེམས་ཅན་ཐམས་ཅད་ལུས་སེམས་གཉིས་ཀ་བདེ་པོ་ཞིག་དང་སྐྱིད་པོ་ཞིག་གནས་ཐུབ་པའི་སྨོན་འདུན་དང་བཅས། བོད་རྒྱལ་ལོ།། །།

ཞན་ཆ།
    མཉམ་སྡེགས་(འདེགས) ཆུ་ནང་བློས་(བླུགས) ཡར་རྒྱས་ཞིག་(ཤིག་དང)ཡག་པོ། བེད་སྤྱོད་བཏོང་(གཏོང) ང་ཚོར་འཁོ་(མཁོ)བས། མགོན་(དགོན་པ) འཕྲོན་བརྟེན་(འཕྲོད་བསྟེན)  རེ་དོན་འམ་(ནམ) གངས་རིའི་(རིས)བསྐོར་བའི། སྤྱོད་(སྤྱད)དེ།  འཕྲོག་ཏེ(སྟེ) བསྟོད་སྔགས(བསྔགས) མྱུར་ཐོག(ཐོབ) བདེ་ཀྱི(དེའི)ནང༌། གཙང་མ་འཕྲོད་བསྟེན(འཕྲོད་བསྟེན་གཙང་མ) རེ་དོན(རེ་འདུན)

ངའི་སློབ་ཚན་དགའ་ཤོས་དང་གལ་ཆེ་ཤོས།

ངག་དབང་བཀྲ་ཤིས། མ་སུ་རི་གཏན་སློབ། (ཨང་གསུམ་པ)

༄༅། །སྤྱིར་བཏང་སློབ་གྲྭའི་ནང་གི་སློབ་ཚན་ཚང་མ་གལ་ཆེན་པོ་ཡིན་པ་མ་གཏོགས་སློབ་ཚན་གཅིག་གལ་ཆེ་བ་དང་གཞན་པ་གལ་ཆུང་བ་རྩ་བ་ནས་མིན། སློབ་གྲྭ་ལ་འགྲོ་དགོས་པའི་དམིགས་ཡུལ་ནི་སློབ་གྲྭའི་ནང་ནས་ཡོན་ཏན་ཚང་མ་སོ་སོས་སྦྱང་ནས་ཤེས་ཐུབ་པ་དང༌། རང་ཉིད་མཁས་པར་འགྱུར་བའི་དམིགས་ཡུལ་ཞིག་བཟུང་ནས་སློབ་གྲྭ་ལ་འགྲོ་གི་ཡོད་རེད། དེ་འདྲ་ཡིན་དུས་སློབ་ཚན་ཚང་མ་གལ་ཆེན་པོ་ཡིན། ཡིན་ནའང་སྐབས་དང་དུས་ལ་བསྟུན་པ་དང་སོ་སོའི་བློ་རིག་པ་སོགས་ལ་བསྟུན་ནས་སློབ་ཚན་འདེམས་རྒྱུ་དེ་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། དཔེར་ན་རང་ཉིད་ཨང་རྩིས་ལྟ་བུའི་སློབ་ཚན་ག་ཚོད་སྦྱང་བརྩོན་བྱས་ཀྱང་མ་ཤེས་པ་དང་ཡར་རྒྱས་མ་ཕྱིན་པ་ཡིན་ན་ད་དུང་སློབ་ཚན་དེ་ལ་ལོ་མང་ཨུ་ཚུགས་བརྒྱབ་པ་ཡིན་ན་ཕན་ཐོགས་མེད།
    གཞི་རིམ་འཛིན་གྲྭ་བར་སློབ་ཚན་ཚང་མའི་གཞི་རིམ་འགྲོ་སྟངས་ཤེས་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་རེད། གཞི་རིམ་ཐོན་པའི་རྗེས་ལ་སློབ་ཚན་གཅིག་གཉིས་ལ་དམིགས་ཡུལ་བཟུང་ནས་དེ་མཐར་ཕྱིན་པ་ཡར་རྒྱས་ཡོང་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་ནི་གལ་ཆེན་པོ་ཡིན།
    དེ་འདྲ་སོང་ཙང་ངའི་སློབ་ཚན་དགའ་ཤོས་ནི་བོད་ཡིག་ཡིན། ངས་བོད་ཡིག་སློབ་ཚན་དེ་དགའ་ཤོས་དང་རྩ་ཆེ་ཤོས་སུ་བརྩི་དགོས་དོན་གཙོ་བོ་ནི་ང་ཕྱོགས་གཅིག་ནས་བོད་པ་ཞིག་ཡིན་པའི་ཆ་ནས་སློབ་ཚན་དེ་གལ་ཆེ་ཤོས་ཤིག་དང༌། ཕྱོགས་གཞན་ནས་རྒྱ་མིས་ང་ཚོའི་ལུང་པ་འཕྲོག་ནས་བོད་ཀྱི་ཆོས་དང་རིག་གཞུང་ཆ་ཚང་རྩ་མེད་བཟོ་ཡི་ཡོད་པའི་རྒྱུ་མཚན་གྱིས་དེ་འཛམ་གླིང་ནང་རྩ་མེད་མ་ཕྱིན་པར་གནས་ཐུབ་པའི་དམིགས་ཡུལ་དུ་བཟུང་ནས་ངས་བོད་ཡིག་འདི་གལ་ཆེན་པོར་བརྩི་ཡི་ཡོད། གོང་གི་དམིགས་ཡུལ་གཉིས་གཅིག་པོ་མིན་པ། དཔེར་ན། ང་རང་ནང་པ་ཞིག་གི་སློབ་ཕྲུག་ཡིན་པའི་ཆ་ནས་དེ་ལས་ཀྱང་བོད་ཡིག་འདི་གལ་ཆེན་པོ་ཡིན། གང་ཡིན་ཟེར་ན། ང་ཚོ་ནང་པ་སངས་རྒྱས་པའི་དམིགས་ཡུལ་མཐར་ཐུག་དེ་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་དེ་ཡིན། སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་ལམ་རྣམས་ཆ་ཚང་བ་དེང་སང་བོད་ཀྱི་སྐད་ཡིག་ཁོ་ནའི་ནང་མ་གཏོགས་སྐད་ཡིག་གཞན་ནང་མེད། བྱས་ཙང་ཆོས་ཕྱོགས་ཀྱི་ཆ་ནས་ཀྱང་བཤད་པ་ཡིན་ཡང་བོད་ཡིག་མ་སྦྱང་ན་ནང་པའི་ཆོས་ཀྱི་གནས་སྟངས་སྐོར་ཆ་ཚང་ཤེས་ཐུབ་ཀྱི་མ་རེད།
    ད་ག་ནང་བཞིན་དུས་རབས་འདི་ལ་ཆ་བཞག་ན་རྒྱ་མིས་ང་ཚོའི་ལུང་པ་འཕྲོག་ནས་ང་ཚོའི་ཆོས་དང་རིག་གཞུང་ཚང་མ་མེད་པ་བཟོ་ཡི་ཡོད་པ་རེད། ད་དུང་ང་ཚོས་སོ་སོའི་རིག་གཞུང་ལ་དོ་སྣང་མ་བྱས། བོད་ཡིག་མ་སྦྱང་པར་བསྡད་པ་ཡིན་ན་ང་ཚོའི་མི་རིགས་དང་རིག་གཞུང་རྩ་མེད་འགྲོ་རྒྱུ་མ་ཟད་སྟོན་པ་བཀའ་དྲིན་ཅན་གྱིས་ཚེ་རབས་དུ་མར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་མཐར་རྡོ་རྗེ་གདན་དུ་སངས་རྒྱས། ཝཱ་རཱ་ཎ་སཱི་སོགས་ལ་སེམས་ཅན་གྱི་དོན་དུ་ཆོས་འཁོར་མཐའ་ཡས་པ་བསྐོར་བ་དང༌། དེ་རྗེས་རྒྱ་བོད་ཀྱི་པན་གྲུབ་དུ་མས་བོད་དང་དེ་བཞིན་སངས་རྒྱས་དང་མ་མཇལ་བའི་སེམས་ཅན་ཀུན་ལ་ཕན་པའི་ཕྱིར་དུས་ད་ལྟ་བར་དུ་དཀའ་སྤྱད་ཆེན་པོས་བདག་ཉར་བྱས་པ་རྣམས་ང་ཚོས་མ་སྦྱང་བར་སྣང་ཆུང་དུ་བཞག་པ་ཡིན་ན། ཕྱོགས་གཅིག་ནས་གོང་རིམ་ལ་དྲིན་ལན་ལོག་འཇལ་ཆགས་པ་དང༌། ཕྱོགས་གཉིས་ནས་རང་དང་དེ་ལས་ཀྱང་མ་འོངས་མི་རབས་ལ་གནོད་སྐྱོན་དུ་མཐོང་ནས་དེ་རིང་ངས་སློབ་ཚན་དགའ་ཤོས། ཡང་ན་ངའི་སློབ་ཚན་གལ་ཆེ་ཤོས་དེ་བོད་ཡྀག་ཡིན་བརྗོད་རྒྱུ་ཡིན།
    མདོར་ན་ངའི་སློབ་ཚན་དགའ་ཤོས་བོད་ཡིག་ཡིན་བརྗོད་པ་ཙམ་མ་ཡིན་པར། དངོས་གནས་དྲང་གནས་སློབ་གྲྭའི་ནང་བོད་ཡིག་ལ་དོ་སྣང་བྱེད་པ་དང་བོད་ཀྱི་སྐོར་དང་བོད་ཡིག་ཚགས་ཤོག སྒྲུང་དེབ། མཚར་གཏམ་གང་མང་ཉིན་ལྟར་ཀློག་གི་ཡོད། བོད་ཡིག་ཡར་རྒྱས་ཕྱིན་པ་ཡིན་ན་འཛམ་གླིང་གི་སྐད་ཡིག་ཚང་མ་ལ་འགྲན་ཆོག་པ་ཡིན། དེང་སང་ང་ཚོའི་སྤྱི་ཚོགས་ནང་བོད་ཡིག་ལ་མཐོང་ཆུང་བྱས། དབྱིན་ཇི་སོགས་ལ་ཆེ་མཐོང་བྱེད་མཁན་མང་པོ་ཡོང་གི་ཡོད་རེད། དེ་ཚོ་ཇབ་ཆུང་རེད། རི་བོང་ཅལ་འདྲོགས་ལྟ་བུ་ཡིན། དངོས་གནས་བསམ་བློ་བཏང་ན། དེང་སང་ཚན་རིག་ཡར་རྒྱས་ཧ་ཅང་ཕྱིན་ཡོད་པའི་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ཤེས་ཡོན་ཅན་མང་པོ་ཞིག་གིས་བོད་ཀྱི་ཆོས་སམ་ནང་པའི་ཆོས་ཀྱི་ནང་ཚན་རིག་ལས་ལྷག་པའི་འཇིག་རྟེན་གྱི་སྐོར་དང་སེམས་ཅན་གྱི་འབྱུང་རིམ། དེ་བཞིན་གསོ་བ་རིག་པའི་སྐོར་སོགས་ཧ་ལས་པ་མང་པོ་ཡོད་པ་མཐོང་སྟེ་དེ་ཚོའི་སྐོར་སྦྱོང་འདོད་བྱེད་ཀྱི་ཡོད་པ་རེད།
    དེ་ཡང་དེ་ཚོའི་སྐོར་ཤེས་པ་བྱེད་པ་ལ་ཐོག་མར་བོད་ཡིག་དང་བོད་སྐད་མ་ཤེས་པ་ལ་དེ་ཚོ་ཡག་པོ་ཤེས་ཐུབ་ཀྱི་མེད་པས་ཁོང་ཚོས་བོད་ཡིག་ལ་དེང་སང་དོ་སྣང་ཆེན་པོས་སྦྱོང་གི་ཡོད་རེད། དེ་འདྲ་ཕྱི་རྒྱལ་མི་སྣ་མཁས་པ་ཚོས་ང་ཚོའི་སྐད་ཡིག་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ན་ང་ཚོས་ང་ཚོའི་བོད་ཡིག་ལ་དོ་སྣང་མ་བྱས་པ་ནི་ཧ་ལས་པའི་གནས་ཚུལ་སྐྱོ་པོ་ཞིག་ཡིན། དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན། དེང་སང་ཤར་ནུབ་ཕྱི་རྒྱལ་ཚང་མའི་ནང་བོད་ཀྱི་བླ་མ་དང་གྲྭ་བཙུན་ཚང་མ་ལ་བརྩི་མཐོང་དང་གུས་ཞབས་གང་འདྲ་བྱེད་ཀྱི་ཡོད་པ་ཚང་མས་མཁྱེན་གསལ་རེད། ཁོང་རྣམ་པར་དེ་འདྲའི་མཐོང་དང་བརྩི་བཀུར་ཞུ་དགོས་དོན་ནི། ཁོང་རྣམ་པར་ཐུན་མོང་མ་ཡིན་པའི་རིག་གཞུང་ཁྱད་པར་ཅན་ཞིག་ལྡན་ཡོད་པའི་ཆ་ནས་ཁོང་ཚོས་དེ་ལེན་ཐབས་ཀྱི་ཆེད་དུ་གུས་ཞབས་དང་བརྩི་བཀུར་ཆེ་མཐོང་སོགས་གནང་གི་ཡོད་པ་རེད་མ་གཏོགས་མི་གསར་པ་ཞིག་ཡིན་པའི་ཆ་ནས་ཆེ་མཐོང་གནང་གི་མེད།
    དེ་འདྲ་སོང་ཙང་མཐའ་དོན་གུས་པས་རང་གི་སྐད་ཡིག་དེ་སློབ་ཚན་གྱི་ནང་ནས་གལ་ཆེ་ཤོས་དང་དགའ་ཤོས་དམིགས་ཡུལ་བཟུང་བ་ནང་བཞིན་རྗེས་མའི་སློབ་མ་ཚོས་ཀྱང་དེ་ལྟར་དམིགས་ཡུལ་བཟུང་ནས་བོད་ཡིག་ཡག་པོ་སྦྱོང་བའི་སྨོན་ལམ་ཞུ།། །།

ཞན་ཆ།
     གང་འདྲ་བྱས་(བྱེད)ཀྱི་ཡོད། དེ་འདྲའི་མཐོང་(དང)བརྩི་བཀུར། ཐོབས་(ཐོབ)པའི། གོང་རིམས(རིམ) ཚག(ཚགས)ཤོག དྲངས(དྲང)གནས། ཅལ་སྒྲོག་(འདྲོགས) ཚན་རིགས(ཚན་རིག)

མདུན་ཤོག