དགུ་པ། ནི་སྒྲ་ནི། རྩ་བ་ལས།

    མིང་གང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །
    དགར་དང་བསྣན་(བརྣན་)པའི་ཚིག་ཏུ་འགྱུར། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བའི་མཐའ་རུ་རྗེས་འཇུག་ཡི་གེ་བཞི་པ་ན་ཡིག་ལ། དབྱངས་ཡིག་དང་པོ་ཨི་ཡིག་སྟེ་གི་གུ་སྦྱར་བས་ནི་ཞེས་གྲུབ་པ་འདི་ནི། དགར་བ་དང་བརྣན་པ་སྟེ་ནན་ཏན་བྱེད་པའི་དོན་སྟོན་བྱེད་ཀྱི་ཚིག་ཕྲད་དུ་འགྱུར་ཏེ། དཔེར་ན། རིགས་བཞི་ལས་བྲམ་ཟེའི་རིགས་ནི་མཆོག་གོ །ཡང་ན། བྲམ་ཟེའི་རིགས་ནི་རིགས་རྣམས་ལས་མཆོག ཡི་གེ་འབྲི་བ་ནི་ལས་ཀྱི་མཆོག་ཡིན། ཆོས་འཆད་པ་ནི་བྱ་བ་རྣམས་ལས་བཟང༌། ཞེས་པ་ལྟ་བུ་མཆོག་ཏུ་དགར་བ་དང༌། སྲོག་གཅོད་པ་ནི་ལས་རྣམས་ལས་མཐའ་མ་ཡིན། ཕྲ་མ་མཁན་ནི་མི་ཡི་མཐའ་མ་ཡིན་ནོ། །ཞེས་པ་ལྟ་བུ་དམན་པར་དགར་བ་དང༌། ལྷ་ནི་ཀླུ་ལས་གཞན་ནོ། །རྒྱ་རིགས་ནི་བོད་རིགས་ལས་ཐ་དད། བོད་ནི་རྒྱ་ནག་ལས་གཞན་ཡིན། ཞེས་པ་ལྟ་བུ་རྣམས་ནི་ཐ་དད་དུ་དགར་བ་ཡིན། སྐབས་འདིར་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 1དགར་བ་ལ་རིགས་མཐུན་པ་ལས་དགར་བ་དང༌། རིགས་མི་མཐུན་པ་ལས་དགར་བ་གཉིས། དང་པོ་ནི། དཔེར་ན། རྟ་མཆོག་ནི་རྟ་གཞན་ལས་འགྲོས་མགྱོགས་ལྟ་བུའོ། །གཉིས་པ་ནི། དཔེར་ན། རྟ་ནི་བ་ལང་ལས་འགྲོས་མགྱོགས་ལྟ་བུའོ། །ཞེས་གསུངས་པ་དང༌། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་2གིས་ཀྱང་དེ་དང་མཐུན་པར་བཞེད། དེ་དག་ཕར་གཏུགས་ན་མཁྱེན་གཏེར་རྗེས་བཟུང་པྲ་ཏི་དགེ་བཤེས་ཆེན་མོར་ཐུག་འདུག་སྟེ། 3དེ་ལ་དགར་གཞི་དངོས་སུ་སྨོས་སམ་མ་སྨོས་པ་ཇི་ལྟར་ཡང༌། དགར་གཞི་རིགས་མཐུན་པ་དང༌། མི་མཐུན་པ་གང་ཡང་རུང་བའི་ནང་ནས། དམིགས་ཀྱིས་བཀར་བ་སྟེ། ཞེས་གསུངས་པ་འདི་དག་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གིས། །རིགས་མཐུན་དགར་ནས་མི་མཐུན་ལས། །ཞེས་གསུངས་པའི་རྗེས་སུ་འབྲངས་ན་ལེགས། རིགས་མཐུན་དང་མི་མཐུན་དགར་བ་ནི་ནས་ལས་གཉིས་ཀྱིས་ཡིན་པར་མངོན་ཏེ། དགར་གཞི་སྟོན་བྱེད་ཀྱི་ཚིག་ཕྲད་ནི་ནས་ལས་གང་རུང་ལས་མ་འདས། ཚུལ་དེར་སླར་ཡང་མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། 4ཡང་སི་ཏུས། རིགས་རྣམས་ལས་གདོལ་བའི་རིགས་ནི་ཐ་ཆད། མཐིང་ག་ནི་སྔོ་སངས་ལས་གཞན། ལྷ་རྣམས་ལས་གདོང་བཞི་དང་ལྡན་པ་ནི་ཚངས་པ༑ ཞེས་བཀོད་པ་དང༌། པྲ་སྟིས། ཉན་ཐོས་ལས་ནི་སངས་རྒྱས་མཆོག་ཏུ་འཕགས། གསེར་བུམ་ནི་ཟངས་བུམ་ལས་རྒྱུ་བཟང༌། ལྷ་ནི་མི་ལས་མཛེས། ཞེས་བཀོད་པ་གཉིས་ལ་མེར་གེན་མཁན་པོ་ན་རེ། དེ་ནི་མ་གོ་བ་ཆེན་པོ་སྟེ། དེ་དག་ནི་ལས་སྒྲ་ཁོ་ནའི་ནུས་པས་བཀར་བའི་ཕྱིར། མ་གྲུབ་ན། དེ་དག་ལ་ལས་སྒྲ་མ་སྦྱར་ན་འབྲེལ་མེད་ཅིང༌། ནི་བསུབས་ཚེ་བརྗོད་བདེ་བའི་ཕྱིར་རོ། ། ཞེས་བཤད་པ་དེ་བདེན་པ་ལྟར་སྣང་ངོ༌། །ཞེས་གསུངས་པ་དེ་ལས་ཀྱང་གོང་ནས་བཤད་པའི་དོན་བཞིན་ངེས་པ་རྟོགས་སླའོ། །
    ནི་སྒྲ་བརྣན་པའི་དོན་ལ་འཇུག་པ་ནི། དཔེར་ན། ཁྱོད་ནི་བླ་མ། ཁྱོད་ནི་ཡི་དམ། ཁྱོད་ནི་མཁའ་འགྲོ། ཁྱོད་ཆོས་སྐྱོང་ཡིན་པས་ཁྱོད་ཀྱིས་མ་བསྐྱབས་ན་སུས་བསྐྱབ། དཔའ་ནི་དཔའ། གོ་ནི་གྱོན། མཚོན་ནི་བཏགས། ད་དམག་ལ་མི་འགྲོ་ག་དུས་འགྲོ་ཞེས་པ་ལྟ་བུ་སྟེ། ནན་དུ་བརྣན་པའི་དོན་ལ་འཇུག་པ་དང༌། འདིའི་ཡིག་སྡེབ་ལ་བསྣན་ཞེས་འབྲི་མཁན་མཆིས་ཀྱང་དེ་ནི་མ་དག་པར་སྣང་སྟེ། བསྣན་ནི་གཅིག་ཐོག་གཅིག་སྣོན་པའི་དོན་ཡིན། འོན་ཀྱང་ཞིབ་ཏུ་མ་དཔྱད་པར་དོན་རགས་ཙམ་གྱིས་བལྟས་ན་མཚུངས་པར་སྣང་ངོ༌། །
    བཅུ་པ། དང་སྒྲ་ནི། རྩ་བ་ལས།

    མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །
    དེ་ནི་སྡུད་དང་འབྱེད་པ་དང༌། །རྒྱུ་མཚན་ཚེ་སྐབས་གདམ་ངག་ལྔའོ། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བ་དག་གི་བར་མཚམས་སུ་རྗེས་འཇུག་ཡི་གེ་རྣམས་ལས་གསུམ་པ་ད་ཡིག་ལ། གཉིས་པ་ང་ཡིག་སྦྱར་བས་དང་ཞེས་གྲུབ་པ་དེ་ཉིད་སྦྱར་ན། དོན་མང་པོ་ཞིག་གཞི་གཅིག་ལ་སྡུད་པ་དང༌། གཞི་གཅིག་ལས་དོན་མང་པོ་སོ་སོར་འབྱེད་པ། རྒྱུ་མཚན་གྱི་དོན་དུ་འཇུག་པ་དང༌། དུས་སྟོན་པ་ཚེ་སྐབས་སུ་འཇུག་པ་དང༌། གཞན་པ་གདམ་པར་བྱེད་པ་གདམ་ངག་ཏུ་གྱུར་པ་སྟེ་དོན་ལྔ་སྟོན་བྱེད་དུ་འཇུག་གོ་ཞེས་པའི་དོན་ནོ། །
    དང་པོ། དང་སྒྲ་སྡུད་པའི་དོན་ལ་འཇུག་པ་ནི། དཔེར་ན། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་རྣམས་ནི་ཕུང་པོའོ། །ཞེས་དང༌། རྟག་པ་དང་དངོས་པོ་ནི་ཤེས་བྱའོ། །ཚོགས་ལམ་དང༌། སྦྱོར་ལམ་དང༌། མཐོང་ལམ་དང༌། སྒོམ་ལམ་དང༌། མི་སློབ་པའི་ལམ་བཅས་ནི་ལམ་མོ། །ཞེས་པ་ལྟ་བུའོ། །
    གཉིས་པ། དང་སྒྲ་འབྱེད་པའི་དོན་ལ་འཇུག་པ་ནི། དཔེར་ན། དེ་བཞིན་གཤེགས་པའི་སྐུ་ལ་བཞི་ཡོད་དེ། སྤྲུལ་བའི་སྐུ་དང༌། ལོངས་སྤྱོད་རྫོགས་པའི་སྐུ་དང༌། ཆོས་ཀྱི་སྐུ་དང༌། ངོ་བོ་ཉིད་ཀྱི་སྐུ་བཅས་སོ། །ཞེས་པ་ལྟ་བུ་སྟེ། འདི་གཉིས་ནི་སྔར་འབྱེད་སྡུད་བྱེད་པའི་སྐབས་དང་མཚུངས་ལ། ཕྲད་སོ་སོར་ཡིན་པ་ཙམ་དོན་སྟོན་ཚུལ་འབྱེད་སྡུད་དང་གཅིག་མཚུངས་སུ་གནས། སྤྱིར་བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་བའི་གཞུང་རྣམས་སུ་འབྱེད་སྡུད་ཀྱིས་འབྱེད་པ་དང་སྡུད་པའི་དོན་དུ་སྦྱར་བ་མང་བ་དང༌། ཕྱིས་ཀྱི་གཞུང་ལུགས་རྣམས་སུ་དང་སྒྲས་འབྱེད་པ་དང་སྡུད་པའི་དོན་སྟོན་པར་སྦྱར་བ་མང་དུ་སྣང་ངོ༌། །
    གསུམ་པ། དང་སྒྲ་རྒྱུ་མཚན་སྟོན་པ་ལ་འཇུག་པ་ནི། དཔེར་ན། དུ་བ་མཐོང་བ་དང་མེ་ཡོད་པ་ཤེས། མཛད་པ་མཐོང་བ་དང་དམ་པ་ཡིན་པར་ར་འཕྲོད། ཅེས་པ་ལྟ་བུའོ། །
    བཞི་པ། དང་སྒྲ་ཚེ་སྐབས་ལ་འཇུག་པ་ནི། དཔེར་ན། ཉི་མ་ཤར་བ་དང་ལམ་དུ་ཆས། མུན་རུབ་པ་དང་ནང་དུ་ལོག གྲོས་མོལ་དུ་འཛོམས་པ་དང་གཏམ་གླེང་བྱས། བཅས་པ་ལྟ་བུའོ། །
    ལྔ་པ། དང་སྒྲ་གདམ་ངག་ལ་འཇུག་པ་ནི། ལེགས་པར་སོམས་དང༌། ལེགས་པར་ཉོན་དང༌། གཅིག་ཏུ་སྒྲིམས་དང༌། མ་གཡེང་བར་དོན་ལ་སློབས་དང༌། ཞེས་པ་སོགས་ཡིན་མོད། སྤྱིར་དང་སྒྲ་སྐུལ་ཚིག་གི་ཚིག་གྲོགས་ལ་འཇུག སྐབས་འདིར་ཀུན་མཁྱེན་སི་ཏུ་མཆོག་གིས། 5ཁ་ཏོན་གྱིས་དང༌། ཡིད་ལ་ཟུངས་དང༌། ལྟ་བུ་གཞན་ལ་གདམས་ངག་པའམ་སྐུལ་པའི་ཚིག་དང་འབྲེལ་བ་རྣམས་སོ། །ཞེས་དང༌། སླར་ཡང༌། གྱིས་དང་ལྟ་བུའི་གྱིས་ཀྱི་སྒྲ་ནི་སྐུལ་ཚིག་དངོས་དང་དང་སྒྲ་དེའི་ཡན་ལག་ཏུ་འབྱུང་བ་དངོས་སུ་གྲུབ་ཅིང༌། དེ་འདྲའི་དང་སྒྲ་དེས་སྐུལ་ཚིག་ལས་གཞན་པའི་དོན་ཅིའང་མི་སྟོན་པ་དང༌། ཞེས་གསུངས་པ་འདིས་སྐུལ་ཚིག་གི་ཚིག་གྲོགས་སུ་གྱུར་པའི་དང་སྒྲ་ཡིན་ན་གདམ་ངག་གི་དང་སྒྲ་ཡིན་པར་ཞལ་གྱིས་བཞེས་པ་དེ་བཞིན་ཡིན་ནོ། །
    བཅུ་གཅིག་པ། གང་སྒྲ་ནི། རྩ་བ་ལས།

    མིང་གང་གི་ནི་ཡ་ཐ་རུ། །དང་པོ་ལ་ནི་གཉིས་ལ་སྦྱར། །
    དེ་ནི་བྱེད་པའི་ཚིག་བརྒྱད་པོ། །སྤྱི་ལ་བྱ་བ་ཉིད་དུ་འགྱུར། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བའི་ཡ་ཐ་སྟེ་ཐོག་མ་རུ་རྗེས་འཇུག་དང་པོ་ག་ཡིག་ལ་རྗེས་འཇུག་གཉིས་པ་ང་ཡིག་སྦྱར་བས། གང་ཞེས་གྲུབ་པ་དེ་ནི་བྱེད་པ་ཚིག་བརྒྱད་པོ་དེ་ལ་འཇུག་པར་འགྱུར་བས། སྤྱི་སྒྲ་སྟེ་བྱེད་པ་ཚིག་བརྒྱད་པོའི་སྤྱི་ལ་འཇུག་པའི་བྱ་བ་ཉིད་དུ་འགྱུར་ཞེས་བསྟན། སྐབས་འདིའི་སྤྱི་སྒྲ་ཞེས་པའི་དོན་ལ་བཞེད་སྲོལ་མི་འདྲ་བའང་ཡོད་དེ། མཁྱེན་གཏེར་རྗེས་བཟུང་པྲ་ཏི་དགེ་བཤེས་ཆེན་མོས། 6སྤྱི་ལ་ཁྱབ་པ་ནི། དོན་གྱི་རིགས་དང་ཚོགས་པ་ལ་སོགས་པ་སོ་སོའི་དམིགས་མ་བཟུང་བར། མཐའ་དག་ལ་ཁྱབ་པར་བརྗོད་པའོ། །ཞེས་གསུངས་པ་དང༌། དེ་དང་མཚུངས་པར་ཀུན་མཁྱེན་སི་ཏུ་མཆོག་གིས་ཀྱང༌། 7གང༌། ཞེས་གྲུབ་པ་དེ་ནི་གཙོ་བོར་དོན་གྱི་བྱེ་བྲག་དམིགས་སུ་མི་འཛིན་པར་སྤྱི་ལ་ཁྱབ་པའི་དོན་ཅན་གྱི་སྒྲ་ཉིད་དུ་འགྱུར་རོ། །ཞེས་གསུངས་པ་བཞིན་ཕྱིས་དུས་སུ་བྱོན་པའི་བརྡ་སྤྲོད་སྨྲ་བ་མཐའ་དག་གི་མགྲིན་དབྱངས་གཅིག་ཏུ་ངེས་ཀྱང༌། དོན་ལ་ཆོས་རྗེ་མཆོག་གི་གསུང་བཞིན་འཐད་དེ། ཐོན་མིའི་རྟགས་འཇུག་གི་རྩ་བ་ལས། སྤྱི་འཇུག་ཡོད་དམ་བྱེད་པ་ཡོད། །དེ་བཞིན་ཆེད་བྱེད་རྟེན་བྱེད་དང༌།། ལས་བྱ་བླང་བྱ་བསྒྲུབ་པར་བྱ། །ཞེས་གསུངས་པ་དང་སྦྱར་ན་རྟོགས་ནུས་ཏེ། དོན་འདིར་འགྲེལ་བྱེད་གནང་མཁན་རྣམས་ཀྱིས་ཀྱང་མགྲིན་དབྱངས་གཅིག་གིས་སྤྱི་འཇུག་ནི་གང་སྒྲར་ངོས་བཟུང་བ་དང༌། དེ་ལ་ཅིའི་ཕྱིར་སྤྱི་སྒྲའམ་སྤྱི་འཇུག་ཅེས་བཏགས་སམ་ཞེ་ན། འགྲེལ་སྲོལ་ཇི་བཞིན་མ་བྱུང་བར་དགོངས་པ་ཕར་ཁྲིད་ཚུར་ཁྲིད་ལྟ་བུ་གནང་དགོས་བྱུང་ཡོད་དེ། ཀུན་མཁྱེན་སི་ཏུས། 8རྣམ་དབྱེ་སྦྱར་སའི་མིང་བདུད་རྩི་ལྟ་བུ་ལ་དེའི་རྗེས་སུ་སྤྱི་ལ་འཇུག་པའི་སྒྲ་གང་ཞིག་ལྟ་བུ་ཡོད་ན། ཞེས་དང༌། ཡང་བརྡ་སྤྲོད་སྨྲ་བ་ཁག་ཅིག་གིས་མིང་ཙམ་ལ་ངོས་བཟུང་བའང་མཆིས། གང་ལྟར་དོན་དངོས་སྟེང་ནས་སྤྱི་འཇུག་ཅེས་པའི་མིང་དོན་ཇི་བཞིན་བློ་ཡུལ་དུ་མ་འཆར་བ་དེ་ཡིན་པར་སྣང༌། དེ་ལ་སྤྱི་འཇུག་ཅེས་པ་ནི། གོང་ནས་བཤད་པ་བཞིན་རྣམ་དབྱེ་མཐའ་དག་འཇུག་པར་འགྱུར་བའི་གནས་ཤིག་ཏུ་ངོས་འཛིན་མཛད་ན། སྐབས་འདིའི་དགོངས་པ་སོ་སོའི་ཕྱོགས་སུ་འཁྲིད་མི་དགོས་པར་འགྲེལ་བརྗོད་ནུས། དེ་ལ་བརྟེན་ནས་སྤྱི་འཇུག་ཅེས་པ་ནི་རྣམ་དབྱེ་མཐའ་དག་ཏུ་སྐྱེད་ནུས་པའི་ཕྲད་ཅིག་ལ་འཇོག་རྒྱུ་ལས་མ་འདས། དེས་ན་མཐའ་སྦྱོར་འོག་མའི་མིང་དོན་དེ་འདྲའི་ཕྲད་ཅིག་ཡོད་ན། མིང་དོན་གོང་མ་གང་ཡིན་པ་དེ་ཉིད་རྣམ་དབྱེ་དང་པོ་ལས་གཞན་དུ་མི་འགྱུར་བ་ལ་བརྟེན་ནས། དེ་ལྟར་གསུངས་པ་དང༌། སྐབས་འདིར་ཆོས་རྗེ་མཆོག་གིས་ཀྱང་གནས་ཚུལ་འདི་ལ་བརྟེན་ནས། བྱེད་པ་བརྒྱད་པོ་འཇུག་པའི་སྤྱི་ཡིན་པས་སྤྱི་སྒྲ་ཞེས་གསུངས་སོ། །
    དེ་ལ་བྱེད་པ་བརྒྱད་པོ་སྤྱི་ལ་བྱ་བ་ཇི་ལྟར་འབྱུང་ངམ་ཞེ་ན། གང༌། གང་ལ་བྱ། གང་གིས་བྱེད། གང་ཕྱིར་དུ་བྱས། གང་ནས་བྱ། གང་གི་བྱེད་པ། གང་ན་བྱེད་པོ། ཀྱེ་གང༌། ཞེས་པས་དོན་འདི་ཉིད་ཇི་བཞིན་རྟོགས་ནུས། གནས་ཚུལ་འདིའི་ཐོག་ནས་ཕྲད་འདིར་སྤྱི་ལ་ཁྱབ་ཅེས་གསུངས། དེ་བཞིན་སྤྱི་བྱེ་གཉིས་སུ་ཕྱེ་བའི་སྤྱིའི་དོན་ལའང་འཇུག་སྟེ། བྱེད་པ་བརྒྱད་པོའི་སྤྱི་ལ་འཇུག་པའི་ཕྱིར། མིང་ན་བྱེད་པ་བརྒྱད་དམ་བདུན་པོ་གང་ཡང་རུང་བའི་རྣམ་པར་སྐྱེད་ནས་དོན་གྱི་ངོ་བོ་དང་ཁྱད་པར་རྣམས་གསལ་དགོས་ཤིང༌། དེ་དག་གི་སྤྱི་ལ་འཇུག་པ་ཡིན་ན། སྤྱི་བྱེ་གཉིས་སུ་དབྱེ་བའི་སྤྱི་ལ་འཇུག་པས་ཁྱབ་པ་ཟུར་བལྟས་ལེབ་མཐོང་དུ་སྣང༌། ཚུལ་འདིར་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 9དེ་ལ་ཡང་ཐོག་དོན་དེ་ཉིད་དམིགས་སུ་མ་བཟུང་བར་སྤྱིར་སྨོས་ནས། ཕྱིས་ཡོན་ཏན་སོགས་ཀྱིས་ཁྱད་པར་དུ་བྱས་ནས་དམིགས་སུ་འཛིན་པ། རིགས་ཅན་ཀུན་ཁྱབ་པའི་སྤྱི་ཙམ་བརྗོད་པ། སྤྱིར་འདྲི་བ་དང༌། ཐེ་ཚོམ་ནས་འདྲི་བ་དང༌། གདམ་ང་ཅན་ལ་འཇུག་པ་རྣམས་སོ། །ཞེས་གསུངས་པ་ལྟར་ཡང་འཇུག་སྟེ། དཔེར་ན༑ གང་ཞིག་རྟོགས་པ་མཐོན་པོར་བསླེབས་པ་ནི་རྗེ་བཙུན་བཞད་པ་རྡོ་རྗེ་རྩལ་ལས་མ་འདས། གང་གིས་བཤད་པ་དེ་ནི་བདེན། ཁྱོད་གང་དུ་འགྲོ། ངས་ཡི་གེ་གང་ཞིག་སྦྱང་ན་ལེགས། ཡིག་རིགས་འདི་དག་ལས་ཁྱོད་ཀྱིས་གང་འདེམ། ཞེས་པ་ལྟ་བུས་བརྟག་ན་འཇུག་པར་ཤེས་ནུས། དབྱངས་ཅན་གྲུབ་པའི་རྡོ་རྗེ་མཆོག་གིས། ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི༑ ༑སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལ་འོ། ། ཞེས་གསུངས་པ་བཞིན་སྦྱར་བ་གལ་ཆེ་སྟེ། དཔེར་ན། ཅི་ཞིག་བྱུང༌། ཅི་སྟེ་དོན་དེ་ཉིད་གསང་དགོས། ཅི་སླད་དུ་འབད། ཅི་འདྲ་མཆིས། ཅི་ཕྱིར་བཤད། ཅེས་དང༌། མི་ཇི་སྙེད་ཅིག་མཆིས་པ་དེ་སྙེད་ལ་ཟས་ཀྱི་སྟ་གོན་གྱིས་ཤིག ཇི་སྲིད་སངས་མ་རྒྱས་པ་དེ་སྲིད་དུ་བྱང་ཆུབ་ཀྱི་སེམས་སྒོམས། ཇི་ལྟར་མཛེས་པའི་ཚལ་ལ་བསླེབས་པ་བཞིན་དགའ་བར་གྱིས། ཇི་བཞིན་གསུངས་པ་ལ་བསྟོད་དོ། །ཇི་སྐད་དུ། ཞེས་པ་བཞིན་བསླབ་ན་དེ་དག་གི་འཇུག་ཚུལ་ཡང་ཤེས་པར་འགྱུར། དེས་ན་གང་ནི་སྤྱི་ལ་འཇུག་པའི་སྒྲ་དང༌། ཅི་ནི་དྲི་བར་འཇུག་པའི་སྤྱི་སྒྲ་དང༌། ཇི་ནི་དཔེ་ལ་འཇུག་པའི་སྤྱི་སྒྲ་དང༌། སུ་ནི་གང་ཟག་ལ་འཇུག་པའི་སྤྱི་སྒྲ་ཡིན་པས་དེ་དག་གི་དོན་ཡང་མཁྱེན་པར་བྱ་བ་གལ་ཆེའོ། །
    བཅུ་གཉིས་པ། བདག་སྒྲ་བཤད་པ་ནི། རྩ་བ་ལས།

    མིང་གང་གི་ནི་ཡ་(མ་)ཐ་ན། །པུ་ལིངྒ་ཡི་སྒྲ་བྱུང་ན། །
    བདག་པོའི་སར་ནི་ཤེས་པར་བྱའོ། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བའི་མ་ཐའམ་རྗེས་ལ་པུ་ལིངྒ་ཡི་སྒྲ་སྟེ། སྐྱེས་པའི་རྟགས་མཚོན་པར་བྱེད་པའི་སྒྲ་བྱུང་ན། དེ་ནི་བདག་པོ་སྟོན་པར་བྱེད་པའི་སར་ཤེས་པར་བྱ་ཞེས་གསུངས། སྐབས་འདིར་པུ་ལིངྒའི་སྒྲ་ཞེས་པར་མཁྱེན་གཏེར་རྗེས་བཟུང་པྲ་ཏི་དགེ་བཤེས་ཆེན་པོས། 10པུ་ལིངྒ་སྟེ་པུ་རུ་ཥ་སྐྱེས་པ་དང༌། ལིངྒ་རྟགས་ཡིན་པས། པུ་རུ་ཥའི་རུ་དང་ཥ་ཕྱིས་ནས། པུ་ལིངྒར་བསྡུས་པ་ནི། སྐྱེས་པའི་རྟགས་སམ་ཕོ་རྟགས་ཞེས་པའོ། །ཞེས་གསུངས། སྐབས་འདིའི་བདག་སྒྲ་འདོད་ཚུལ་དུ་མ་ཞིག་ཡོད་དེ། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིས། ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ༑ ཞེས་བདག་སྒྲ་དྲུག་ཏུ་བཞེད་པ་དང༌། པྲ་ཏིས་པ་བ་པོ་ཅན་རྣམས་ཞེས་གསུངས་པ་དང༌། གཞན་ཡང་པ་པོ་བ་བོ་མ་མོ་ཅན་ལྡན་མཁན་བཅས་དགུ་འདོད་མཁན་ཡང་ཡོད་པས་གཅིག་ཏུ་མ་ངེས་མོད། འོན་ཀྱང་སྐབས་འདིར་ཀུན་མཁྱེན་སི་ཏུས་གསུངས་པ་ནི། གཞུང་དང་མཐུན་པ་མ་ཟད། རིགས་པས་དཔྱད་ཀྱང་དོན་ཐོག་ཏུ་འཁྱོལ་བ་ཞིག་ཏུ་སྣང་བས་ཀུན་མཁྱེན་སི་ཏུའི་གཞུང་བཞིན་བཤད་པར་བྱ། ཀུན་མཁྱེན་སི་ཏུས་པ་པོ་གཉིས་དང་མ་མོ་བཅས་བདག་པོ་སྟོན་བྱེད་དུ་ཞལ་གྱིས་བཞེས་ཏེ། དཔེར་ན། ནོར་པ། ཞིང་པ། རོང་པ། ཡུལ་པ། གཅོད་པ་པོ། བཤད་པ་པོ། སྒྱུར་པ་པོ། ཇ་མ། ཆང་མ། ལྷ་མ། འབྱིན་པ་མོ། འཁུར་བ་མོ། སོགས་ཀྱིས་བདག་པོའི་དོན་མཚོན་པ་དངོས་སུ་ཤེས་ནུས་སོ། །
    སྐབས་འདི་དང་བསྟུན་ནས་བདག་སྒྲ་དང་ལྡན་སྒྲ་གཉིས་ཀྱི་ཁྱད་པར་འབྱེད་དགོས་པ་གལ་ཆེ། ལྡན་སྒྲ་ཡིན་ན་བདག་སྒྲ་ཡིན་པས་ཁྱབ་པ་མེད་དེ། དཔེར་ན། སུམ་ཅུ་པ་ལྟ་བུའི་པ་ཡིག་ནི་ལྡན་སྒྲ་ཡིན་མོད། བདག་སྒྲ་མིན་ཏེ་བདག་པོའི་དོན་མཚོན་དུ་མེད་པའི་ཕྱིར། དེ་བཞིན་ཅན་དང༌། ལྡན། མཁན་རྣམས་ཀྱིས་བདག་པོའི་དོན་སྟོན་པའི་སྐབས་སྲིད་ཀྱང༌། སྐབས་འདིར་བཤད་པའི་བདག་སྒྲར་མ་བཞག་ན་ལེགས་ཏེ། ཕྲད་རྐྱང་མ་ཡིན་པའི་ཕྱིར། སྐབས་འདིར་བཤད་པའི་ཕྲད་རྣམས་ནི་ཕྲད་རྐྱང་ཁོ་ནར་བཞག་ཡོད་ཚུལ་རྩ་བ་སུམ་ཅུ་པའི་གཞུང་ཞིབ་ཏུ་ཐོས་པ་བྱས་ན་རྟོགས་པར་འགྱུར་བ་དང༌། ལྷག་པར་ཀུན་མཁྱེན་སི་ཏུའི་བཞེད་གཞུང་དྲི་མ་མེད་པའི་ལུགས་སུ་དེ་ལྟར་ཞལ་གྱིས་བཞེས་ཡོད་པས། དེ་དག་གིས་བདག་པོའི་དོན་བསྟན་ན་ཡང་སྐབས་འདིར་བཤད་པའི་ཕྲད་མིན་ཞེས་ལན་འདེབ་རྒྱུ་ལས་མ་འདས། དེ་ཡང་ཡིན་ཏེ། ཀུན་མཁྱེན་སི་ཏུའི་བཞེད་རྒྱུན་རྩ་བ་སུམ་ཅུ་པའི་སྐབས་ནས་བཤད་པའི་ཕྲད་ལ་ཁྱད་ཆོས་བཞི་འཇོག་སྟེ། ཕྲད་རང་ངོས་ནས་དོན་ཅི་ཡང་མི་སྟོན་པ། དོན་སྟོན་པའི་གདངས་དང་མི་འདྲ་བ། སྐབས་བབ་ཀྱི་དོན་ལ་བརྟེན་ནས་གསར་དུ་སྦྱར་བ། གཞུང་ནས་དངོས་ཤུགས་གང་རུང་ནས་བསྟན་པའི་ཕྲད་ཡིན་པ་བཅས་འཇོག་པ་དང༌། དེ་ལས་ཁྱད་ཆོས་དང་པོས་མིང་སོགས་སུ་གྲུབ་པའི་ཕྲད་དང་ཁྱད་པར་ཕྱེ་སྟེ། དཔེར་ན། དགག་སྒྲའི་སྐབས་ཀྱི་མེད་དང་མིན། བདག་སྒྲ་ལ་མཁན་དང༌། ཅན་ལ་སོགས་པ་ལྟ་བུ་དང༌། གཉིས་པས་ཕྲད་དེ་དང་གདངས་གཅིག་པའི་མིང་གཉིས་ཀྱིས་ཁྱད་པར་ཕྱེ་བ་སྟེ། དཔེར་ན། དགག་སྒྲའི་མ་ཡིག་དང་སྐྱེད་མའི་མ་གཉིས་ལྟ་བུ་གདངས་ཀྱི་རྣམ་འགྱུར་ལ་ཁྱད་པར་ཡོད་པ་ལྟ་བུ་དང༌། གསུམ་པ་དེས་མིང་མཐའ་དང་ཁྱད་པར་ཕྱེ་བ་སྟེ། དཔེར་ན། ཨ་མ། ཡོད་པ། རྟག་པ་སོགས་ནི་ཕྲད་མ་ཡིན་པར་བསྟན་པ་དང༌། བཞི་པ་དེས་རྩ་བ་སུམ་ཅུ་པ་ཁོ་ན་ལས་གསུངས་པའི་ཕྲད་ལས་གཞན་རྣམས་ལས་བྱུང་བ་བཅད་པ་བཅས་ཀྱིས་ཁྱད་ཆོས་བཞི་བཞག གནས་ཚུལ་འདི་ལ་ངེས་ཤེས་ཞིབ་ཏུ་དྲངས་ན། ཕྲད་ཀྱི་གནས་ཚུལ་མང་པོ་ཞིག་དང་དོགས་པ་མང་པོ་ཞིག་རང་ཡལ་དུ་འགྲོ་ངེས་ཡིན་པས། དོན་འདི་དག་ལ་ཞིབ་ཏུ་སེམས་པར་རིགས་སོ། །
    གོང་ནས་བཤད་པའི་གནས་ཚུལ་དེས་སྐབས་འདིར་ཡོད་པའི་རྩོད་པ་མང་པོ་ཞིག་ལ་ནད་བརྒྱ་སྨན་གཅིག་ལྟ་བུར་འགྱུར་མོད། འོན་ཀྱང་སྐབས་འདིར་ཡོད་པའི་རྩོད་པ་ཞིག་ནི། བ་ཡིག་སྐབས་འདིའི་ཕྲད་ཡིན་དང་མིན། དེ་བཞིན་བ་ཡིག་གིས་བདག་པོའི་དོན་སྟོན་དང་མི་སྟོན་གྱི་སྐོར་ཡིན་ཞིང༌། དེ་ལ་སྨྲ་སྒོར་གཞུང་དུ་ཡོད་པའི་ལུང་ཞིག་ལས་འཕྲོས་འདུག་པ་བརྟེན། སྐབས་དོན་དེར་ཞིབ་ཏུ་དཔྱད་རྒྱུ་ལས་མ་འདས། སྨྲ་སྒོར། 11པ་འམ་ཅན་ནི་བདག་པོ་འམ། །ལྡན་པའི་དོན་དུ་ཤེས་པར་བྱ། །བ་ནི་སྤྱི་རུ་བཞག་པ་སྟེ། །ཡུལ་དུས་ངེས་པར་མ་བཟུང་བའོ། །ཟ་བ་བཟའ་དང་ཟ་བོ་བཞིན། །མ་ནིང་དག་ཏུ་བཞག་པར་བྱ། །ཞེས་གསུངས་པ་བཞིན། བ་ཡིག་ནི་བདག་པོའི་དོན་དུ་སྨྲ་སྒོར་ཡང་གསུངས་མེད་པ་མ་ཟད། ལྡན་པའི་དོན་དུའང་ཞལ་གྱིས་བཞེས་མེད་པ་ཚིག་ཟིན་ལྟར་ཡིན་པས། འདི་ལ་དེའི་ལྷག་ཁོངས་འདེད་རྒྱུ་མེད་པར་སྣང་ངོ༌། །
བཅུ་གསུམ་པ། དགག་སྒྲ་བཤད་པ་ནི། རྩ་བ་ལས།

    མིང་གང་གི་ནི་ཡ་ཐ་ན། །སྟྲཱི་ལིངྒའི་སྒྲ་བྱུང་ན། །
    དགག་པའི་གནས་སུ་ཤེས་པར་བྱ། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བའི་ཡ་ཐ་སྟེ་ཐོག་མར་སྟྲཱི་ལིངྒའི་སྒྲ་མེད་པ་ལ། གསར་དུ་མོ་རྟགས་མཚོན་པར་བྱེད་པའི་སྒྲ་སྦྱར་ན། སྦྱར་སའི་དོན་དེ་ཉིད་དགག་པར་འགྱུར་བའི་གནས་སུ་ཤེས་པར་བྱ་ཞེས་གསུངས། སྐབས་འདིའི་སྟྲཱི་ལིངྒའི་སྒྲ་ཞེས་པའི་དོན། ཀུན་མཁྱེན་སི་ཏུ་མཆོག་གིས། 12དེ་ལ་སྟྲཱི་ལིངྒའི་སྒྲ་དངོས་ནི། མ་ཡིག་དང་མོ་ཡིག་ཁོ་ན་ཡིན་པ་གོང་སྨོས་ལྟར་ལས་མོ་ཡིག་དགག་སྒྲ་ལ་མི་འཇུག་པས་འདིར་མ་ཡིག་ཉིད་བཟུང་བར་བྱ་ཞིང༌། དེ་དང་འབྲེལ་བའི་མི་ཡིག་ཀྱང་ཞར་གྱིས་ཐོབ་པས་དེ་དག་དགག་སྒྲར་སྦྱོར་ཚེ་དགག་བྱའི་མིང་ཐོག་ཁོ་ནར་ངེས་པ། ཞེས་གསུངས། དེ་ལ་བརྟེན་ནས་སྐབས་འདིར་བཤད་པའི་དགག་སྒྲ་ནི་མ་མི་གཉིས་ཀ་ཡིན་པ་དང༌། མེད་མིན་གཉིས་ནི་སྐབས་འདིའི་ཕྲད་མ་ཡིན་པའི་ཚུལ་ནི་གོང་དུ་བཤད་ཟིན་པ་ལྟར་དང༌། ལྷག་པར་དབེན་དང་སྟོང་སོགས་ནི་སྐབས་འདིར་བསྟན་གྱི་ཕྲད་མ་ཡིན་པ་མ་ཟད། སྟྲཱི་ལིངྒའི་སྒྲ་ཡང་མིན་པ་བཅས་ཀྱིས་སྐབས་འདིའི་དགག་སྒྲའི་ཕྲད་མིན་པ་ཤེས་ནུས་སོ། །
    སྐབས་འདིའི་དགག་སྒྲ་ནི། དཔེར་ན། མ་བཤད། མ་མཐོང༌། མ་ཤེས། ཞེས་པ་དང༌། མི་ཡིག་ནི། དཔེར་ན། མི་བཤད། མི་མཐོང༌། མི་ཤེས། ཞེས་པ་ལྟ་བུ་ཡིན་ལ། དགག་སྒྲའི་ཕྲད་འདི་གཉིས་ལས། དུས་འདས་པ་དང་གཞན་ལ་དགག་པ་ལ་མ་དང༌། རང་དང་དུས་མ་འོངས་དགག་པ་ལ་མི་གཙོ་བོར་འཇུག་སྟེ། དཔེར་ན། ཁ་སང་གི་གནས་ཚུལ་དེ་ངས་མ་ཐོས། ཁྱོད་ཀྱིས་གནས་ཚུལ་དེ་གཞན་ལ་མ་བཤད། ཞེས་པ་དང༌། ངས་དོན་འདི་ཉིད་མི་ཤེས། ཤེས་ཀྱང་གཞན་ལ་མི་བཤད། སང་ཉིན་ང་ཁྲོམ་ལ་མི་འགྲོ། ཁྱོད་རང་ཡང་མ་འགྲོ། ཞེས་དང༌། ཁ་སང་ངས་འཁོར་ལོ་མ་བསྐོར། སང་ཉིན་ཡང་མི་བསྐོར། ཞེས་དང༌། དེ་བཞིན། ཁ་སང་ཁྱེད་ཀྱིས་འཁོར་ལོ་མ་བསྐོར། སང་ཉིན་ཡང་མ་བསྐོར། ཞེས་པ་གཞན་དགག་པ་ལ་དུས་འདས་པ་དང་མ་འོངས་པ་གཉིས་ཀ་མ་ཡིག་གིས་འགོག་དགོས་པ་དང༌། རང་ལ་དུས་འདས་པ་མ་ཡིག་དང་དུས་མ་འོངས་པ་མི་ཡིག་གིས་འགོག་པའི་ཚུལ་སོགས་ཞིབ་ཏུ་ཤེས་པར་བྱ་བ་དང༌། དེ་བཞིན་འབྲི་བ་གཉིས་ཤིན་ཏུ་གལ་ཆེ། སྐབས་འདིར་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 13མ་ནི་བྱུང་ཟིན་བཀག་པའི་དགག་སྒྲ་དང༌། མི་ནི་འབྱུང་འགྱུར་འགོག་པའི་དགག་སྒྲ་དང༌། ཞེས་གསུངས་པ་བཞིན་ཤེས་པར་བྱའོ། །
    བཅུ་བཞི་པ། དེ་སྒྲ་བཤད་པ་ནི། རྩ་བ་ལས།

    མིང་གང་གི་ནི་ཡ་ཐ་ན། །གསུམ་པ་ལ་ནི་ཨེ་སྦྱར་བ། །
    ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །
    དུས་ཀྱི་དབང་དུ་གཉིས་ཡིན་ནོ། །

    ཞེས་གསུངས་པའི་དོན་ནི། མིང་གང་ཡང་རུང་བའི་ཡ་ཐ་སྟེ་ཐོག་མ་རུ་རྗེས་སུ་འཇུག་པའི་ཡི་གེ་གསུམ་པ་ད་ཡིག་ལ། དབྱངས་ཨེ་སྟེ་འགྲེང་བུ་སྦྱར་བས་དེ་ཞེས་གྲུབ་པ་དེ་ཉིད། ཐ་སྙད་ཀྱི་དབང་དུ་བཏང་བའི་དེ་སྒྲའི་འཇུག་ཡུལ་ལ་གསུམ་སྟེ། ཐ་སྙད་འདས་མ་ཐག་པ་དང༌། ཐ་སྙད་རྣམ་གྲངས་གཞན་སྦྱོར་དང༌། ཐ་སྙད་ལྷག་བཅས་བཅས་གསུམ་དང༌། དངོས་པོའི་དབང་དུ་བཏང་བའི་དེ་སྒྲའི་འཇུག་ཡུལ་ལ། དངོས་པོ་བདེན་པ་དང༌། དངོས་པོ་གསང་བ་དང༌། དངོས་པོ་བདག་གི་བ་དང༌། དངོས་པོ་ཕ་རོལ་པོ་རྣམས་ལ་འཇུག དུས་ཀྱི་དབང་དུ་བཏང་བའི་དེ་སྒྲའི་འཇུག་ཡུལ་ལ། དུས་འདས་པ་དང༌། དུས་མ་འོངས་པ་གཉིས་ལ་འཇུག འདི་ལ་དེ་སྒྲའི་འཇུག་ཡུལ་དོན་དགུ་ཞེས་ཀྱང་བརྗོད་དོ། །
    ཐ་སྙད་ཀྱི་དབང་དུ་བཏང་བའི་དེ་སྒྲ་ལས་ཐ་སྙད་འདས་མ་ཐག་པ་ནི། དཔེར་ན། མདུན་གྱི་བུམ་པ་དེ་མཛེས། རྒྱབ་ཀྱི་ཀ་བ་དེ་སྦོམ། ཞེས་པ་ལྟ་བུ་སྟེ། ཐ་སྙད་གང་ཞིག་གི་སྒྲ་འབྱིན་མ་ཐག་པ་དེ་ཉིད་སླར་འབྱིན་མི་དགོས་པར། དེ་སྒྲ་སྦྱར་ནས་དེ་སྒྲ་དེས་འདས་མ་ཐག་པའི་ཐ་སྙད་དེ་མཚོན་པར་བྱེད་པས། དེ་ལྟ་བུའི་དེ་སྒྲ་ལ་ཐ་སྙད་འདས་མ་ཐག་པ་ཞེས་བརྗོད། དེ་བཞིན་ཐ་སྙད་རྣམ་གྲངས་གཞན་སྦྱོར་ནི། དཔེར་ན། མདུན་གྱི་ཁང་བཟང་དེ་ཉིད་མཛེས། དེའི་བཟོ་དབྱིབས་ཀྱང་ལེགས། དེ་ལ་ཚོན་མདོག་ཀྱང་བཀྲ། དེའི་སྒོ་དང་སྒེའུ་ཁུང་ཡང་མཛེས། ཞེས་པ་ལྟ་བུ་སྟེ། དེ་སྒྲའི་ཤུལ་དུ་དོན་གཞན་མཚོན་པས་ཐ་སྙད་རྣམ་གྲངས་གཞན་སྦྱོར་ཞེས་བརྗོད། སྤྱིར་དེ་སྒྲའི་འཇུག་ཡུལ་ཡིན་ན་ཐ་སྙད་ཀྱི་དེ་སྒྲ་ཡིན་པས་ཁྱབ་པ་དང༌། ཐ་སྙད་ལྷག་བཅས་དོར་བས་ལྷག་མ་རྣམས་ལ་རྣམ་གྲངས་གཞན་གྱིས་ཁྱབ་སྟེ། ལྷག་བཅས་མ་ཡིན་པའི་དེ་སྒྲའི་ཤུལ་ན་དོན་གཞན་ཞིག་མཚོན་རྒྱུ་ཡོད་པའི་ཕྱིར། སྐབས་འདིའི་དེ་སྒྲ་རྣམ་གྲངས་གཞན་ཅན་ལ་མིང་གི་རྣམ་གྲངས་སུ་འཇོག་མཁན་ཡང་ཡོད་པ་ཀུན་མཁྱེན་སི་ཏུའི་གཞུང་དུ་གསལ་བ་དང༌། དེར་ཀུན་མཁྱེན་སི་ཏུས་བཀག་ཟིན་པས་14འདིར་དགག་དགོས་དོན་མ་མཆིས། དེ་སྒྲ་ལྷག་བཅས་ལ་འཇུག་པ་སྔར་ལྷག་བཅས་བཤད་པའི་སྐབས་ནས་བཤད་པ་ལས་དམིགས་བསལ་མ་མཆིས་ཏེ། དཔེར་ན། ཤིང་བཅད་དེ་མེ་བཏང༌། ཞེས་པ་ལྟ་བུ་སྟེ། སྔར་ལྷག་བཅས་ཀྱི་སྐབས་སུ་ཞིབ་ཏུ་བཤད་པ་དེ་བཞིན་ཡིན་ནོ། །
    དངོས་པོའི་དབང་དུ་བཏང་བའི་དེ་སྒྲ་ལ་འཇུག་ཡུལ་བཞི་ཡོད་པ་ལས། དངོས་པོ་བདེན་པ་ལ་འཇུག་པ་ནི། དཔེར་ན། དེ་དེ་བཞིན་ནོ། །དེ་བདེན་པར་གྲུབ་བོ། །ཚུལ་ལུགས་དེ་ཇི་བཞིན་ནོ། ལྟ་བུ་ནི་བདེན་པ་ལ་འཇུག་པ་དང༌། གསང་བའི་དངོས་པོ་ལ་འཇུག་པ་ནི། དཔེར་ན། དེ་མ་བཤད། དེ་མ་སྟོན། དེ་ལྐོག་ནས་གཡུགས། ཞེས་པ་སོགས་གཞན་གྱིས་མི་ཚོར་བར་དེ་སྒྲ་སྦྱར་བ་རྣམས་ལ་གསང་བའི་དངོས་པོ་ཞེས་བཏགས་པ་རྣམས་དང༌། དེ་བཞིན་བདག་གི་བའི་དངོས་པོ་ལ་འཇུག་པ་ནི། དཔེར་ན། ངའི་དེབ་དེ། ཁོ་བོའི་ནོར་དེ། ངའི་སྐད་ཆ་དེ། ཞེས་སོགས་རང་ཉིད་དང་འབྲེལ་བའི་དངོས་པོ་རྣམས་དེ་སྒྲས་མཚོན་པར་བྱེད་པ་རྣམས་ལ། བདག་གི་བ་ལ་འཇུག་པའི་དེ་སྒྲ་དང༌། དེ་བཞིན་ཕ་རོལ་པའི་དངོས་པོར་འཇུག་པའི་དེ་སྒྲ་ནི། དཔེར་ན། དེབ་དེ། དངོས་པོ་དེ། ཁྱོད་ཀྱི་ཡི་གེ་དེ། ཞེས་སོགས་རང་དང་མ་འབྲེལ་བར་གཞན་དང་འབྲེལ་བའི་དངོས་པོ་གང་ཡིན་པ་དེ་ཉིད་དེ་སྒྲའི་ཤུལ་དུ་མཚོན་པར་བྱེད་པ་རྣམས་ལ། གཞན་གྱི་དངོས་པོ་ལ་འཇུག་པའི་དེ་སྒྲ་ཞེས་བརྗོད་དོ། །
    དུས་ཀྱི་དབང་དུ་བཏང་བའི་དེ་སྒྲ་ནི་དུས་འདས་པ་དང་མ་འོངས་པ་གཉིས་ལ་འཇུག་པ་ལས། དུས་འདས་པ་ལ་འཇུག་པའི་དེ་སྒྲ་ནི། དཔེར་ན། སངས་རྒྱས་འོད་སྲུང་གི་དུས་དེ། སྔོན་སྟོན་པ་རྫོགས་པར་སངས་རྒྱས་པའི་དུས་དེ། ཁ་སང་གི་དུས་དེར། ཞེས་པ་ལྟ་བུ་དང༌། དུས་མ་འོངས་པ་འཇུག་པ་ནི། དཔེར་ན། རྒྱལ་བ་བྱམས་པ་འཚང་རྒྱ་བའི་དུས་དེ། འབྱུང་བར་འགྱུར་བའི་དུས་དེ། སང་གི་དུས་དེ། ལྟ་བུ་དུས་མ་འོངས་པ་ལ་འཇུག་པའི་དེ་སྒྲ་ཡིན་ཞིང༌། དངོས་པོ་ལ་སྦྱར་བའི་དེ་སྒྲ་དུས་གསུམ་ལ་འཇུག་སྟེ། དཔེར་ན། ཁ་སང་གི་ཁ་ཟས་དེ་ཞིམ། དེ་རིང་གི་དགེ་རྒན་དེ་བཟང༌། སང་གི་ལས་དོན་དེ་ཚགས་སུ་ཚུད། ཅེས་པ་ལྟ་བུ། ཀུན་མཁྱེན་སི་ཏུ་མཆོག་གིས། 15དེས་ན་དབྱེ་བ་འདི་སྤྱི་དངོས་པོའི་དོན་གཙོ་བའི་སྒོ་ནས་ཕྱེས་པས་དུས་གསུམ་ག་ལ་ཡོད་དེ། འདས་པ་ལ་དམིགས་ནས་བརྗོད་པ། སྔོན་གྱི་ཚེ་འཕགས་པའི་ཡུལ་དེ་ན། ཞེས་པ་ལྟ་བུ་དང༌། ད་ལྟར་ལ། རྡོ་བ་དེ་ཁྱོད་ཀྱིས་འདེགས་ནུས་སམ། ལྟ་བུ་དང༌། འབྱུང་འགྱུར་ལ། འཚང་རྒྱ་བར་འགྱུར་བ་དེ། ཞེས་པ་ལྟ་བུ་ཚིག་གྲོགས་ཀྱི་དོན་ལས་རིག་པར་བྱ་ཞིང༌། ཞེས་གསུངས་པ་བཞིན་ནོ། །
    སྐབས་འདིའི་ཐ་སྙད་ཅེས་པ་སྒྲ་བློ་གཉིས་ལས་སྒྲའི་ཐ་སྙད་དུ་འཇོག་རྒྱུ་ལས་མ་འདས་མོད། ཀུན་མཁྱེན་སི་ཏུ་མཆོག་16གིས་ཐ་སྙད་ལ་དེ་འདྲའི་དབྱེ་བ་མི་རུང་བར་གསུངས་མོད། ཞིབ་ཏུ་དཔྱད་ན་དེ་ཉིད་རུང་བ་མ་ཟད་གཞུང་ཆེན་གྱི་དགོངས་པའང་ཡིན་པས་རང་དགར་དོར་མི་རུང་སྟེ། མཁས་པའི་དབང་པོ་ཚེ་ཏན་ཞབས་དྲུང་མཆོག་གིས། 17དབུ་ཕར་གྱི་གཞུང་མར་ཁུ་ལྟ་བུ་རྣམས་ཀྱི་གསུང་ཚུལ་ཏེ་འདི་ལྟར། ཤིང་རྟ་ལ་ཤིང་རྟ་ཞེས་བརྗོད་པ་དེ་མིང་དང༌། མིང་དང་དོན་བློ་ཡི་ངོ་ན་འབྲེལ་བ་དེ་བརྡ་དང༌། མིང་དོན་འབྲེལ་བ་ལ་བརྟེན་ནས་འདི་ཤིང་རྟའོ་སྙམ་པའི་བློ་དེ་ཐ་སྙད་ཡིན། ཞེས་གསུངས་པ་ཇི་བཞིན་ཡིན། དེས་ན་ཐ་སྙད་ལའང་སྒྲ་བློའི་ཐ་སྙད་ཀྱི་དབྱེ་བ་ཡོད་པ་ལས། ད་ལྟར་བཤད་བཞིན་པའི་ཐ་སྙད་དེ་ནི་སྒྲའི་ཐ་སྙད་ཙམ་དུ་བཞག་ཡོད་པ་དང༌། གཞན་ཐ་སྙད་ཀྱི་དབྱེ་བ་གསུམ་དང༌། དངོས་པོའི་དབང་དུ་བཏང་བའི་དབྱེ་བ་བཞི་བཤད་པ་ལ། ཀུན་མཁྱེན་སི་ཏུས་བཀག་པ་དོན་དུ་གནས་པར་བརྟེན། འདིར་བསྐྱར་བཤད་མི་དགོས་པར་གཞུང་དེ་ཉིད་དུ་ཞིབ་གཟིགས་གནང་བར་འཚལ། གོང་ནས་བཤད་པའི་ཕྲད་དེ་དག་ནི་ལུང་སྟོན་པ་རྩ་བ་སུམ་ཅུ་པའི་གཞུང་ནས་བཤད་པའི་ཕྲད་ཡིན་པས། དེ་དག་ནི་ཁྱད་ཆོས་བཞི་ལྡན་གྱི་ཕྲད་འབའ་ཞིག་ཡིན། འོན་ཀྱང་འདིའི་གཤམ་ནས་འབྱུང་བའི་ཕྲད་རྣམས་ནི། རྩ་བ་སུམ་ཅུ་པའི་གཞུང་ནས་དངོས་སུ་མ་བཤད་པའི་ཕྲད་ཀྱི་རིགས་ཡིན་པས། གོང་འོག་གཉིས་ཀྱི་ཕྲད་ཀྱི་ཁྱད་པར་ཐ་དད་རེ་ཡོད་པ་མཁྱེན་གལ་ཆེའོ། །
    བཅོ་ལྔ་པ། ཉིད་སྒྲ་བཤད་པ་ནི། རྩ་བ་ལས།

    གཉིས་པའི་བཞི་པ་ཨིས་བརྒྱན་པ། །གསུམ་པའི་གསུམ་སྦྱར་མ་འབྲེལ་དང༌། །
    གཞན་ལྡན་རྣམ་གཅོད་དངོས་རྐྱེན་དང༌། །ཕྱི་ཚིག་ཐ་དད་མིན་པ་འོ། །

    ཞེས་གསུངས་པའི་དོན་ནི། གསལ་བྱེད་སྡེ་པ་གཉིས་པའི་ཡི་གེ་བཞི་པ་ཉ་ལ། དབྱངས་ཡིག་དང་པོ་ཨིས་བརྒྱན་པ་དེ་ལ་སླར་ཡང༌། གསལ་བྱེད་སྡེ་པ་གསུམ་པའི་ཡི་གེ་གསུམ་པ་ད་ཡིག་སྦྱར་བས། ཉིད་ཅེས་གྲུབ་པ་དེ་ནི་མ་འབྲེལ་བ་དང༌། གཞན་ལྡན་རྣམ་གཅོད་དང༌། དངོས་པོའི་རྐྱེན་དང༌། ཕྱི་ཚིག་ཐ་དད་མིན་པ་བཅས་སྟོན་པའི་ཕྱིར་དུ་འཇུག་ཅེས་གསུངས། དེས་ན༑ མ་འབྲེལ་བ་ཞེས་པ་ནི་ངེས་བཟུང་གི་ཉིད་སྒྲ་ཡིན་པར་སྣང་སྟེ། དེ་ཉིད་དོན་གཞན་དང་མ་འབྲེལ་བ་མཚོན་པར་བྱེད་པ་སྟེ། དཔེར་ན། དཀར་པོ་ཉིད་མཛེས། མི་རིང་པོ་ཉིད་མིག་གིས་མཐོང༌། ཞེས་པ་ལྟ་བུའི་སྐབས་སུ་ཉིད་སྒྲ་སྦྱར་ཡུལ་དུ་གྱུར་པའི་དོན་དེ་ཉིད་གཞན་དང་མ་འབྲེལ་བར་ངོས་འཛིན་པར་བྱེད་པས་དེ་ལྟར་བཞག་པར་སྣང༌། གཞན་ལྡན་རྣམ་གཅོད་ནི། ཆོས་གང་ཡང་རུང་བ་ཞིག་གཞི་དེ་ལས་གཞན་པ་ལྡན་པ་རྣམ་པར་བཅད་དེ་ཆོས་དེ་ནི་གཞི་དེར་ལྡན་པ་སྟོན་པར་བྱེད་པ་ཞིག་ལ་གོ་དགོས་ཏེ། དཔེར་ན༑ གཟུགས་ཉིད་མིག་ཤེས་ཀྱིས་གཟུང་བྱ་ཡིན། ཡི་གེ་ཉིད་བསླབ་བྱ་ཡིན། ལྟ་བུའི་ཉིད་སྒྲ་ནི་གཞན་ལྡན་རྣམ་གཅོད་གྱི་ཉིད་སྒྲ་ཡིན། དངོས་རྐྱེན་ཞེས་པ་ནི་དངོས་པོའི་རྐྱེན་ཞེས་པའི་དོན་ལ་གོ་དགོས་ཏེ། དཔེར་ན། སྲ་བའི་དོན་སྟོན་པ་ལ། སྲ་བ་ཉིད་ཅེས་པ་དང༌། སྲེག་པ་ཉིད་སོགས་ནི་དངོས་པོའི་རྐྱེན་ནམ་དོན་ཉིད་མཚོན་པའི་ཆ་ནས་དངོས་རྐྱེན་ཞེས་གསུངས། ཕྱི་ཚིག་ཐ་དད་མིན་པ་ནི། དཔེར་ན། ནམ་མཁའ་ཉིད་སྔོན་པོ་ཞེས་པ་ཡིན་ཏེ། ཚིག་སྔ་མ་ནམ་མཁའ་ཡིན་ལ། ཚིག་ཕྱི་མ་སྔོན་པོ་དེ་ཉིད་ནམ་མཁའ་དང་ཐ་དད་མིན་པས། དེ་ཉིད་མཚམས་སྦྱོར་བར་བྱེད་པར་འཇུག་པས་ཕྱི་ཚིག་ཐ་དད་མིན་པ་བཅས་ལ་འཇུག་པར་གསུངས་སོ། །
    སྨྲ་སྒོ་ལས། ཉིད་ནི་དེ་བཞིན་ཅུང་ཟད་དུ། །ཕྱི་ཚིག་ཐ་དད་མིན་པ་དང༌། །དངོས་པོའི་རྐྱེན་དུ་འགྱུར་བའོ། །ཞེས་གསུངས་པ་ལས་ཁོ་ནའི་སྒྲ་དང་མཚུངས་པར་དོན་དྲུག་ལ་འཇུག་པར་བསྟན་པ་དང༌། ཁོ་ནའི་སྒྲ་དང་མི་མཚུངས་པར་དམིགས་བསལ་གྱི་ཕྱི་ཚིག་ཐ་དད་མིན་པ་དང༌། དངོས་པོའི་རྐྱེན་གཉིས་ལའང་འཇུག་པར་གསུངས། སྐབས་འདིར་ཆོས་རྗེ་མཆོག་གིས་མ་འབྲེལ་བ་སྟེ་ངེས་བཟུང་དང༌། གཞན་ལྡན་རྣམ་གཅོད་དང༌། དངོས་པོའི་རྐྱེན་དང༌། ཕྱི་ཚིག་ཐ་དད་མིན་པ་བཅས་དོན་བཞིར་བསྟན། སྐབས་འདིར་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གིས། 18ཉིད་སྒྲ་ནི། དེ་ཉིད་རྟོགས་པའི་བློ་ཞེས་པ་ནི། དེ་ཁོ་ན་ཉིད་ཅེས་པ་ཚིག་བསྡུས་པ་ཡིན་ལ། བུམ་པ་འདི་ཉིད་གསེར་གྱི་རང་བཞིན་ནོ་ལྟ་བུའི་ཉིད་ནི། འདི་ནི་ཞེས་པའི་ངེས་བཟུང་གི་སྒྲ་དང་མཚུངས། བཤད་སྲོལ་དེ་ཉིད་ནི་འཐད་པར་ངེས་སོ་ཞེས་པའི་དེ་ཉིད། དེ་ནི་ཞེས་པ་དང་དོན་མཚུངས། དངོས་པོ་ཉིད་མི་རྟག་པ་ཡིན་ནོ། །ཞེས་པའི་ཉིད་ནི་དངོས་པོ་ཁོ་ན་ཞེས་པའི་ཁོ་ན་དང་དོན་འདྲ། སྔོན་པོ་ཉིད་ཅེས་པའི་ཉིད་ནི། ནི་སྒྲ་དང་དོན་འདྲ། སྲ་བ་ཉིད་བརྟན་པའོ་ལྟ་བུའི་ཉིད་ནི་ཁོ་ན་དང་དོན་འདྲ་ལ། སྲ་བ་ཉིད་སའི་མཚན་ཉིད་དོ།། ཞེས་པ་ལྟ་བུའི་ཉིད་ནི། ནི་སྒྲ་དང་དོན་འདྲའོ། །དངོས་པོ་མི་རྟག་པ་ཉིད་ཡིན་ནོ། །ཞེས་པ་ཡང་མི་རྟག་པ་ཁོ་ན་ཡིན་ཞེས་པའི་དོན་ནོ། །ཞེས་གསུངས་འདི་ཡང་གལ་ཆེ་ལ། ཞིབ་ཏུ་དཔྱད་ན་གོ་རྒྱུ་དམིགས་བསལ་ཡོད་པ་ཞིག་དང༌། ལྷག་པར་སྐབས་རེ་ཟུང་དེ་ཉིད་ཅེས་པའི་དོན་ནི་ཉིད་ཅེས་པ་ཁོ་ནར་བཤད་པའང་སྣང་བས་ཞིབ་ཏུ་དཔྱད་དགོས་སོ། །
    བཅུ་དྲུག་པ། དེ་ཉིད་ཅེས་པའི་སྒྲ་ནི། རྩ་བ་ལས།

    ལྔ་(སྔ་)གཉིས་ཁོ་ན་བདེན་བཅས་འཇུག །

    སྔ་གཉིས་ཁོ་ན་སྟེ། བཅུ་བཞི་པ་དེ་སྒྲ་དང་བཅོ་ལྔ་པ་ཉིད་སྒྲ་གཉིས་ཡིན་ཞིང༌། དེ་གཉིས་གཅིག་ཏུ་སྡོམ་པའི་དེ་ཉིད་ཅེས་པའི་སྒྲ་ནི། ཁོ་ནའི་དོན་དང༌། བདེན་པའི་དོན་སྟོན་བྱེད་དུ་འཇུག་སྟེ། དཔེར་ན། དངོས་པོ་དེ་ཉིད་བཟང༌། དེ་ཉིད་ཀྱི་རྒྱུ་ཆ་ལེགས། ཞེས་པ་ལྟ་བུའི་སྐབས་སུ་ཁོ་ནའི་དོན་དུ་འཇུག་པ་དང༌། ཁོང་གི་ཚིག་དེ་ཉིད་བདེན། དེ་ཉིད་དེ་ལྟར་གནས། ཞེས་པ་ལྟ་བུའི་དེ་ཉིད་ནི་བདེན་པའི་དོན་དུ་འཇུག་པ་དང༌། གོང་ནས་མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་གི་གསུང་འདིར་འདྲེན་དུ་རུང་བ་ཉིད་ཡིན་པ་དེ་དག་ཀྱང་ཤེས་པར་བྱའོ། །
    བཅུ་བདུན་པ། གལ་ཏེ་ན་ཞེས་པའི་སྒྲ་བཤད་པ་ནི། རྩ་བ་ལས།

    དང་པོའི་གསུམ་པ་བདུན་པའི་གཉིས། །སྦྱར་བ་སྤྱི་འཇུག་གསུམ་པ་ཡི། །
    དང་པོ་ཨེས་བརྒྱན་བཞི་རྗེས་ལྡན། །དམིགས་འཛིན་དེ་གཉིས་ཆ་ལྡན་ཏེ། །
    ཁ་ཅིག་ལྔ་(སྔ་)ཕྱིས་ཟིལ་གནོན་སྦྱར། །

    ཞེས་གསུངས་པའི་དོན་ནི། གསལ་བྱེད་སྡེ་པ་རྣམས་ལ་སྡེ་པ་དང་པོའི་ཡི་གེ་གསུམ་པ་ག་དང༌། སྡེ་པ་བདུན་པའི་ཡི་གེ་གཉིས་པ་གཉིས་སྦྱར་བས་གལ་ཞེས་གྲུབ་པ་དང༌། སྡེ་པ་གསུམ་པའི་ཡི་གེ་དང་པོ་ཏ་ཡིག་ལ་དབྱངས་ཨེ་ཡིག་གིས་བརྒྱན་པ་ཏེ་དང༌། རྗེས་འཇུག་བཞི་པ་ན་ཡིག་དང་བཅས་པས། གལ་ཏེ་ན་ཞེས་གྲུབ་པ་དེ་ནི། ཕྱོགས་གཉིས་ཀའི་ཆ་དང་ལྡན་པ་དང༌། ཡང་ན་ཕྱོགས་གཅིག་དམིགས་འཛིན་པ་དང༌། ཕྱོགས་སྔ་མ་ཟིལ་གྱིས་གནོན་པ་དང༌། ཡང་ན་ཕྱི་མ་ཟིལ་གྱིས་གནོན་པ་ཅི་རིགས་སུ་འཇུག་པ་དང༌། དེའི་ཚུལ་ཁོ་བོས་བྲིས་པའི་སྨྲ་སྒོའི་འགྲེལ་པ་བློ་གསལ་རིག་པའི་རོལ་རྩེད་19དུ་ཅུང་ཞིབ་ཚགས་ཀྱིས་འགྲེལ་ཡོད་པས་དེར་གཟིགས་པར་འཚལ་ལོ། །

ཟུར་མཆན།

  1. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་པར་སྐྲུན་བྱས་པའི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་པའི་ཤོག་ངོས་༥༣ ན་གསལ།
  2. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༦༤ ན་གསལ།
  3. པྲ་ཏིའི་སུམ་རྟགས་འགྲེལ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དཔར་མའི་ཤོག་གྲངས་༤༦ ན་གསལ།
  4. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༦༦ དང་༡༦༧ ན་གསལ།
  5. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༩༨ དང་༩༩ ངོས་སུ་གསལ།
  6. པྲ་ཏིའི་སུམ་རྟགས་འགྲེལ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༥༠ ན་གསལ།
  7. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༡༡༡ ངོས་སུ་གསལ།
  8. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༢༥༡ ངོས་སུ་གསལ།
  9. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་པར་སྐྲུན་བྱས་པའི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་པའི་ཤོག་ངོས་༥༥ དང་༥༦ ན་གསལ།
  10. པྲ་ཏིའི་སུམ་རྟགས་འགྲེལ་བ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་པར་མའི་ཤོག་གྲངས་༥༡ ན་གསལ།   
  11. ཀུན་མཁྱེན་སི་ཏུས། པ་བ་ཅན་ནི་བདག་པོའམ། །ཞེས་རང་ཉིད་ཀྱི་སུམ་འགྲེལ་གྱི་ཤོག་གྲངས་༡༡༥ ན་གསལ། པྲ་ཏིའི་སུམ་ཅུ་པའི་འགྲེལ་བར་ཡང་དེ་བཞིན་ཤོག་ངོས་༥༢ གསལ། འོན་ཀྱང་སྨྲ་སྒོའི་རྩ་བ་གུས་པའི་ངོས་སུ་མཇལ་བ་ནི། ཝརྞའི་དཔར་མ་དང༌། བསྟན་འགྱུར་མཆན་བསྡུར་མ་བཅས་ལས་གོང་བཞིན་གསལ་བས་དཔྱད་ན་གོང་འཁོད་བཞིན་བདེ་བར་སྣང༌།
  12. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༡༡༧ ངོས་སུ་གསལ།
  13. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་པར་སྐྲུན་བྱས་པའི་ཡི་གེ་སྤྱི་རྣམ་བློ་གསལ་འཇུག་ངོགས་ཞེས་པའི་ཤོག་ངོས་༥༩ ན་གསལ།
  14. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༡༠༨ ངོས་སུ་གསལ།
  15. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༡༠༤ ངོས་སུ་གསལ།
  16. དཔལ་སྤུངས་གསུང་རབ་ཉམས་གསོ་ཁང་གི་པར་མ། སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས་ཀྱི་ཤོག་གྲངས་༡༠༩ ངོས་སུ་གསལ།
  17. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་ཐོན་མིའི་ཞལ་ལུང་གི་ཤོག་གྲངས་༡༡༧ ན་གསལ།
  18. མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་༢༠༠༥ ལོར་པར་དུ་བསྐྲུན་པའི་བརྡ་སྤྲོད་བློ་གསལ་དགའ་སྟོན་ཞེས་པའི་ཤོག་ངོས་༧༦ ངོས་སུ་གསལ།
  19. བོད་ཀྱི་བརྡ་སྤྲོད་བློ་གསལ་རིག་པའི་གསང་མཛོད་པོད་དང་པོ། ས་རཱ་བོད་ཀྱི་མཐོ་སློབ་ཀྱིས་༢༠༠༨ ལོར་དཔར་བའི་ཤོག་ངོས་༣༨༢ ནས་༣༩༣ བར་གསལ།

མདུན་ཤོག