ཟླ་རེའི་གསར་འགྱུར།

སྐུའི་གོ་སྟོན་ཆེད་བྱིས་སྒྲུང་རྩོམ་འབྲིའི་གསལ་བསྒྲགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༩༠ བཞེས་པའི་གོ་སྟོན་ལ་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་ཆ་ཕྲ་མོ་ཞིག་གསབ་ཕྱིར་དང་། མཆོད་པའི་མེ་ཏོག་ཅིག་གི་ཚུལ་དུ། ཐུགས་བསྐྱེད་དམ་བཅའ་བཞིའི་སྟེང་གཞི་རིམ་འོག་མ་དང་བར་མའི་སློབ་ཕྲུག་གི་གནས་ཚད་དང་འཚམས་པའི་བྱིས་སྒྲུང་བརྙན་དེབ་བཞི་འདོན་སྤེལ་ཞུ་རྒྱུ་ལགས་ན། མགོན་པོ་གང་ལ་སྒྲུབ་པའི་མཆོད་པ་དང་། བསོད་ནམས་གསོག་ཕྱིར་བྱིས་སྒྲུང་རྩོམ་འབྲི་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན། བྱིས་སྒྲུང་གང་འབྱོར་ལས་ཐུགས་བསྐྱེད་དམ་བཅའ་རེ་རེའི་བརྗོད་དོན་སྟོན་པའི་བྱིས་སྒྲུང་ལྔ་རེ་དྲག་འདེམས་བྱས་ཏེ། བྱིས་སྒྲུང་གི་ནང་དོན་དང་མཐུན་པའི་རི་མོ་བྲིས་ཏེ་བརྙན་དེབ་ཏུ་པར་སྐྲུན་གྱིས་གོ་སྟོན་ཉིན་དབུ་འབྱེད་ཞུ་རྒྱུ་ཡིན་ན། སླར་ཡང་མཁྱེན་ཡངས་རྩོམ་པ་པོ་གང་མང་མཉམ་བཞུགས་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད།

དུས་ཡུན། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༠ ནས་ཟླ་ ༡༡ ཚེས་༡༠ བར་ཡིན།

བྱིས་སྒྲུང་གི་བརྗོད་དོན་དང་ཐུགས་སྣང་དགོས་རིགས།

༡ ༸གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་སྟེ། འགྲོ་བ་མི་ལ་གཅིག་མཚུངས་ཀྱི་བདེ་སྐྱིད་བསྐྲུན་ཐབས། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ། རྒྱ་གར་གནའ་རབས་ཀྱི་རིག་གཞུང་རྒྱ་གར་ནང་བསྐྱར་གསོ། བཅས་ཀྱི་གོ་དོན་སྟོན་ཐུབ་པའི་བྱིས་སྒྲུང་རྩོམ་དགོས།

༢ བྱིས་སྒྲུང་རྣམས་གཞི་རིམ་འོག་མ་དང་བར་མའི་སློབ་ཕྲུག་གི་ཤེས་ཚད་ལ་དམིགས་ཏེ། ཕྲུ་གུའི་འཚོ་བ་དང་སེམས་ཁམས་དང་མཐུན་པ་ཞིག་ཡིན་དགོས།

༣ འདེམས་སྒྲུག་བྱུང་བའི་བྱིས་སྒྲུང་རྣམས་རི་མོ་དང་མཉམ་དུ་བརྙན་དེབ་ཀྱི་ངོ་བོར་པར་སྐྲུན་ཞུ་རྒྱུ་ཡིན་པས། རི་མོ་འབྲི་བདེའི་སླད་དུམ་མཚམས་རེ་རེའི་ནང་། ནང་དོན་དོན་བསྡུས་ཀྱི་ཚུལ་དུ་འབྲི་རྒྱུ།

༤ བྱིས་སྒྲུང་ཉུང་མཐའ་ཤོག་ངོས་གཅིག་དང་ཕྱེད་ཀ་དང་། མང་མཐའ་ཤོག་ངོས་གསུམ་ལས་མ་བརྒལ་བ་དགོས།

༥ རྩོམ་ལུས་ལྷུག་མ་དང་སྐད་ཡིག་བོད་ཡིག་ཡིན་དགོས། ཤོག་བུ་ A4 མཐའ་ཚད་སྤྱི་བཏང་བ་ (Margins Normal) དང་། ཡིག་གཟུགས་སྨོན་ལམ་དབུ་ཅན་དང་པོ་ཆེ་ཆུང་བཅུ་བཞི། (Monlam Uni Ouchan1 size 14)

༦ བྱིས་སྒྲུང་ཝོར་ཊི་ (MS Word) ནང་གཏགས་ཏེ་གཤམ་འཁོད་གློག་འཕྲིན་ཁ་བྱང་སྟེང་བསྐུར་དགོས།

༧ བྱིས་སྒྲུང་གི་མཇུག་དུ་དོ་བདག་གི་མཚན་དངོས་དང་། རྒྱལ་ཁབ་དང་ས་གནས། གློག་འཕྲིན་ཁ་བྱང་། ཁ་པར་ཨང་གྲངས་བཅས་འགོད་དགོས།

༨ བྱིས་སྒྲུང་ཁོངས་སུ་བདམས་ཐོན་བྱུང་མཚམས་དོ་བདག་ལ་འབྲེལ་བ་ཞུ་རྒྱུ་དང་། དཔེ་དེབ་དབུ་འབྱེད་རྗེས་སྐུ་ཉིད་ཀྱི་བྱིས་སྒྲུང་ཡོད་པའི་སྒྲུང་དེབ་གྲངས་ལྔ་འབུལ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༡༠ ཉིན།

བྱིས་སྒྲུང་བསྐུར་ཡུལ། [email protected] འབྲེལ་གཏུགས་ཨང་གྲངས། ༩༥༣༥༩༢༥༠༨༡


 

སྔོན་མ།
ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ལས་རིམ་ལེགས་གྲུབ་ཟིན་པ།
ཕྱི་མ།
བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་མཛད་སྒོར་སྐུ་མགྲོན་གཙོ་བོར་ཕེབས་པ།
Menu