ལྷ་མོ་སྐྱབས།

     རབ་བྱེད་གཉིས་པ་ལ། བརྗོད་བྱ་གཙོ་བོའི་དབང་དུ་བྱས་ན་སྐྱེ་བའི་སྡུག་བསྔལ་གྱི་ངང་ཚུལ་བསྟན་པ་དང་། དམ་པའི་སྦྱིན་པའི་སྐོར་གཉིས་བསྟན་ཡོད། དང་པོ་ལའང། ༡༽ ཐོག་མར་དཔྱིད་ཀྱི་དཔལ་ལ་བསྔགས་པ་དང། ༢༽ འདོད་ལྷའི་བུ་འདོད་ཡོན་འཚོལ་དུ་ཤོར་བ། ༣༽ ལམ་ཁར་སྐྱེ་བའི་སྡུག་བསྔལ་མཐོང་ཚུལ།
    ༡༽  དེ་ནས་རེ་ཞིག་དཔྱིད་ཀྱི་དུས་སུ་གྱུར་ཏེ། དབྱར་གྱི་དགའ་སྟོན་ཉེ་བར་གྱུར་མཐོང་ནས། །མྱུ་གུའི་ཚོགས་ཀྱི་སྤུ་ལོང་རབ་རྒྱས་པའི། །ནོར་འཛིན་དགའ་མ་གདུང་བའི་དྲོད་འབར་ཞིང། །ལུས་ཀྱི་རྔུལ་བཞིན་ཆབ་རོམ་ཞུ་བ་འབབ༡། །དེ་ཐོས་དགའ་བའི་སྲེད་པ་འཕེལ་བ་ཡིས། །ཅུང་ཟད་དམར་བར་གྱུར་པའི་ལུས་འཛིན་པ། །འཁྲི་ཤིང་རྣམས་ནི་འཛུམ་པ་གསལ་བྱེད་ཅིང། །གཡོ་བའི་ལྕེ་ཡིས་གྲོགས་ལ་སྦྲོན་པ་བཞིན༢། །དཔལ་དང་ལྡན་པའི་ཡུལ་ཕྱོགས་དེ་མཐོང་ནས། །རླུང་གི་རྒྱལ་པོ་ཕྲག་དོག་སྐྱེས་པ་ཡིས། །ཡིད་འོང་རྒྱན་རྣམས་འཕྲོག་པར་འདོད་པ་བཞིན། །རླུང་དམར་ཆེན་པོ་ཡང་ཡང་དྲག་ཏུ་ལྡང།༣ །ནམ་མཁའི་ལམ་ནས་སྤྲིན་གྱི་རྒྱལ་པོ་དག །མགྱོགས་ཁྱད་འགྲན་བཞིན་རླུང་གི་རྟ་བཞོན་ནས། །ཤར་གྱི་ཕྱོགས་སུ་རིངས་པར་རྒྱུག་པ་ནི། །ལུས་འཕགས་གླིང་གི་དགའ་སྟོན་བསྙེགས་པ་བཞིན༤། །རྡུལ་གྱི་ཕུང་པོས་ཕྱོགས་ཀུན་རབ་དཀྲིགས་ཤིང། །ཉི་མའི་གདུང་བ་ཉིས་འགྱུར་བཞིན་མཐོང་ནས། །སྐྱེ་བོ་རྣམས་ནི་ཕྱི་རོལ་མི་བགྲོད་པར། །འཆི་མེད་གྲོང་གི་ནང་ན་དགའ་བཞིན་གནས༥། །
    དོན་ཇི་བཞིན་པ་ནི། དབྱར་དུས་ལ་ཉེ་བའི་དཔྱིད་ཀ་སླེབས་པ་ན་མྱུ་གུའི་ཚོགས་འབུས་པ་དང་ས་གཞི་དྲོས་ནས་འཁྱག་རོམ་རྣམས་ཀྱང་ཞུ་ནས་འབབ་ལ། འཁྲི་ཤིང་རྣམས་ཀྱང་ཁ་དོག་དམར་མདངས་དང་ལྡན་པར་གཡོ་བར་བྱེད་པ་སོགས་ཀྱི་དཔལ་ཡོན་རྒྱས་ཤིང་། རླུང་ཆེན་ཡང་ཡང་གཡུགས་པས་སྤྲིན་གྱི་ཚོགས་ཆེན་པོ་ཡང་ཤར་ཕྱོགས་སུ་མགྱོགས་པར་རྒྱུ་བར་བྱེད་ཅིང་ནམ་མཁར་རྡུལ་གྱིས་ཁེངས་ཤིང་ཉི་འོད་རབ་ཏུ་ཚ་བས་མི་རྣམས་ཕྱི་ལ་མི་ཐོན་པར་ཁྱིམ་དུ་བདེ་སྐྱིད་དཔལ་ལ་རོལ་ལོ། །ཞེས་རྒྱ་གར་གྱི་དཔྱིད་དུས་ཀྱི་རྣམ་པ་ལ་རབ་རྟོག་གི་རྒྱན་གྱིས་གཙོ་བོར་བསྔགས་པ་སྟེ། དེ་ཡང། ༡ མཐའ་དག་གཟུགས་ཅན། ༢ ཏིང་འཛིན་རབ་རྟོག ༣ སེམས་མེད་རབ་རྟོག ༤ ཏིང་འཛིན་རབ་རྟོག ༥ དངོས་དཔེའོ། །
    ༢༽ དེ་ལྟར་གྱུར་བའི་ཚེ་ཡང། གཞོན་ནུ་འདོད་ལྷའི་བུ་ནི་ནོར་གྱི་རྙེད་པ་འཚོལ་བའི་ཕྱིར། ཡུལ་གཞན་དུ་རྒྱུ་བར་འདོད་ནས་ནུ་བོ་རྣམས་ལ་སྨྲས་པ། ཉལ་ཞིང་འདུག་པས་འབྱོར་བ་བརླག་འགྱུར་ཏེ། །ངོགས་སུ་འགྱེལ་བའི་སྡོང་པོ་རུལ་བ་བཞིན། །བདག་ཅག་རྙེད་དང་བཀུར་སྟི་འཚོལ་བའི་ཕྱིར། །ལྗོངས་རྣམས་རྒྱུ་ཞིང་ཡུལ་གཞན་འདོང་བར་རིགས། ། ཞེས་ཏེ། ཕུ་བོ་གསུམ་ནི་གྲོང་ཁྱེར་དེ་ལས་ཕྱིར་བྱུང་ནས་དོང་ངོ་། །
    ཆུ་འགྲམ་དུ་འགྱེལ་བའི་ཤིང་སྡོང་རུལ་བས་རང་ཉིད་ཀྱང་བརླག་པར་འགྱུར་བ་བཞིན་ང་ཚོ་ཡང་ཉལ་ནས་འདུག་པ་འདིས་ད་ཡོད་ཀྱི་རྒྱུ་ནོར་རྣམས་ཀྱང་བརླག་པར་འགྱུར་ཞེས་པའི་དོན་ཏེ་འདི་ནི་ངག་དོན་དཔེ་དང་ཕྱི་མ་བྱ་བ་རང་བཞིན་བརྗོད་པ་སྟེ་གོ་སླའོ། །ལྗོངས་རྒྱུ་ནི་ཡུལ་སྐོར་སྤྲོ་འཆམ་དང། དོང་ནི་སོང་དང་གཅིག་པའོ། །
    ༣༽ ནུ་བོ་གསུམ་ཡང་སྤུན་རྣམས་ལ་བརྩེ་བས། དེ་དག་ཉེས་སུ་དོགས་པའི་ཕྱིར་ཕྱི་བཞིན་དུ་འགྲོ་བར་བྱེད་དོ། །དེ་ལྟར་མཐར་གྱིས་དོང་བ་ལས། གྲོང་ཁྱེར་དེའི་ཤར་ཕྱོགས་ཀྱི་སྲང་སྒོ་ན་དབུལ་མོ་ཞིག་ཁྱེའུ་བཙས་པ་ལས་ནད་ཀྱིས་འགགས་ནས་ལུས་རྫོགས་པར་མ་ཐོན་ཏེ། ཟུག་རྔུ་དཔག་ཏུ་མེད་པ་དང་ལྡན་པས་ཆོ་ངེས་གནས་དེ་འགེངས་པ་བཞིན་དུ་གྱུར་པ་མཐོང་ངོ་། །དེ་མཐོང་ནས་གཞོན་ནུ་མཉེས་གཤིན་བཟང་པོ་ཤིན་ཏུ་སྙིང་རྗེ་བར་གྱུར་ཏེ་སྨྲས་པ།
    ཀྱི་ཧུད་ཕྲུ་མའི་གོས་གྱོན་ཞིང། །ལུས་ཕྱེད་ཐོན་ཏེ་སྐད་ངན་འབྱིན། །སྒྲ་གཅན་གྱིས་ཟོས་ཟླ་བ་ཡི། །དུམ་བུ་དང་མཚུངས་འདི་སུ་ཞིག༡ །རྨོངས་པས་འདོད་ཆགས་དུག་འཐུངས་པའི། །ཟུག་རྔུ་ཁོང་དུ་རབ་རྒྱས་པས། །དུག་སྦྲུལ་གྱིས་བཞིན་ལུས་བཅོམ་མ། །ཀྱེ་མ་དབང་བྲལ་མ་རེ་སྡུག༢ །

    དོན་ཇི་བཞིན་པ་ནི། ཨ་ཁ་ཁ། ཤ་མས་གཡོགས་པའི་ལུས་ཕྱེད་ལས་ཕྱིར་ཐོན་མ་ཐུབ་པར་ངུ་སྐད་འདོན་པའི་བྱིས་པ་འདི་སུ་ཡིན། མ་རིག་པའི་དབང་གིས་འདོད་ཆགས་སྤྱད་པ་ལས་ན་ཟུག་དྲག་པོས་མནར་བའི་རང་དབང་མེད་པའི་བུད་མེད་འདི་ཡང་སྡུག་བསྔལ་བ་ཨང།། ཞེས་དཔེ་རྒྱན་གྱིས་བཅིངས་པ་སྟེ་དེ་ཡང། ༡ ངག་དོན་དཔེ། ༢ གཟུགས་ཅན་ངག་དོན་དཔེའོ། །
    གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྨྲས་པ། འདི་ནི་རྒ་དང་ན་བ་དང། འཆི་བའི་ཟུག་རྔུ་རིམ་པ་བཞིན། །སྐྱེ་བ་ཞེས་བྱ་ལུས་ཅན་གྱི། །སྡུག་བསྔལ་འཕྲུལ་འཁོར་དང་པོ་ཡིན༡། ། ལས་ཀྱི་སྐྱེས་བུས་རྒྱུད་ལྔའི་ལམ་དུ་བར་དོའི་སེམས་ནི་སྲེད་པའི་ཞགས་པས་བཅིངས་ཤིང་རང་དབང་མེད་པར་ཁྲིད། །སྲིན་བུའི་གྲོང་ཁྱེར་མ་ཡི་མངལ་དུ་ཁུ་ཁྲག་བཤང་གཅིའི་འདམ་གྱིས་སྦགས་ཤིང་ལུས་ཀྱི་ལྕགས་ཁང་དོག་པོར་བཅུག །མནར་མེད་དང་ནི་ཀྱི་ཧུད་ཁྲོད་ལྟར་ཆུ་བུར་ལུས་ཀྱིས་ཚ་དང་གྲང་བའི་སྡུག་བསྔལ་ཀུན་ཏུ་མྱོང། །སླར་ཡང་མི་བཟད་ཟུག་རྔུ་དང་བཅས་ལྷུང་བར་བྱེད་འདི་སྐྱེ་འགྲོ་ཀུན་གྱི་ལས་ངན་འབྲས་བུ་དང་པོ་ཡིན༢། །མངལ་གྱི་སྒོ་ཡིས་བསྡམས་པ་འདི་ནི་འཇིགས་རུང་འཁོར་བའི་བཙོན་རར་འཇུག་པའི་ཐོག་མ་ཡིན། །ཕྲུ་མའི་དྲ་བས་དཀྲིས་པ་འདི་ཡང་ལས་ཀྱི་འཆི་བདག་ཞགས་པ་འདེབས་པའི་ཐོག་མ་ཡིན། །ངུ་སྐད་ལྷང་ལྷང་སྒྲོག་པ་འདི་དག་སྡུག་བསྔལ་སྨྲེ་ངག་བརྒྱུད་མར་འདོན་པའི་ཐོག་མ་སྟེ། །རྩུབ་མོའི་མལ་དུ་ལྷུང་བ་འདི་འདྲ་ཉོན་མོངས་སྲེག་ཟའི་འོག་ཏུ་འཇུག་པའི་ཐོག་མ་ཉིད༣། །འདི་ལྟར་ཤིན་ཏུ་འཇིགས་རུང་བའི། །སྐྱེ་བའི་ཆུ་རྒྱུན་མ་བཅད་ན། །རིགས་དྲུག་ལས་ཀྱི་ཕྲེང་བ་ཡི། །སྡུག་བསྔལ་ཟོ་ཆུན་རྒྱུན་བཞིན་འཁོར༤། །
    དོན་ཇི་བཞིན་པ་ནི། སེམས་ཅན་གྱི་སྐྱེ་བའི་སྡུག་བསྔལ་འདི་འདྲ་སྟེ། དེ་ཡང་། ལས་དང་སྲེད་པའི་དབང་གིས་མངལ་དུ་ཆགས་ཤིང། དེར་བཙིར་གནོན་དང་ཚ་གྲང་གི་སྡུག་བསྔལ་མང་པོ་མྱངས་ནས་མཐར་འདི་ལྟར་སྐྱེ་བ་འདི་ལས་ཉོན་གྱི་འབྲས་བུ་མངོན་དུ་གྱུར་པ་ཐོག་མ་ཡིན་ལ། འཁོར་བར་སླེབས་ནས་སླར་ཡང་ལས་ངན་གསོག་པའི་ཐོག་མ་ཡང་ཡིན། འདི་ལྟར་སྐྱེས་མ་ཐག་ནས་མལ་རྩུབ་མོར་ལྷུང་སྟེ་ངུ་འབོད་བྱེད་པ་བཞིན་སྡུག་བསྔལ་གྱི་སྨྲེ་ངག་ལ་རྒྱུན་འཆད་མེད་པས། སྐྱེ་བའི་རྒྱུན་ཐག་མ་བཅད་ན་འགྲོ་བ་རྣམས་ཀྱི་འཁོར་བའི་སྡུག་བསྔལ་ལ་མཐའ་མེད་དོ། །ཞེས་གདམས་པ་སྟེ། སྐྱེ་བའི་སྡུག་བསྔལ་བསྟན་པའོ། །དེ་ཡང་རྒྱན་ནི། ༡ དྲང་བརྗོད། ༢ རབ་སྤེལ་རྒྱན། དེ་ཡང་རྐང་པ་དང་པོ་མ་བསྡུས་པའི་གཟུགས་ཅན་དང།། རྐང་པ་གཉིས་པ་འབྲུ་མང་བའི་དཔེ་དང་མ་བསྡུས་པའི་གཟུགས་ཅན། རྐང་པ་གསུམ་པ་ཆོས་དཔེ། ཐ་མ་རང་བཞིན་བརྗོད་རྒྱན། ༣ ངེས་བསྟན་གཟུགས་ཅན། ངེས་བསྟན་རྒྱན་དང་བཅས་པས་སོ། ༤ །གཟུགས་དཔེ་སྤེལ་མ། གཟུགས་ཅན་རང་སྐྱ་བ་དང་དཔེ་རྒྱན་རང་སྐྱ་བ་འགྲོགས་པ་ཅན་ཡིན་པས་འདི་ལྟར་འདོགས་འོས།
    གཉིས་པ་སྦྱིན་པའི་སྐོར་ལའང་། ༡༽ སྦྱིན་པའི་ཡུལ་དབུལ་བའི་སྡུག་བསྔལ་མཐོང་ཚུལ་དང་། ༢༽ ཟང་ཟིང་གི་སྦྱིན་པ་དང་སྦྱིན་པའི་ཕན་ཡོན། ༣༽ ལོངས་སྤྱོད་ལ་ཆགས་པའི་ཉེས་དམིགས་དང་ཆོག་ཤེས་སྐོར། ༤༽ ཞིང་དམ་པ་ལ་སྦྱིན་པ། ༥༽ ཆོས་ཀྱི་སྦྱིན་པ། ༦༽ མི་འཇིགས་པའི་སྦྱིན་པ་བཅས་སོ། །
    ༡༽ དེ་སྐད་སྨྲས་ནས་རིམ་བཞིན་ཡུལ་རྣམས་སུ་རྒྱུ་བ་ལས། གྲོང་ཁྱེར་གཞན་ཞིག་གི་སྒོ་དྲུང་ན་སློང་མོ་བའི་སྐྱེ་བོ་ཡི་དྭགས་ལྟར་༡ལུས་རིད་ཅིང། མདོག་སྔོ་སྐྱར་གྱུར་པ། སྐྲ་འཛིངས་པ། མགྲིན་པ་ནི་བསྐམས་ཤིང་ལུས་ཀྱི་ཕྱི་ནང་ཐལ་བྱུང་དུ་མཐོང་བ་ལྟ་བུ་འགའ་ཞིག་འདུག་པ་དེ་དག་གིས་གཞོན་ནུ་རྣམས་འོང་བ་མཐོང་ནས། མི་ནུས་བཞིན་དུ་ལངས་ཤིང་ཕྱག་འཚལ་ཏེ་ཤིང་སྐམ་གྱི་ཡལ་ག་རེངས་པ་ལྟ་བུའི་༢ལག་པ་བརྐྱངས་ནས་འདི་སྐད་ཅེས་སྨྲས་སོ། ། ༡༽ སྦྱར་དཔེ་དང། ༢༽ ཆོས་དཔེས་བརྒྱན་པའོ། །
    ཀྱི་ཧུད་རབ་རྒྱས་ནགས་ཚལ་དུ། །ཤིང་སྐམ་འབའ་ཞིག་འབྲས་མེད་ལྟར། །འབྱོར་ལྡན་གྲོང་འདིར་བསོད་ནམས་ཀྱི། །རླན་བྲལ་བདག་ཅག་ཁོ་ན་དབུལ༡། །རྒྱུད་ལ་དགེ་བའི་འཁྲི་ཤིང་གི ་ས་བོན་བཏབ་ལས་དཔལ་འབྱོར་གྱི། །ཡལ་འདབ་རབ་རྒྱས་ཁྱོད་ལྟ་བུ། །ལེགས་བྱས་རྐང་འཐུང་འཁྲུངས་པ་ཉིད༢། །ཁྲོན་པའི་ཆུ་ནི་རབ་བཅུས་དང། །ལྗོན་པའི་ཡལ་ག་བཅད་ལས་འཕེལ། །འཇིག་རྟེན་འདི་དང་ཕ་རོལ་གྱི། །ལོངས་སྤྱོད་སྦྱིན་པ་ཉིད་ལས་འབྱུང།༣ །འཚོ་བའི་ལུས་ནི་སྒྱུ་རྩལ་དང།། །རིགས་ནི་མཆོག་རྣམས་ཡོན་ཏན་དང།། །སྨྲ་བ་པོ་ནི་བདེན་པས་བཞིན། །ཕུན་ཚོགས་རྒྱས་པ་གཏོང་བས་མཛེས༤། །དེ་ཕྱིར་སྦྱིན་པའི་རིན་ཆེན་གྱིས། །དབུལ་ཕོངས་བདག་ཅག་ཚིམ་པ་དང།། །འཇིག་རྟེན་འདི་ཡང་གྲགས་པ་ཡི། །ནོར་གྱིས་རབ་ཏུ་གང་བར་མཛོད༥། །
    དོན་ཇི་བཞིན་པ་ནི། རྒྱུ་འབྱོར་ལོངས་སྤྱོད་ལྡན་པའི་གྲོང་ཁྱེར་འདིར་བསོད་དམན་སྤྲང་པོ་ནི་ང་ཚོ་ཁོ་ན་ཡིན་ལ། ཁྱེད་ཅག་ནི་བསོད་ནམས་འབྲས་བུ་ཕུན་སུམ་ཚོགས་པའི་ཕྱུག་པོ་ལགས། ཚེ་འདི་ཕྱིའི་ལོངས་སྤྱོད་ཕུན་ཚོགས་དེ་ནི་སྦྱིན་པའི་འབྲས་བུ་རང་ཡིན་པས་གཏོང་བ་ནི་སྦྱིན་བདག་དག་གི་མཛེས་པའི་ཡོན་ཏན་ཡིན། དེ་བས་ཁྱེད་ཅག་གིས་ཀྱང་ནོར་གྱི་སྦྱིན་པས་བདག་ཅག་གི་དབུལ་ཕོངས་སེལ་ནས་སྙན་གྲགས་རྒྱས་པར་མཛོད་ཅིག །ཅེས་པ་སྟེ་མདོར་ན་ཚེ་སྔ་མ་རྣམས་ལ་བསོད་ནམས་བསགས་མིན་ལས་བྱུང་བའི་ལོངས་སྤྱོད་ཀྱི་ཁྱད་པར་བསྟན་པའོ། །རྒྱན་ནི། ༡ གཟུགས་ཅན་ངག་དོན་དཔེ། ༢ མཐའ་དག་གཟུགས་ཅན། ༣  ཟླ་བོ་དངོས་པོའི་དཔེ། ༤ གསལ་བྱེད་ཀྱི་དཔེ། ༥ ཡན་ལག་གཉིས་གཟུགས་
    ༢༽ ཟང་ཟིང་གི་སྦྱིན་པ་དང་དེའི་ཕན་ཡོན་བརྗོད་པ། དེ་སྐད་ཅེས་སྨྲས་པ་དང། གཞོན་ནུ་གསུམ་པོ་དེས་རང་རང་གི་གོས་ཀ་ཤི་ཀའི་རས་བཟང་པོ་གསེར་སྲང་འབུམ་ཕྲག་རི་བ་རྣམས་དང། རིན་པོ་ཆེ་དུ་མ་ལས་བྱས་པའི་རྣ་ཆ། །མགུལ་རྒྱན། གདུབ་ཀོར། ཕྲེང་བའི་དོ་ཤལ་དང་བཅས་པ་ཕུད་དེ་ཕོངས་པ་དག་ལ་བསྟབས་ཤིང། རང་གི་འཚོག་ཆས་ཇི་སྙེད་ཡོད་པ་རྣམས་ཀྱང་མ་ལུས་པར་བྱིན་ནས་དེ་དག་གི་ཚེམ་བུའི་གོས་རྙིང་པ་ཧྲལ་ཧྲུལ་དུ་གྱུར་པ་ཞིག་སྲོའི་ཕྲེང་བ་མུ་ཏིག་གི་དྲ་བ་ལྟར་བཀྲ་བས་གཡོགས་པ་༡དེ་དག་བླངས་ཏེ་གྱོན་ནས་སེམས་མགུ་བཞིན་དུ་འདུག་གོ །དེ་མཐོང་བ་དང། གཞོན་ནུ་འདོད་ལྷའི་བུས་ཁྲེལ་བས་དགོད་པ་བཅས་པས་སྨྲས་པ། 
    ༡ ཆོས་དཔེ། སྦྱིན་པའི་བྱ་བ་ཞིབ་འབྲི་བྱས་པ་སྟེ་ཞེན་པ་བྲལ་བའི་གཏོང་སེམས་མཚོན་པའོ། །
    ཡ་མཚན་སྤྱོད་ཚུལ་འདི་ལ་ལྟོས། །ཧ་ཅང་སྦྱིན་ལ་དཔའ་བས་ཉམས། །རང་ཉིད་སྤྱད་པའི་ལྷག་མ་དག །གཞན་ལ་སྦྱིན་པ་མཛེས་པ་ཉིད། །འབུམ་ཕྲག་རི་བའི་གོས་བཟང་དང།། །རིན་ཆེན་རྒྱན་རྣམས་བཏང་ནས་ནི། །ཤིག་སྲོས་བརྒྱན་པའི་གོས་ཐོབ་པ། །ཁྱོད་ཅག་ཚོང་གི་སྐྱེད་ལ་མཁས། །ཞེས་སོ། །
    ཚིགས་བཅད་འདི་གཉིས་བཞད་གད་ཀྱི་ཉམས་དང་བཅས་ཟང་ཟིང་གི་སྦྱིན་པའི་ཡོན་ཏན་ལ་ཟོལ་གྱིས་བསྟོད་པར་གོའོ། །
    ༣༽ ལོངས་སྤྱོད་ལ་སོགས་པའི་ཉེས་དམིགས་དང་ཆོག་ཤེས་སྐོར།  དེ་ནས་གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས། བདག་ཉིད་སྦྱིན་ལ་དགའ་བའི་ཆེ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་དེ་སྨྲས་པ། གྲོགས་པོ་བདག་ཅག་སེར་སྣ་གོམས་མ་གྱུར། །ལུས་དང་རྫས་ལ་ཆགས་ཤིང་བརྐམ་པ་མེད། །ཕོངས་པས་རླབས་ཆེར་སློང་ཕོད་མཐོང་གྱུར་ན། །དགེ་ཚོགས་འཕེལ་ཕྱིར་དེ་ནི་རྙེད་པའི་མཆོག༡ །རང་གི་མགོ་དང་མིག་འབྲས་རྐང་ལག་དང། །སྲོག་ཀྱང་གཏོང་ན་བུ་དང་ཆུང་མ་འམ། །སྙིང་པོ་མེད་པའི་ལོངས་སྤྱོད་སྨོས་ཅི་དགོས། །མཁས་པས་མི་སྦྱིན་པ་ནི་ཅི་ཡང་མེད༢། །ཕོངས་པ་རྣམས་ལ་བདོག་པ་ཀུན་བཏང་ན། །སྲིད་དང་ཞི་བའི་དཔལ་འབྱོར་བླ་མེད་འཐོབ། །བསོད་ནམས་ཚོང་ཟོང་འདི་ལྟ་བསྔགས་འོས་ཏེ། །འཇུངས་ཤིང་ནོར་ལ་བརྐམས་པའི་སྤྱོད་ཡུལ་མིན༣། །སློང་བ་ཕྱིར་བཟློག་རེ་ཐག་བཅད་པ་ཡི། །ཤུགས་རིང་རླུང་གིས་བུས་པའི་མྱ་ངན་མེས། །རང་གི་གྲགས་པའི་ལྗོན་ཤིང་སྲེག་བྱེད་པ། །རྨོངས་པ་དེ་ནི་གསོན་ཡང་ཤི་དང་མཚུངས༤། །སྦྱིན་པ་མི་དགེ་འཇོམས་པའི་དཔའ་བོ་སྟེ། །ཡིད་ལ་རེ་བའི་འབྲས་སྟེར་དཔག་བསམ་ཤིང།། །ཡོན་ཏན་ཡོངས་སུ་སྒྲོག་བྱེད་རྔ་ཆེན་ཡིན། །བསོད་ནམས་འབྲས་བུ་མི་ཟད་གཏེར་དང་མཚུངས༥། །དེ་སྐད་ཅེས་སྨྲས་པ་དང། ཕུ་བོ་གསུམ་ཡང་ཅང་མི་སྨྲ་བར་གྱུར་ཏོ། །
    དོན་ཇི་བཞིན་པ་ནི། བྱང་ཆུབ་སེམས་དཔའི་སྦྱིན་པའི་སྟོབས་སམ་སྦྱིན་པའི་ཕན་ཡོན་བསྟན་པ་སྟེ་ཚིག་དོན་གོ་བདེ། ཚིག་རྒྱན་ནི། ༡ རིགས་ཐོག་མའི་གསལ་བྱེད། ༢ བྱ་བ་བར་གྱི་གསལ་བྱེད། ཡང་ན་ཚིགས་བཅད་འདི་གཉིས་ལྷན་ཅིག་རིགས་རང་བཞིན་བརྗོད་པའི་རྒྱན་དུ་བཞག་ཆོག ༣ ཡོངས་བརྗེས་རྒྱན། ༤ ལྡན་པའི་གཟུགས་ཅན་ཏེ། ཡང་ན་ངག་དོན་གཟུགས་ཅན་ཞེས་ཀྱང་བཏགས་ཆོག་སྟེ། འདི་ཉིད་ངག་དོན་གྱི་དཔེར་བཟོས་ན། སློང་བ་ཕྱིར་བཟློག་རེ་བ་ཉམས་བྱས་པའི། །ཤུགས་རིང་གདུང་བས་གྲགས་པ་ཉམས་བྱེད་པ། །དྲག་པོའི་རླུང་གིས་བུས་པའི་མེ་ཆེན་གྱིས། །ལྗོན་ཤིང་རབ་ཏུ་སྲེག་པར་བྱེད་པ་བཞིན། །ལྟ་བུ་སྟེ་ངག་དོན་གྱི་གོ་དོན་ཡོངས་སུ་ཚང་བས་སོ། །རྐང་པ་ཐ་མ་ནི་དངོས་དཔེའོ། ། ༥ རྐང་པ་ཐོག་མ་གསུམ་རྒྱུའི་གཟུགས་ཅན་དང་ཐ་མ་རྒྱུའི་དཔེ་ཡིན་ཏེ། བསོད་ནམས་ཀྱི་འབྲས་བུ་ཟད་པ་མེད་པས་ན་གཏེར་དང་མཚུངས་ཞེས་པའི་ཚིག་གོ །
    སྦྱིན་པས་དཔའ་རྣམས་ཕོངས་པའི་མགྲོན་ལ་རེ་བ་ལས་ཀྱང་ལྷག་པར་གཏོང། །འཇུངས་པ་རྣམས་ནི་རང་ཉིད་འཚོ་ཕྱིར་ཟས་དང་སྐོམ་ཡང་སྤྱོད་མི་ནུས། །ཀྱེ་མ་མཆོག་དང་དམན་པའི་སྤྱོད་པ་ཁྱད་པར་བསམ་གྱིས་མི་ཁྱབ་སྟེ། །ངང་ཚུལ་དེ་ཉིད་ནོར་འཛིན་གཞི་དང་རྒྱུ་སྐར་ལམ་གྱི་བར་ལས་རིང།༡ །སྙིང་སྟོབས་ལྡན་རྣམས་འགྲོ་ཀུན་སྒྲོལ་བའི་ཁུར་ཆེན་དཔུང་པའི་མཐུ་ཡིས་བཟོད། །དམན་པའི་སྐྱེ་བོ་བདག་གི་དོན་ཡང་སྒྲུབ་པས་ངལ་ཞིང་སྒྱིད་ལུག་གནས། །རབ་བརྟན་གླང་པོས་ལྷ་དབང་དཔུང་བཅས་ཤིང་རྟ་འདྲེན་ཞིང་ལྷ་མིན་བཟློག །ཝ་སྐྱེས་དག་ནི་རང་གི་མཇུག་མ་ས་ལ་འདྲུད་ཅིང་འགྲོ་བའང་མཐོང།༢ །
    ནང་དོན་གོ་སླ། སྐོམ་ནི་སྐབས་འདིར་བཏུང་བ་ལ་གོ རྒྱན་ནི། ༡ གཞི་ཐ་དད་པའི་བྱ་བ་འགལ་བ་དང། ཕྱེད་ཕྱི་མ་ལ་བསྡུར་བའི་དཔེ་ཞེས་འདོགས་འོས། ༢ འདི་ལ་ངག་དོན་ཟླ་བོ་དངོས་པོའི་དཔེ་ཞེས་འདོགས་སོ། །
    དེ་ནས་གཞོན་ནུ་དེ་དག་ཤར་གྱི་ཕྱོགས་སུ་རིམ་གྱིས་དོང་དོང་བ་ལས། ཡུལ་ཁམས་དེའི་རྒྱལ་པོ་ཡུལ་འཁོར་སྐྱོང་ཞེས་བྱ་བའི་ཕོ་བྲང་འཕགས་རྒྱལ་ཞེས་པ་ཁོར་ཡུག་སྐྱེད་མོས་ཚལ་རྣམ་པ་དུ་མས་བསྐོར་བ། ཏཱ་ལའི་ཕྲེང་བས་མཚན་པའི་འོབས་རིམ་པ་བདུན། ཆུ་གཙང་མ་ཡིད་དུ་འོང་བས་གང་བ། ར་བ་རིམ་པ་བདུན་དང་། ཁང་པའི་ཁོར་ཡུག་བདུན་གྱིས་རྣམ་པར་ཕྱེ་བའི་དབུས་ན་ཁང་བཟང་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ལྷའི་གཞལ་མེད་ཁང་ལྟ་བུ་ན།༡  མིའི་དབང་པོ་བཙུན་མོའི་འཁོར་དང་མདུན་ན་འདོན།  བློན་པོའི་ཚོགས་དང་བཅས་པ་མངོན་པར་མཐོ་བའི་དཔལ་ལ་ལོངས་སུ་སྤྱོད་ཅིང་།  ཀུན་དགའི་གཏམ་དང་གླུ་གར་གྱིས་ཕྱོགས་ཀུན་གང་བར་བྱས་ཏེ་འདུག་པ་དང་ཉེ་བར་ཕྱིན་ཏོ། །དེ་ལྟ་བུའི་འབྱོར་པས་གཞོན་ནུ་འདོད་ལྷའི་བུ་ཡིད་འཕྲོགས་པར་གྱུར་ཏེ་སྨྲས་པ། 
    ༡ རྒྱལ་པོ་ཡུལ་འཁོར་སྐྱོང་གི་ལོངས་སྤྱོད་བཀོད་འབྲི། ཆོས་དཔེ། འོབས་ནི་ས་དོང་ཟབ་མོ། མདུན་ན་འདོན་ནི་རྒྱལ་པོའི་དབུ་བླ་ལྟ་བུའོ། །  
    ཀ་ཡེ་སྐལ་བ་ཕུན་སུམ་ཚོགས། །མངའ་ཐང་རྫོགས་པའི་དཔལ་འབྱོར་ཅན། །འདི་བས་ལྷག་པ་སྲིད་གསུམ་ན། །བསོད་ནམས་ཟོང་གིས་འཐོབ་པ་མེད།༡ །རབ་བརྗིད་གསེར་གྱི་རི་དང་ནི། །རོལ་མཚོ་བདུན་གྱིས་བསྐོར་བ་ཡི། །ལྷུན་པོ་ཞེས་བྱ་སྐབས་གསུམ་གནས། །དེ་ནི་འདི་ཡིན་གཞན་མ་ཡིན༢། །རིན་ཆེན་བ་གམ་གཞལ་མེད་ཁང་། །རྒྱན་གྱིས་ལྗི་བར་གྱུར་པ་ཡིས། །ལྷ་ཡི་ཁང་བཟང་རྣམ་པར་རྒྱལ། །ས་གཞི་ལ་ནི་བབས་པ་བཞིན།༣ །ལྗོན་ཤིང་མེ་ཏོག་རབ་རྒྱས་པའི། །ཡིད་འོང་སྐྱེད་ཚལ་འདི་མཐོང་ན། །དགའ་བའི་ཚལ་གྱི་བྱ་རྣམས་ཀྱང་། །དབུལ་པོ་བཞིན་དུ་ཞུམ་པར་གྱུར།༤ །བདེ་ཞིང་འབྱོར་པའི་ཡུལ་ཁམས་འདིར། །ལེགས་བྱས་ལྡན་པ་ཀུན་སྐྱེས་པས། །འཆི་མེད་གྲོང་གི་ཉེ་འཁོར་ཡང་། །ད་ལྟ་སྟོང་པར་མ་གྱུར་ཏམ།༥ །འཛམ་བུ་གླིང་གི་ལྟ་ན་སྡུག །མི་ཡི་མངའ་བདག་མིག་སྟོང་ཅན། །ས་ལ་གནས་པའི་མཐོ་རིས་ནི། །སུམ་རྩེན་སྐྱེ་བོའི་སྙེམས་པ་འཕྲོག༦  །རིན་ཆེན་ཚོགས་ལྡན་བང་མཛོད་ཀྱིས། །གདེངས་ཅན་བདག་པོ་སྐྱེངས་བྱས་ནས། །དཔའ་ཞིང་བརྟུལ་ཕོད་དཔུང་གི་ཚོགས། །ལྷ་མིན་གཡུལ་ལས་རྒྱལ་འདོད་བཞིན།༧ །རྒྱལ་ཕྲན་སྟོང་ཕྲག་རྣམས་ཀྱི་ནི། །སྤྱི་བོར་བཀའ་ནི་ངལ་བསོ་ཞིང་། །ཟུར་མིག་བརྡ་དང་ཚིག་ཙམ་གྱིས། །སྐྱེ་རྒུའི་བྱ་བ་སྒྲུབ་འདི་མཚར།༨ །འདི་ལྟའི་དཔལ་འབྱོར་མཐོང་བ་ན། །ལུས་ངན་བུ་ཡང་དྲེགས་པ་ཉམས། །མི་རུ་སྐྱེས་ཀྱང་དབུལ་ཕོངས་ཤིང་། །རྣམ་དཔྱོད་ལྡན་ཡང་དབང་བྲལ་བ།༩ །བདག་ཅག་གསོན་ཡང་ཤི་བ་སྟེ། ཁ་ཟས་ལྡན་ཡང་འཚོ་བ་བྲལ། །གོས་ཀྱིས་བཀབ་པའི་གཅེར་བུ་དང་།  །མི་ཡི་ལུས་ཅན་ཡི་དྭགས་ཡིན།༡༠ །སྐྱོ་བ་མེད་པའི་ཁང་བཟང་དབུས་ན་བློན་པོའི་ཚོགས་ཀྱིས་སྤྱི་བོས་ཞབས་བསྟཻན་བཀའ་ཡིས་ཡུལ་ལ་དབང་བསྒྱུར་ཞིང་། །རེག་ན་བདེ་བའི་གོས་བཟང་རྣམས་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤུད་ཅིང་རོ་བརྒྱ་ལྡན་པས་ཚིམ་གྱུར་པ། །རི་དྭགས་མིག་ཅན་མཛེས་མ་དག་དང་སེང་གེའི་ཁྲི་ལ་ལྷན་གཅིག་ཉལ་ཞིང་རྒྱུད་མང་སྒྲ་ཡིས་སད་པར་བྱེད། །འདི་ལྟའི་འབྱོར་པ་སྲིད་གསུམ་ན་མེད་གལ་ཏེ་སྐལ་བའི་ཆ་ཤས་ཡོད་ན་རྨི་ལམ་དུ་ཡང་ཐོབ་པར་ཤོག༡༡ །
    དོན་ཇི་བཞིན་པ་ནི། ཀ་ཡེ་སྤུན་རྣམས། མངའ་ཐང་ལོངས་སྤྱོད་ཕུན་ཚོགས་འདི་འདྲ་ནི་བསོད་ནམས་ལྡན་པ་སུས་ཀྱང་འཇིག་རྟེན་འདིར་རྙེད་དཀའ་སྟེ། ལྷ་ཡུལ་ཞེས་པའང་འདི་ལས་གཞན་ཞིག་ཡོད་དམ། ལྷའི་དགའ་ཚལ་ལྟ་བུའི་ཡིད་འོང་སྐྱེད་ཚལ་དང། རྣམ་རྒྱལ་ཁང་བཟང་དང་འདྲ་བའི་གྲོང་ཁྱེར་འདིར་སྐྱེས་པའི་སྐྱེ་བོ་བསོད་ནམས་ལྡན་པ་འདི་རྣམས་ནི་ལྷ་དང་ལྷ་མོའོ། །བརྒྱ་བྱིན་ལྟ་བུའི་རྒྱལ་པོ་ལ་ཀླུའི་བང་མཛོད་འདྲ་བའི་ལོངས་སྤྱོད་དང། ལྷ་མིན་དཔུང་འདྲའི་དམག་དཔུང་ཅན། བཀའ་ལ་ཉན་པའི་བློན་པོ་སྟོང་ཕྲག་ཅན། གསུང་ཙམ་རེས་ཀྱང་སྐྱེ་རྒུ་སྐྱོང་བར་བྱེད་པའི་ངོ་མཚར་བ་འདི་ལ་གཟིགས་དང། ངེད་ཅག་ནི་གསོན་ཡང་ཤི་བ་དང་ཁྱད་མེད་ཀྱི་མི་ལུས་ཙམ་ཐོབ་པའི་ཡི་དྭགས་ཡིན། ཀྱེ་མ་ཀྱི་ཧུད། བློན་པོའི་ཚོགས་ཀྱིས་བསྐོར་བའི་ཁང་བཟང་ནང་ན་བཀའ་ཡིས་དབང་བསྒྱུར་ཅིང་རིན་ཆེན་རྒྱན་གོས་ཀྱིས་བརྒྱན། རོ་བརྒྱའི་ཟས་ལ་ལོངས་སྤྱོད་པ། མཛེས་མ་རྣམས་དང་ལྷན་སེང་གེའི་ཁྲི་ལ་བདེ་བར་ཉལ་ཞིང་གཉིད་ལས་སློང་ཚེ་རྒྱུད་མང་སྒྲ་ཡིས་སད་པར་བྱེད་པའི་སྐལ་བཟང་འཇིག་རྟེན་གསུམ་ན་མེད་པ་འདི་འདྲ་རྨི་ལམ་གྱི་བགོ་སྐལ་ཙམ་ཐོབ་ནའང་ཅི་མ་རུང་ཞེས་བརྗོད་པའོ། །འདུས་པའི་ཚིགས་བཅད་འདིར། ཡུལ་འཁོར་སྐྱོང་གི་སྣོད་བཅུད་དེ་དཔེ་བརྒྱ་བྱིན་གྱི་སྣོད་བཅུད་དག་གིས་མཚོན་པར་བྱས་པས་ན་དཔེ་རྒྱན་ལས་མ་འདས་མོད། ནང་གསེས་སུ་རྒྱན་ནི། ༡ འུད་བརྗོད་གཟུགས་ཅན། ༢ བསྙོན་དོར་གཟུགས་ཅན། ༣ འུད་བརྗོད་རབ་རྟོག ངོ་མཚར་ཕུལ་བྱུང་དང་ཏིང་འཛིན་རབ་རྟོག་སྤེལ་མ། ༤ རྒྱ་ཆེའི་ཡོན་ཏན་ནམ། ཟུར་མིག་དཔེ་ཞེས་འདོགས་ཏེ། མཛེས་མ་ཞིག་གིས་གདོང་གཞན་ཞིག་ལ་ཕྱོགས་ཏེ་ཟུར་མིག་གཞན་ཞིག་ལ་འཕངས་པའི་ཚུལ་ལྟར་དཔེ་འགོད་ལུགས་འདིས་དཔེ་ཅན་དེ་ལས་སྐབས་དོན་གཞན་ཞིག་གི་ཡོན་ཏན་ངོ་མཚར་བ་བརྗོད་པས་སོ། ། ༥ ཐེ་ཚོམ་འུད་བརྗོད། ༦ གཟུགས་དཔེ་སྤེལ་མ། ༧ རབ་རྟོག་དཔེ། ༨ ཏིང་འཛིན་རབ་རྟོག་དང་འུད་བརྗོད་དེ་རྒྱ་ཆེའི་ཡོན་ཏན་ཡང་ངོ། ། ༩ ༡༠ འདི་གཉིས་འུད་བརྗོད་དང་སྲིད་མིན་འགལ་རྒྱན། ༡༡ རབ་སྤེལ་རྒྱན་ཏེ། བྱ་བ་རང་བཞིན་བརྗོད་པ་དང་ཐུན་མིན་དཔེ་ཤིས་བརྗོད་དང་བཅས་པའོ། །
    གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་དེ་ལོངས་སྤྱོད་ལ་སྲེད་པ་བཟློག་པར་འདོད་ནས་ཚིགས་སུ་བཅད་དེ་སྨྲས་པ། གྲོགས་དག་ཚུར་ཉོན་འདོད་པའི་ཞགས་པ་ཐོངས། །རང་གི་འཚོ་བས་ཆོག་ཤེས་ལྡན་པར་གྱིས། །འབྱོར་པ་སྡུག་བསྔལ་བརྒྱ་ཕྲག་འབྱུང་གནས་ཏེ། །ཆོག་ཤེས་ལྡན་པ་རྨད་བྱུང་བདེ་བའི་གཏེར།༡ །ལོངས་སྤྱོད་མཐར་བྱེད་དུག་དང་མཚུངས་པ་སྟེ། །དང་པོ་རབ་ཞིམ་ཕྱི་ནས་འཕུང་བར་བྱེད། །ཇི་ཙམ་སྤྱད་ཀྱང་མི་ངོམས་སླར་ཡང་ནི། །གདུང་བ་འཕེལ་བའི་ལན་ཚྭའི་ཆུ་བོ་བཞིན།༢ །འདོད་ཡོན་བྱིན་ཟའི་འོད་ལ་ཆགས་པ་རྣམས། །ཕྱེ་མ་ལེབ་བཞིན་འདི་དང་ཕྱི་མ་བསྲེགས། །བསགས་དང་སྲུང་དང་བརླག་པའི་སྡུག་བསྔལ་ཅན། །སྦྲང་རྩི་གཉེར་བའི་སྦྲང་བུ་ཇི་བཞིན་ནོ།༣ །ཕོངས་དང་འབྱོར་བ་ལྡན་པའི་ལོངས་སྤྱོད་ཁྱད། །མི་བཟད་སྡུག་བསྔལ་འཁུར་ཡང་དེ་ཙམ་སྟེ། །གསེར་གྱི་རི་ཡིས་ནོན་པ་བརླག་འགྱུར་ལ། ཤིང་ཤུན་གྱོན་པའི་སྐྱེ་བོ་བདེ་བར་གནས།༤ །འབངས་རྣམས་རེ་རེའི་སྡུག་བསྔལ་ཇི་སྙེད་པ། །དེ་དག་རྒྱལ་པོའི་ཡིད་ལ་གདུང་བའི་ཁུར། །ཟས་དང་གོས་ཀྱིས་ཀུན་ཀྱང་འཚོ་བར་གནས། །དེ་ལས་ལྷག་པ་རྒྱལ་པོས་སྤྱོད་མ་ཡིན།༥ །ཡུལ་འཁོར་སྐྱོང་ལ་རྟག་ཏུ་ལུས་སེམས་བྲེལ། །དགྲ་རྣམས་སྲུང་སླད་ཡ་ངའི་འཇིགས་དང་བཅས། །ས་བདག་ཅེས་པར་སྙན་པའི་གྲགས་ལྡན་ཡང་། །སྐྱེ་བོ་ཀུན་གྱི་འབངས་སུ་གནས་པ་ཉིད།༦ །རྣམ་པར་གྲོལ་བའི་འབྲས་བུ་སྨིན་རུང་བའི། །ལེགས་བྱས་ས་བོན་ཉོན་མོངས་མེས་ཚིག་པས། །གཡོ་བའི་ལོངས་སྤྱོད་ཐལ་བའི་མྱུ་གུ་འཁྲུངས། །སྙིང་པོ་མེད་པས་བསོད་ནམས་འབྲས་བུ་བརླག༧ །སྲིད་པའི་བདེ་བ་རྒུད་པའི་མཐའ་ཅན་ཏེ། །ཡུན་རིང་འབྱོར་ཡང་ནམ་ཞིག་ཅི་ནས་ཉམས། །གཡུ་ཞིང་མི་རྟག་འགྱུར་བའི་བདག་ཉིད་ཅན། །རྩྭར་མཚུངས་ནོར་ལ་ཆགས་པ་བཟློག་པར་གྱིས།༨ །
    དོན་ཇི་བཞིན་པ་ནི། སྤུན་གྲོགས་ཚོ། འདོད་ཧམ་མ་ཆེ་རང་ནོར་འདིས་ཆོག་ཤེས་བྱོས། ཆོག་ཤེས་ནི་བདེ་བའི་གཞི་དང། རྒྱུ་འབྱོར་ནི་དུག་དང་ལན་ཚྭ་དང་མེ་དང་འདྲ་བས་སྡུག་བསྔལ་ཀུན་གྱི་འབྱུང་ཁུངས་ཡིན། དང་པོ་གསོག་པའི་ངལ་བ། བར་དུ་སྲུང་བའི་སེམས་ཁྲལ། ཐ་མར་བརླག་པའི་སྡུག་བསྔལ་ཅན་ནོ། །དེ་བས་དབུལ་ཕྱུག་གཉིས་ལ་ཕྱིའི་ཁྱད་པར་ཇི་བཞིན་ནང་སེམས་ཁྲལ་ནི་དབུལ་པོ་ལས་ཕྱུག་པོར་ཆེ། ཟས་གོས་གཉིས་ཀྱིས་མི་ཚང་མ་འཚོ་ཞིང་གནས་པ་བཞིན་དེ་ལས་ལྷག་པ་ཞིག་རྒྱལ་པོ་ཡིན་ཡང་སྤྱོད་རྒྱུ་མེད། ལྷག་པར་རྒྱལ་པོས་སྤྱི་འབངས་ལ་སེམས་ཁྲལ་བྱེད་དགོས་པས་རྟག་ཏུ་ལུས་སེམས་ངལ་ཞིང་དགྲ་འགོག་གཉེན་སྲུང་གི་འཇིགས་པ་དང་ལྡན་པ་མིང་ལ་རྒྱལ་པོ་ཞེས་གྲགས་ཀྱང་དོན་ལ་སྐྱེ་བོ་ཡོད་དོ་ཅོག་གི་གཡོག་པོར་གྱུར་པས་སྡུག་བསྔལ་ཆེའོ། །མི་རྟག་གཡོ་བའི་ལོངས་སྤྱོད་ལ་སྙིང་པོ་མེད་ཅིང་བསོད་ནམས་ཀྱང་ཉམས་པར་བྱེད་པས་འཁོར་བ་ལས་གྲོལ་བའི་གེགས་བྱེད། མདོར་ན་འཇིག་རྟེན་གྱི་བདེ་བ་ཐམས་ཅད་མཐར་རྒུད་པའི་ཆོས་ཉིད་ཅན་ཡིན་པས་མི་ཚེ་འདིར་ཡུན་རིང་ཙམ་ལ་འབྱོར་བ་རྒྱས་ཀྱང་མཐར་ངེས་པར་ཉམས་པར་འགྱུར་རོ་ཞེས་ལོངས་སྤྱོད་ལ་ཆགས་པའི་ཉེས་དམིགས་སྨྲས་སོ། །རྒྱན་ནི། ༡ ཡན་ལག་གཅིག་གཟུགས། ཡང་ན་གཟུགས་ཅན་དང་རང་བཞིན་བརྗོད་པ་སྤེལ་མའོ། ། ༢ ཆོས་དཔེ། ༣ རྐང་པ་དང་པོའི་ཕྱེད་སྔ་མ་གཟུགས་ཅན་དང།ཕྱི་མ་དང་རྐང་པ་གཉིས་པ་ཆོས་དཔེ། རྐང་པ་ལྷག་མ་གཉིས་སྦྱར་དཔེ། ༤ ཁྱད་འབྱེད་དོན་གཞན་བཀོད་པ། བཟང་ངན་སོགས་ཀྱི་ཁྱད་པར་འབྱེད་པའི་ཕྱིར་ན་དེ་ལྟར་འདོགས་འོས་སྙམ། ༥ རང་བཞིན་བསྔགས་པའི་རྒྱན། ས་པཎ་གྱི་དགོངས་པ་བཞིན། ༦ རྒྱ་ཆེའི་ཟོལ་བསྟོད་རྒྱན། ཟོལ་གྱིས་བསྟོད་པ་གང་ཞིག་ལ་ཆེ་བའི་ཡོན་ཏན་རབ་ཏུ་བསྒྲགས་པས་སོ། །ནང་དོན་གྱི་ཆ་ནས་ཡོན་ཏན་ཟོལ་བསྟོད། ༧ ལྡན་པའི་གཟུགས་ཅན་ནམ་ངག་དོན་གཟུགས་ཅན་ཞེས་འདོགས་འོས། ༨ རང་བཞིན་ལ་སྨད་པ་སྟེ་རྐང་པ་ཐ་མ་དངོས་དཔེ་ཡང་ངོ་། །
    དེ་ལྟར་འོས་ཤིང་རིགས་པའི་ཚིག་གིས་བཟློག་ཀྱང་། དེ་དག་གི་ཆགས་པ་ནི་ཡུན་རིང་པོར་གོམས་ཤིང་སྲ་བར་གྱུར་པས་རྡོ་བའི་ཁམས་ལ་བརྐོས་པའི་རི་མོ་ལྟར་ཞི་བར་མ་གྱུར་ཏོ།༡ །དེ་ནས་ཕྱི་དྲོའི་དུས་ཀྱི་ཚེ་རྒྱལ་པོའི་ཕོ་བྲང་གི་འཁོར་ན།  སྦྱིན་གཏོང་གི་ཁང་པ་ཆེན་པོར་ལས་སུ་བསྐོས་པའི་བློན་པོ་རྣམས་ཀྱིས་སྐྱེ་བོ་ཕོངས་པའི་ཚོགས་ལ་ནོར་དང་ལོངས་སྤྱོད་ཅི་འདོད་པ་སྦྱིན་པས་དབུལ་བའི་སྡུག་བསྔལ་ཟློག་པར་བྱེད་པའི་དཔག་བསམ་གྱི་ཤིང་ཆེན་པོ་མཐོང་ངོ་། །༢ དེ་མཐོང་བའི་ཚེ། ཕུ་བོ་གསུམ་ནི་ནོར་ལ་དུང་བས་སློང་མོ་སྤྱོད་དུ་འགྲོ་བར་ཆས་པ་ལ། གཞོན་ནུ་མཉེས་གཤིན་བཟང་པོས་སྨྲས་པ། 
    འདི་ཅི། སྦྱིན་པའི་ཆོས་ལ་ཁྱེད་ཅག་མི་དགའ་ན། །ད་ཡང་སྦྱིན་བདག་ཡིད་དུ་འོང་འགྱུར་རམ། །སློང་བ་འོང་ན་ཁྲོ་བ་རྒྱས་པ་རྣམས། །ཅི་ཕྱིར་གཞན་ལ་སློང་མོ་སྤྱོད་པར་བྱེད།༣ །ཅེས་སོ། །
༡ ཆོས་དཔེ། ༢ རྒྱུའི་གཟུགས་ཅན། ༣ བྱ་བ་འགལ་བ། དོན་ནི། ཁྱེད་ཚོ་སྦྱིན་པ་གཏོང་བར་མི་དགའ་ན། ད་ཡང་སྦྱིན་བདག་ལ་དགའ་དོན་ཅི། སློང་དུ་འོང་ན་ཁྲོ་བ་ཁྱེད་ཚོས། ད་ཅི་ཕྱིར་གཞན་ལ་སློང་བར་བྱེད། ཅེས་སོ། །    
    དེར་ནུ་བོ་གསུམ་ནི་ལྗོན་ཤིང་ལོ་འདབ་རྒྱས་པའི་དྲུང་ན་ཆོས་དང་ལྡན་པའི་གཏམ་གྱིས་ངལ་བསོ་ཞིང་འདུག །ཕུ་བོ་གསུམ་གྱིས་སྦྱིན་གཏོང་གི་ཁང་པ་ག་ལ་བ་དེར་ཕྱིན་ནས་སྦྱིན་པ་བླངས་པ་དང་། ཧ་ཅང་བརྐམ་ཞིང་ཆོག་མི་ཤེས་པས་མ་རངས་ཏེ། བློན་པོ་དག་གི་ཡོ་བྱད་ཉུང་ཟད་ཅིག་བྱིན་ཏེ། དེ་སྦྱིན་པ་ཆེར་མ་ཐོབ་པས་ཡིད་ཚིམ་པར་མ་གྱུར་ཏེ། བང་མཛོད་གཞན་ཞིག་ནས་ནོར་བརྐུས་པར་བརྩམས་པ་དང་ཆོག་མི་ཤེས་པས་རིན་པོ་ཆེའི་ཕུང་པོ་ཁུར་གྱི་ཚད་ལས་འདས་པ་ཞིག་འཁུར་བའི་ལྗིད་གྱིས་ནོན་ཏེ་མྱུར་པོ་འགྲོ་བར་མ་ནུས་པ་དེའི་ཚེ། བང་མཛོད་སྲུང་བས་ཚོར་ཏེ། གཞོན་ནུ་གསུམ་པོའི་ལག་པ་པདྨཱུའི་ཆུན་པོ་ལྟར་བཅིངས་ལ། རྐང་པ་ལྕགས་སྒྲོག་གིས་བསྡམས་ཤིང་། ཉེས་བྱས་དུ་མ་ཚོགས་པའི་ཁྲི་མུན་ནང་དུ་བཅུག་ནས་སྡུག་བསྔལ་བར་གནས་སོ། ། ༡ ཆོས་དཔེ་དང། ཆོག་ཤེས་མེད་པའི་བྱ་སྤྱོད་ཞིབ་འབྲི་བྱས་པ་སྟེ། འདོད་ཆགས་ཀྱི་ཉེས་དམིགས་མངོན་སུམ་མཚོན་པའོ། །
    ༤༽ ཞིང་དམ་པ་ལ་སྦྱིན་པའི་ཚུལ་བརྗོད་པ། དེ་ནས་རེ་ཞིག་མིའི་བདག་པོ་ཡུལ་འཁོར་སྐྱོང་ཀེ་ལ་ཤ་དང་མཚུངས་པའི་གཉིས་འཐུང་གི་དབང་པོ་ལ་ཞོན་ཏེ།༡ རྒྱལ་མཚན་དང་རྔ་ཡབ་འཛིན་པའི་བློན་པོའི་ཚོགས་དང་བཅས་པ་ཕོ་བྲང་གི་ཕྱིར་བྱུང་ནས། སྦྱིན་གཏོང་གི་ཁང་པ་རིན་པོ་ཆེའི་སྟེགས་བུ་ལ་འདུག་ཅིང་། བརྒྱ་བྱིན་ལྟ་བུའི་མཆོད་སྦྱིན་རབ་ཏུ་འགྱེད་པས་སློང་བ་ཐམས་ཅད་ཚིམ་པར་བྱེད་དོ།༢ །དེར་པདྨ་ལྟར་ཡངས་པའི་མིག་གིས་༣ཕྱོགས་སུ་བལྟས་པ་དང་། ཉེ་འཁོར་གྱི་ཤིང་གྲིབ་ན་གཞོན་ནུ་གསུམ་ཞིག་ཕོངས་པ་ལྟར་སྣང་ཡང་། སློང་དུ་མི་འོང་བར་བརྟན་པ་དང་ལྡན་བཞིན་དུ་འདུག་པ་མཐོང་ནས་ཐེ་ཚོམ་དང་ངོ་མཚར་དུ་གྱུར་པས་ཕོ་ཉ་བཏང་ནས་མདུན་དུ་བཀུག་སྟེ་དྲིས་པ།
    ༡ དངོས་དཔེ། ༢ དང། ༣ ཆོས་དཔེ། མི་སྣ་ཕལ་བ་རྒྱལ་པོའི་བརྗིད་ཉམས་བཀོད་འབྲི།
    རབ་ཏུ་ཕོངས་ཀྱང་སློང་ལ་མི་གོམས་པ། ཁྱོད་ཅག་སུ་ཞིག་ཅི་ཕྱིར་འདིར་མི་འོང། །བདག་གི་སྦྱིན་པའང་གྲགས་པ་མེད་གྱུར་ཏམ། །རེ་བ་མ་རྫོགས་སྒྱིད་ལུག་གྱུར་ཏམ་ཅི། །༡
    དེ་དག་གིས་ཕྱག་འཚལ་ཏེ་གསོལ་པ། ལྷ་གཅིག་ཁྱོད་ཀྱི་སྦྱིན་པའི་རྔ་ཆེན་དང་། །བསོད་ནམས་དཔལ་གྱིས་མཐོ་བའི་རྒྱལ་མཚན་ནི། །སྲིད་པ་གསུམ་ན་ཉི་མ་བཞིན་དུ་གྲགས། །དེ་ལ་སུ་ཞིག་ཡ་མཚན་སྐྱེས་མ་གྱུར། །༢ འོན་ཀྱང་བདག་ཅག་དབུལ་ཕོངས་མ་ལགས་ཏེ། ཁྱོད་ཀྱི་དྲིན་གྱིས་བདེ་བར་འབྱོར་ཞིང་མཆིས། །རེ་བ་བཞིན་དུ་སློང་མོའི་སྐྱེ་བོ་ལ། །བདོག་ཀུན་བྱིན་ནས་འདི་ལྟར་གནས་པར་གྱུར།༣

    ༡ ཡོན་ཏན་ཟོལ་བསྟོད། ༢ གཟུགས་དཔེ་སྤེལ་མ་སྟེ། ལྡན་གཟུགས་དང་འུད་བརྗོད་ཆོས་དཔེའོ་། ༣ རང་བཞིན་བསྔགས་པ།
     དེ་སྐད་ཅེས་རྨད་དུ་བྱུང་བའི་ཚིག་དང་སྤྱོད་པ་མཐོང་བས། རྒྱལ་པོ་ཡིད་ཤིན་ཏུ་དགའ་ཞིང་དང་བར་གྱུར་ཏེ། རང་གི་བགོ་བར་འོས་པའི་ལྷའི་གོས་གསེར་སྲང་བྱེ་བ་རི་བ་དག་དང། རིན་པོ་ཆེའི་རྒྱན་རྣམས་བྱིན་ཞིང་། གླང་པོ་ཆེའི་ཤིང་རྟ་ལ་བཞག་ནས་ཕོ་བྲང་དམ་པའི་ནང་དུ་འཁྲིད་དེ་སེང་གེས་བཏེགས་པའི་གསེར་གྱི་ཁྲི་ཙནྡན་དམར་པོ་ལས་བྱས་པའི་རྐང་རྟེན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། རྒྱལ་པོའི་ཁྲིར་འོས་པའི་སྟེང་དུ་སྟན་ནང་འཚངས་ཅན་ལ་གཞོན་ནུ་དག་འདུག་ཏུ་བཅུག་ནས། རོ་བརྒྱ་ལྡན་པའི་བཟའ་བ་དང་བཏུང་བ་བཅུད་དང་ནུས་པ་ཕུན་སུམ་ཚོགས་པ་མང་པོས་བསྙེན་བཀུར་བྱས་སོ། །དེ་ནས་མིའི་དབང་པོས་དེ་རྣམས་ལ་དང་བའི་བཞིན་གྱིས་བལྟས་ཏེ་སྨྲས་པ།
    རྒྱལ་པོས་གདན་འདྲེན་བྱས་ཚུལ་བཀོད་འབྲི་འདིས་རྒྱལ་པོའི་ལོངས་སྤྱོད་དང་ལྷག་པར་དད་སྟོབས་དགེ་སེམས་ཆེ་བ་མཚོན་ལ། དམ་པའི་སྐྱེ་བོས་ཞིང་དམ་པ་ལ་སྦྱིན་པའི་ཚུལ་ཡང་མཚོན་པའོ། །
    ༥༽ ཆོས་ཀྱི་སྦྱིན་པའི་ཚུལ་བརྗོད་པ།  སྐལ་བ་བཟང་ལྡན་ཟླ་རྒྱས་བཞིན་རས་ཅན། །ཁྱོད་ཀྱིས་བདག་གི་ཡིད་མཚོ་དྭངས་པར་གྱུར། །ཀུན་དགའི་ཀུ་མུད་རབ་ཏུ་རྒྱས་པའི་སླད། །ལེགས་བཤད་བསིལ་ཟེར་ཅི་སྟེ་སྤྲོ་མི་བྱེད།༡ །དམ་པ་རྣམས་དང་འཕྲད་ན་ལེགས་བཤད་འཕེལ། །ཡིད་གཅུགས་གྱུར་པས་ཡོན་ཏན་བརྒྱ་ཕྲག་འཐོབ། །དེ་སླད་བདག་ཅག་སྐལ་བ་ལྡན་བྱའི་ཕྱིར། །ཆོས་ཀྱི་སྣང་བས་སྐྱེ་རྒུ་སྣང་བར་མཛོད།༢ །
    དོན་ཇི་བཞིན་པ་ནི། སྐལ་བཟང་ཁྱེད་ཅག་གིས་བདག་གི་སེམས་དགའ་བར་བྱས། ད་དུང་ལེགས་བཤད་གཏམ་གྱིས་ཐམས་ཅད་དགའ་བར་མཛོད། དམ་པ་དང་མཇལ་ན་ལེགས་བཤད་དང་དེ་ལ་མཛའ་བར་གྱུར་ན་ཡོན་ཏན་མཐའ་ཡས་འཐོབ་པས་ངེད་ཅག་སྐལ་བ་དང་ལྡན་པར་བྱ་ཕྱིར་ཆོས་གསུངས་ནས་སྐྱེ་རྒུའི་བླང་དོར་གྱི་ལམ་གསལ་བར་མཛོད་ཅིག ཅེས་ཆོས་གསུང་བར་གསོལ་བ་བཏབ་པའོ། །རྒྱན་ནི། ༡ ལྡན་གཟུགས་གམ་མཐའ་དག་གཟུགས་ཅན་ཏེ། རྐང་པ་དང་པོ་ནི་འབྲུ་མང་པོའི་ཚིག་སྡུད་ཀྱི་དཔེ་འམ་ལྡོག་གཟུགས་ཞེས་ཀྱང་འདོད་དོ། །༢ ཤིས་བརྗོད་གཟུགས་རྒྱན་ཏེ་ཡན་ལག་གཅིག་གཟུགས་དང་བཅས་པའི་ཤིས་བརྗོད་རྒྱན་ནོ། །
    གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་དེ་ཐོས་ནས། གལ་ཏེ་སྙན་པའི་གཏམ་བརྗོད་པས་རྒྱལ་པོ་འདིའི་སེམས་རངས་པར་གྱུར་ན། ཆོས་བསྟན་ནས་དགེ་ལེགས་རབ་ཏུ་འཕེལ་བར་བྱའོ་སྙམ་ནས། དྲིལ་བུ་དང་མཚུངས་པའི་སྐད་ཕྱུངས་ཏེ་༡ ལན་གསོལ་བ།  སེམས་ཁམས་ཞིབ་འབྲི། ༡ དངོས་དཔེ། རངས་པ་ནི་དགའ་བ།
    ས་ཆེན་སྐྱོང་བ་ཁྱོད་དྲུང་དུ། །བདག་ལྟས་སྤྱི་བརྟོལ་སྨྲ་ཅི་འཚལ། །སྐྱེ་བོ་འདི་དག་ཁྱོད་ཉིད་ཀྱི། །ཡོན་ཏན་སྒྲོག་པས་བྲེལ་བར་གནས།༡ །དཔུང་པའི་སྟོབས་ཆེན་ལྡན་ཁྱོད་ཀྱིས། །ས་འདི་ཡོངས་སུ་བཟུང་གྱུར་པ། །དཔལ་ལྡན་ཕྱོགས་ཀྱི་གླང་པོ་ཡིས། །རིན་ཆེན་ཤིང་རྟ་བཞིན་དུ་མཛེས་༢ ་རིགས་ཤིང་འོས་པ་གང་གི་བཀའ། །ནོར་བུས་མཚན་པའི་ཅོད་པན་བཞིན། །སྤྱི་བོས་ངེས་པར་མ་བླངས་པའི། །ས་སྐྱོང་དེ་ནི་སུ་ཞིག་ཡོད།༣ །ས་གཞི་དང་ནི་ནམ་མཁའ་ལ། །རྒྱལ་པོ་དྲེགས་པ་ཅན་དག་དང་། །རྒྱུ་སྐར་ཚོགས་རྣམས་ཟིལ་གྱིས་གནོན། ཁྱོད་དང་ཉི་མ་རྣམ་པར་མཛེས།༤ །དེ་ཐོས་མ་རུངས་སྐྱེ་བོ་དང་། །འབྱུང་པོའི་བྱ་རྣམས་ལྷན་ཅིག་བྲོས། །སྐྱེ་འགྲོ་ཀུན་གྱི་དགེ་ལེགས་དང་། །ཆུ་སྐྱེས་ཚལ་ནི་མཉམ་དུ་རྒྱས།༥ །གངས་རི་རྣམས་ཀྱིས་ལྷུན་པོ་དང་། །ཆུ་ཀླུང་རྣམས་ཀྱིས་རྒྱ་མཚོ་དང་། །ལྗོན་ཤིང་ཚོགས་ཀྱིས་ཡོངས་འདུ་ལྟར། །ཁྱོད་ལ་འགྲན་པར་ནུས་པ་སུ།༦ །མཐུ་སྟོབས་དཔུང་ནི་མི་བཟད་པའི། །ཤུགས་ཀྱིས་དུས་མཐའི་རླུང་བཞིན་དུ། །བདག་ཅག་ཡུད་ཅིག་འཇོམས་སོ་ཞེས། ཁྱོད་ཀྱི་དགྲ་རྣམས་འདར་རམ་སྙམ།༧ །བསོད་ནམས་དཔལ་འབྱོར་ལེགས་རྒྱས་ཤིང་། །བཀའ་ཁྲིམས་བཟང་པོའི་གྲགས་པ་ཡིས། །འཇིག་རྟེན་གསུམ་པོ་ཡོངས་བཀང་སྟེ། །ཉེས་པར་སྤྱོད་པའི་གོ་སྐབས་འཕྲོགས།༨ །ཡོན་ཏན་གུར་གུམ་དོག་པ་དག །སྦྱིན་པའི་ཆུ་ཡིས་རབ་བརླན་ནས། །དགེ་ལེགས་བྱེ་བའི་ཡིག་ཕྲེང་དག །གྲགས་པའི་པིར་གྱིས་འདྲི་བར་བྱེད།༩ །ནམ་མཁའ་བས་ཀྱང་ཡངས་པ་དང་། །ཆུ་གཏེར་བས་ཀྱང་དཔག་པར་དཀའ། །ལྷུན་པོ་བས་ཀྱང་བརྟན་པ་ཁྱོད། །བརྒྱ་བྱིན་ལས་ཀྱང་རྒྱལ་གྱུར་ཅིག༡༠ །
    དོན་ཇི་བཞིན་པ་ནི། རྒྱལ་པོ་ཆེན་པོ། བདག་ལྟ་བུས་ཁྱེད་ཀྱི་ཡོན་ཏན་ཤེས་མི་ཤེས་ཀྱིས་སྨྲ་ཅི་ལ་དགོས་ཏེ། མི་ཚང་མ་ཁྱེད་ཀྱི་ཡོན་ཏན་སྒྲོག་བཞིན་མ་ཁོམ་པར་འདུག ཁྱེད་ཀྱི་བསོད་ནམས་སྟོབས་ཀྱིས་ས་འདི་ཡོངས་སུ་བཟུང་བས་དགེ་ཞིང།། ཡང་དག་པའི་བཀའ་ལ་གུས་པས་མི་ལེན་པ་སུ་ཡང་མེད། དྲེགས་ལྡན་ས་སྐྱོང་གཞན་དག་ཀྱང་ཁྱེད་ཀྱི་གཟི་བརྗིད་ཀྱིས་ཟིལ་གནོན་ལ། མ་རུངས་སྐྱེ་བོ་རྣམས་ནི་དེ་ཐོས་པ་ཙམ་གྱིས་འབྲོས་ཤིང་ཡ་རབས་འབངས་རྣམས་ཀྱི་བསོད་ནམས་རབ་ཏུ་འཕེལ། དེ་བས་ཁྱེད་ལ་འགྲན་པར་ནུས་པ་སུ་ཡང་མེད། དགྲ་རྣམས་ནི་ཁྱེད་ཀྱི་མཐུ་སྟོབས་ཀྱིས་ཞུམ་པར་གྱུར་ཅིང་། བསོད་ནམས་ཀྱི་མཐུ་དང་དཔལ་འབྱོར། རྒྱལ་ཁྲིམས་བཟང་པོ་བཅས་པའི་མཚན་སྙན་གྱིས་ཀུན་ཏུ་ཁྱབ་པས་ཉེས་པར་སྤྱོད་མཁན་ཡང་མེད། ཁྱེད་ཀྱི་ཡོན་ཏན་དང་སྦྱིན་པ་བསོད་ནམས་བཅས་པའི་སྙན་གྲགས་རབ་ཏུ་རྒྱས་པས་ད་ནི་བརྒྱ་བྱིན་ལས་ཀྱང་རྒྱལ་བར་སྨོན། ཞེས་སྙན་པར་སྨྲས་ཏེ་ཡིད་དྲངས་པའོ། །དེ་ཡང་རྒྱན་ནི། ༡ བདེན་པའི་དོན་གཞན་བཀོད་པ། ༢ ངག་དོན་དཔེ། ༣ ངག་དོན་དཔེ་དང་ངེས་པ་ཕུལ་བྱུང་། ༤ མཚུངས་སྦྱོར་དཔེ། ༥ གཞི་ཐ་དད་པའི་བྱ་བ་དང་ཡོན་ཏན་ལྷན་ཅིག་བརྗོད་རྒྱན། ༦ ངག་དོན་མང་དཔེ། ༧ དཔེའི་རབ་རྟོག ངག་དོན་དཔེ་དང་སེམས་མེད་རབ་རྟོག ༨ ངོ་མཚར་ཕུལ་བྱུང་རྒྱན། ༩ འདི་ལྟ་བུ་ལ་བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན་ནམ་མཐའ་དག་གཟུགས་ཅན། ལྡན་པའི་གཟུགས་ཅན་བཅས་ཀྱི་གཞི་མཐུན་རྒྱན་ཡིན་ལ། གཞན་ཡང་ངག་དོན་གཟུགས་རྒྱན་ཞེས་ཀྱང་བྱའོ་།  ༡༠ སྡུར་བའི་དཔེ།
    དེ་ལྟར་ཤིན་ཏུ་སྙན་པའི་གཏམ་གྱིས་མིའི་བདག་པོ་རབ་ཏུ་མགུ་བར་གྱུར་པའི་བཞིན་འཛུམ་པ་བསྟན་ནས།  གཞོན་ནུ་ལ་མཚོན་ཏེ། ཀྱེ་ཀྱེ་གྲོགས་པོ་འདི་ལྟར་མཁས་ཤིང་གསལ་བའི་བློ་གྲོས་ཅན་ཁྱོད། བདག་ལ་འདི་ཙམ་དུ་བསྔགས་པར་གསུང་པས་ཅི་ཞིག་བགྱི། བདག་གི་དགེ་མཚན་ཡོངས་སུ་གསལ་བར་བྱས་ཟིན་གྱི། ད་ནི་ཆོས་དང་ལྡན་པའི་གདམས་ངག་གིས་གཙུག་ལག་གཉིས་ཀྱི་ལམ་རབ་ཏུ་སྣང་བར་མཛོད་ཅིག་ཅེས་སོ། །དེ་ལྟར་ཆོས་ཀྱི་སྣོད་དུ་རུང་བའི་བློ་གྲོས་དང་བ་ཐོབ་པར་ཤེས་ནས། གཞོན་ནུ་ལེགས་པའི་བློ་གྲོས་ཀྱིས་སྤུན་གཉིས་ལ་སྨྲས་པ།
    སྐད་ཆ་ཞིབ་འབྲི་སྟེ་རྒྱལ་པོ་དགའ་ཞིང་དད་པར་གྱུར་པའི་རྣམ་པ་མཚོན་ནོ། །
    སྲིད་དང་ཐར་པའི་བླང་དོར་གནས། །གཙུག་ལག་གཉིས་ཀྱིས་གསལ་བར་བྱེད། །ཉི་མའི་འོད་དང་ཟླ་འོད་ཀྱིས། །ཉིན་དང་མཚན་མོ་སྣང་བྱེད་བཞིན།༡ །བདེན་པར་སྨྲ་བའི་རིན་ཆེན་གྱི། །སྐྱེས་ནི་རྒྱལ་ལ་འབུལ་བར་གྱིས། །ས་སྐྱོང་ཆོས་ཀྱི་འབྱོར་ལྡན་ན། །བདག་ཅག་འབངས་རྣམས་བདེ་བར་གནས།༢ །
    དོན་ཇི་བཞིན་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་བྱའམ་བླང་དོར་གྱི་གནས་རྣམས་ནི་འཇིག་རྟེན་ཡ་རབས་ཀྱི་ལུགས་དང་དམ་པའི་ཆོས་གཉིས་ཀྱིས་ཤེས་པར་བྱེད། བདེན་པ་ཡང་དག་པའི་ལེགས་བཤད་ཁྱེད་ལ་འབུལ། རྒྱལ་པོ་ཆོས་དང་ལྡན་པར་གྱུར་ན་ངེད་ཅག་ཚང་མ་བདེ་བར་གནས་ཐུབ། ཅེས་གསུངས་སོ། ། ༡ ངག་དོན་དཔེ། ༢ ལྡན་གཟུགས་སམ་ངག་དོན་གཟུགས་ཅན། གཙུག་ལག་གཉིས་ནི་ལུགས་གཉིས་དང་ཆོས་རིག་གཉིས་ལའང།
    དེ་ཐོས་ནས་གཞོན་ནུ་མཉེས་གཤིན་བཟང་པོས་འཇིག་རྟེན་ལུགས་ཀྱི་གཙུག་ལག་དང་མཐུན་པར་ཚིགས་སུ་བཅད་དེ་གསོལ་པ།  ལྷ་གཅིག་ཕོ་བྲང་འཁོར་རྣམས་དང་། །འབྱོར་པས་ས་སྐྱོང་མཛེས་མིན་ཏེ། །ཆོས་དང་ལྡན་པའི་བཀའ་ཁྲིམས་ཀྱིས། །ཡུལ་འཁོར་ལེགས་སྐྱོང་རྒྱལ་པོའི་རྒྱན།༡ །རླབས་ཕྲེང་ལྦུ་བའི་དོ་ཤལ་གྱིས། །རྒྱ་མཚོ་ཡོན་ཏན་གནས་མ་ལགས། །མཐའ་ཡས་གཏིང་དཔག་དཀའ་བ་དང་། །རིན་ཆེན་འབྱུང་གནས་གྱུར་པས་བརྗིད།༢ །སྦྱིན་པས་ལོངས་སྤྱོད་ལྡན་པ་དང་། །དུལ་བས་མངོན་པར་མཐོ་བ་དང་། །མཛངས་པར་སྨྲ་བས་རྒན་རབས་ལྟར། །ཆོས་བཞིན་སྤྱོད་པས་མི་དབང་མཛེས།༣ །བློ་གྲོས་གསལ་བའི་མེ་ལོང་ནི། །སྐྱོན་གྱི་གཡའ་དང་རབ་བྲལ་ནས། །ལེགས་ཉེས་སྤྱོད་པའི་བླང་དོར་གྱི། །གཟུགས་བརྙན་རྣམ་དཔྱོད་མིག་གིས་མཐོང།༤ །ལེ་ལོ་བག་མེད་རབ་སྤངས་ཏེ། །ཤེས་བཞིན་སྤྱོད་པས་རྒྱལ་སྲིད་སྐྱོང་། །ལྷ་རྣམས་བག་མེད་གྱུར་པའི་ཚེ། །ཆར་ཆད་ལོ་ཐོག་བསྐམ་པར་གྱུར།༥ །ཁྱོད་ལ་རེ་བའི་སྐྱེ་རྒུ་དག །བཀའ་དྲིན་བདུད་རྩིས་མྱོས་པ་ན། །བྱས་པ་ཤེས་པའི་དབྱུག་གུ་ཡིས། །གྲགས་པའི་རྔ་ཆེན་རྡུང་བར་བྱེད།༦ །ཕྲག་དོག་ཚེར་མའི་ནགས་ཚལ་དག །ཕྲ་མའི་རླུང་གིས་རྣམ་བུས་ཏེ། །ཕན་ཚུན་རྩོད་པའི་རྟ་གདོང་འབར། །ཕན་བདེའི་ལོ་ཐོག་སྲེག་པ་རྣམས།༧ །ཁྱོད་ཐུགས་མཁའ་ལྟར་སྙོམས་པ་ལ། །རྣམ་དཔྱོད་ཆུ་འཛིན་རབ་དཀྲིགས་ནས། །ཐབས་ལ་མཁས་པའི་བཀའ་ཁྲིམས་ཀྱི། །བདུད་རྩིའི་ཆར་གྱིས་ཞི་བར་མཛོད།༨ །མཛའ་བའི་ཚིག་ལ་ཡིད་བརྟན་མེད་དམ་ཧ་ཅང་ཡིད་ཆེས་སླ་བའང་སྐྱོན། །གཉེན་དང་འབངས་ལ་བརྩེ་བ་མེད་དམ་ཚོད་ལས་བརྒལ་བའི་བྱམས་པའང་སྐྱོན། །རིགས་པའི་ལས་ལ་རྩོད་པ་དོར་རམ་མ་བརྟག་འཆོལ་བར་སྤྱོད་པའང་སྐྱོན། །མི་འགྲུབ་བཞིན་དུ་སྨྲ་བར་བྱེད་དམ་སྨྲས་བཞིན་མི་བསྒྲུབ་དེ་ཡང་སྐྱོན།༩ །མ་བསམ་ཚིག་དང་མ་བསྡམས་སྤྱོད་པ་ཁེངས་དང་གཡོ་སྒྱུའང་སྐྱོན་དུ་གནས། །དེ་ལྟའི་སྐྱོན་གྱི་དྲི་མ་བྲལ་ཞིང་འཇིག་རྟེན་སྐྱོན་ཡང་བསལ་བར་མཛོད། །ཡོན་ཏན་ལྡན་དང་ཕ་མ་དྲིན་ཆེན་རྒན་རབས་མགྲོན་ལའང་བཀུར་བསྟི་བྱ། །ཡོན་ཏན་མེད་དང་དབུལ་ཕོངས་ནད་པ་ཉམ་ཐག་དགྲ་ལའང་བརྙས་པ་སྤངས།༡༠ །ཡོན་ཏན་འཛིན་པས་ངོམ་པ་མེད་ཅིང་གཙུག་ལག་གཞུང་ལུགས་སྤེལ་ལ་བརྩོན། །ཡོན་ཏན་མཆོག་ལ་འགྲོ་ཀུན་འགོད་ཅིང་ཞི་ཞིང་དུལ་ལ་སྙན་པར་སྨྲ། །དེ་ལྟར་སྤྱོད་ན་ཁྱོད་དང་འབངས་རྣམས་གནོད་པ་ཀུན་ལས་རྣམ་གྲོལ་ཞིང། །བསོད་ནམས་དཔལ་འབྱོར་ཕྱོགས་བཅུར་རྒྱས་པ་རྫོགས་ལྡན་དུས་དང་མཚུངས་པར་འགྱུར།༡༡ །
    དོན་ཇི་བཞིན་པ་ནི།  རྒྱལ་པོ་མཛེས་པའི་རྒྱན་ནི་རྒྱུ་འབྱོར་བ་མིན། དམ་པའི་ཆོས་དང་མཐུན་པའི་རྒྱལ་ཁྲིམས་ཀྱིས་འཁོར་འབངས་ཀུན་རིས་མེད་ལེགས་པར་སྐྱོང་ཚུལ་དེ་ཡིན། སྦྱིན་པ་བཏང་བས་ཚེ་རབས་ཀུན་ཏུ་ལོངས་སྤྱོད་ལྡན་པ་དང་། ཚུལ་ཁྲིམས་ཀྱིས་ཞི་ཞིང་དུལ་བས་མངོན་མཐོའི་ལུས་རྟེན་འཐོབ། ཐབས་ལ་མཁས་པའི་གཏམ་དང་། ཆོས་བཞིན་སྤྱོད་པའི་མཛད་པས་ཀྱང་རྒྱལ་པོ་ལྷག་པར་མཛེས་པར་བྱེད། བློ་གྲོས་གསལ་བས་ལེགས་ཉེས་སྤྱོད་པའི་བླང་དོར་མཐོང་། ལེ་ལོ་བག་མེད་རབ་ཏུ་སྤངས་ཏེ་ཤེས་བཞིན་སྤྱོད་པས་རྒྱལ་སྲིད་སྐྱོང་བར་བྱེད། ཁྱོད་ལ་རེ་བའི་འབངས་ཀུན་གྱིས་ཀྱང་བཀའ་དྲིན་ཤེས་ནས་བསྔགས་པ་བརྗོད། ཕྲག་དོག་དང་ཕྲ་མས་ཕན་ཚུན་རྩོད་པས་རང་གཞན་གྱི་འདི་ཕྱིའི་ཕན་བདེ་བརླག་པར་བྱེད་པ་ཀུན་ཀྱང་ཁྱོད་ཐུགས་ཀུན་ལ་སྙོམས་ཤིང་རྣམ་དཔྱོད་ལྡན་པའི་ཐབས་ལ་མཁས་པའི་བཀའ་ཁྲིམས་ཀྱིས་ཞི་བར་མཛོད། གྲོགས་མཛའ་བའི་ཚིག་ལ་ཡིད་རྟོན་མེད་པ་དང་། ཡང་ན་ཧ་ཅང་ཡིད་ཆེས་སླ་བ་གཉིས་ཀ་སྐྱོན་ཡིན་ལ། གཉེན་དང་འབངས་ལ་བརྩེ་བ་མེད་པ་དང་། ཡང་ན་ཚོད་ལས་བརྒལ་བའི་བྱམས་པའང་སྐྱོན་ཡིན། འོས་པའི་ལས་ལ་རྩོན་པ་དོར་བ་དང། ཡང་ན་མ་བརྟག་འཆོལ་བར་སྤྱོད་པའང་སྐྱོན་ཡིན། མི་འགྲུབ་པའི་དོན་སྨྲ་བར་བྱེད་པ་དང། ཡང་ན་སྨྲས་བཞིན་མི་བསྒྲུབ་པ་དེ་ཡང་སྐྱོན། མ་བསམ་པར་ཐལ་བའི་ཚིག་དང་མ་བསྡམས་སྤྱོད་པ་ཁེངས་དང་གཡོ་སྒྱུའང་སྐྱོན་དུ་གནས། །དེ་ལྟའི་རང་ལ་འབྱུང་ཉེའི་སྐྱོན་གྱི་ཆ་རྣམས་དང་དེ་བཞིན་འཇིག་རྟེན་སྐྱེ་བོ་རྣམས་ཀྱི་སྐྱོན་ཡང་བསལ་བར་མཛོད། ཡོན་ཏན་ལྡན་པ་དང་། ཕ་མ་དྲིན་ཆེན། རྒན་རབས་པ། མགྲོན་པོ་ལའང་བཀུར་སྟི་བྱ། ཡོན་ཏན་མེད་དང་། དབུལ་ཕོངས། ནད་པ་ཉམ་ཐག་དང། ཐ་ན་དགྲ་ལའང་བརྙས་པ་སྤངས། རང་གིས་ཡོན་ཏན་སློབ་པས་མི་ངོམ་པ་དང་གཞན་དག་ལ་ཡང་གཙུག་ལག་གཞུང་ལུགས་སྤེལ་པ་ལ་བརྩོན་དགོས། དགེ་བའི་ཡོན་ཏན་མཆོག་ལ་འགྲོ་ཀུན་འགོད་ཅིང་ཞི་ཞིང་དུལ་ལ་སྙན་པར་སྨྲ་བར་གྱིས། དེ་ལྟར་སྤྱོད་ན་ཁྱོད་དང་འབངས་རྣམས་གནོད་པ་ཀུན་ལས་རྣམ་པར་གྲོལ་ཞིང་། བསོད་ནམས་དང་དཔལ་འབྱོར་ཕྱོགས་བཅུར་རྒྱས་པ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར་རོ། ། རྒྱན་ནི། ༡ ༢ ཚིགས་བཅད་འདི་གཉིས་ནི་སྔ་མ་དོན་དང་ཕྱི་མ་དཔེ་སྟེ་ངག་དོན་ཟླ་བོ་དངོས་དཔེའོ་། ༣ ངག་དོན་མང་དཔེ། ༤ ལྡན་གཟུགས། ༥ ལྡོག་ཕྱོགས་དཔེ། རྒྱུ་གང་ཞིག་མ་བསྒྲུབས་ན་འབྲས་བུ་ཅི་ཞིག་ཡོང་བ་མཚོན་པའི་དཔེ། ༦ ཆ་ཤས་གཟུགས་ཅན། ༧ ལྡན་གཟུགས་སམ་ངག་དོན་གཟུགས་ཅན། ༨ ཆོས་དཔེ་དང་ལྡན་གཟུགས། ༩ ཐེ་ཚོམ་འགལ་རྒྱན། ༡༠ ༡༡ ཚིགས་བཅད་འདི་གཉིས་བྱ་བར་བསྐུལ་བའི་རང་བཞིན་བརྗོད་རྒྱན། རྐང་པ་ཐ་མ་ནི་ཆོས་དཔེ།
    དེའི་རྗེས་སུ་གཞོན་ནུ་དགེ་བ་ཅན་གྱིས་རྒྱལ་པོའི་རིགས་དང་མཐུན་པའི་ཆོས་ཀྱི་གཙུག་ལག་ཚིགས་སུ་བཅད་དེ་གསོལ་བ།  རྒྱལ་སྲིད་ཁང་བཟང་འདི་ལ་ནི། །ལེགས་ཉེས་སྤྱོད་པའི་ཐེམ་སྐས་ལས། །ཐར་པའི་གྲོང་དུ་འཛེགས་པ་དང་། །ངན་འགྲོའི་དོང་དུ་འབབ་པའང་ཡོད།༡ །གཡུ་ཞིང་མི་རྟག་ལོངས་སྤྱོད་ཀྱིས། །སྔོན་གྱི་ལེགས་བྱས་ཟད་གྱུར་ཅིང་། །གྲགས་དང་སྲིད་ཕྱིར་མི་བཟད་པའི། །སྡིག་པ་བསགས་ཏེ་དམྱལ་བར་ལྷུངས།༢ །ཆོས་ཕྱིར་འབྱོར་པ་ཡོངས་བཏང་ཞིང། །འདོད་སྲེད་ངན་གཡོ་ཡོངས་སྤངས་ནས། །རླབས་ཆེན་དགེ་བ་རབ་སྤྱོད་པས། །བསོད་ནམས་མྱུར་རྫོགས་མཐོ་རིས་འགྲོ།༣ །དེས་ན་སྡིག་པ་ཤིན་ཏུ་སྤངས། །བསྟན་དང་འགྲོ་བའི་ཕན་བདེ་སྤེལ། །འདི་དང་ཕྱི་མའི་དོན་འགྲུབ་ཅིང་། །སྲིད་དང་ཞི་བའི་དཔལ་ཐོབ་འགྱུར།༤ །རྟག་ཏུ་དད་པས་དཀོན་མཆོག་མཆོད་ཅིང་སྦྱིན་པས་དབུལ་ཕོངས་ཚིམ་པར་བྱ། །འབངས་རྣམས་དགེ་བཅུའི་ཚུལ་ལ་འགོད་ཅིང་བྱམས་དང་སྙིང་རྗེས་གཞན་ཕན་སྒྲུབ། །སྡིག་དང་གཡོ་སྒྱུ་ངན་སྤྱོད་སྤང་ཞིང་ཁྲོ་དང་ང་རྒྱལ་ཞི་བར་གནས། །དེ་ལྟར་སྤྱད་ན་རྒྱལ་སྲིད་བདེ་ཞིང་མཐོ་རིས་དཔལ་དང་བདེ་བ་འགྲུབ།༥ །ཡང་ན་བསླུ་ཞིང་མི་རྟག་པའི། །རྒྱལ་སྲིད་སྙིང་པོ་མེད་འདིས་ཅི། །ནགས་སུ་གཅིག་པུར་གནས་ནས་ཀྱང་། །རྩེ་གཅིག་བྱང་ཆུབ་སྒྲུབ་པར་རིགས།༥།
    དོན་ཇི་བཞིན་པ་ནི། རྒྱལ་པོའི་སྲིད་འདི་སྐྱོང་ཤེས་ན་ཐར་བའི་ལམ་སྣ་ཟིན་བྱེད་ཡིན་ལ། ཡང་སྐྱོང་མ་ཤེས་ངན་འགྲོར་ལྷུང་བྱེད་ཀྱང་ཡིན། དེ་ཡང་མི་རྟག་གཡོ་བའི་ལོངས་སྤྱོད་ལ་ཆགས་ནས་ཚུལ་མིན་སྤྱོད་ན་བསོད་ནམས་ཟད་པ་དང་། རང་གི་སྙན་གྲགས་དང་དབང་ཐང་གི་ཆེད་དུ་སྡིག་པ་ཚབས་ཆེན་དག་བསགས་ཏེ་དམྱལ་བར་སྐྱེ་བ་དང། ཡང། ལོངས་སྤྱོད་དག་ལ་འདོད་སྲེད་དང་ངན་གཡོ་བཅས་སྤངས་ཏེ་སྦྱིན་པ་སོགས་དགེ་བ་རླབས་པོ་ཆེའི་ཐབས་སུ་སྤྱད་ན། བསོད་ནམས་ཀྱི་ཚོགས་མྱུར་དུ་རྫོགས་ནས་བདེ་འགྲོར་སྐྱེ། དེ་བས་སྡིག་པའི་ལས་ཀུན་སྤངས་ནས་བསྟན་པ་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་ན་ཚེ་འདི་དང་ཕྱི་མའི་དོན་གཉིས་བདེ་བླག་འགྲུབ་པ་མ་ཟད། མཐར་འཚང་རྒྱ་བར་ཡང་འགྱུར་རོ་ཞེས་ལྷག་མ་རྣམས་གོ་བདེ་ཞིང་ཆོས་ཀྱི་སྦྱིན་པའི་ཚུལ་ལོ། །རྒྱན་ནི། ༡ འགལ་གཟུགས་སམ་(གཞི་གཅིག་གི་ལས་འགལ་བས་ན་)ངག་དོན་གཟུགས་ཅན་ཡང་ངོ་། ། ༢ ཡོན་ཏན་རང་བཞིན་བརྗོད་པའི་གསལ་བྱེད་རྒྱན(་རིགས་ཐོག་གསལ)༣ ༤ ༥ ཚིགས་བཅད་འདི་གསུམ་ལ་བྱ་བའི་ཡོན་ཏན་རང་བཞིན་བརྗོད་པའམ་འབྲས་འབྱུང་རྒྱུ་ཞེས་བྱ་སྟེ། (རྒྱུ་གང་དག་སྤངས་པའམ་བསྒྲུབས་ན་འབྲས་བུ་གང་ཞིག་སྨིན་པར་བརྗོད་པའི་ཚུལ་གྱིས་སོ། །)ཡིན་ཡང་རྒྱུ་རྒྱན་ཡིན་ན་འཁྱོག་པོར་བརྗོད་ཆོག་པས་རང་བཞིན་བརྗོད་པ་དང་མི་འདྲ་བའི་སྐབས་ཡོད། ༦ འགོག་རྒྱན། (སྐྱོན་གྱིས་འགོག་པ།)
    དེ་ལྟར་ཕན་པ་དང་གྲོལ་བའི་ཚིག་དེ་དག་ཐོས་ནས་རྒྱལ་པོའི་ཡིད་དགའ་བ་དང་ངོ་མཚར་བ་འགྲན་པ་ལྟར་བཞིན་རྒྱས་པར་གྱུར་ནས་འཛུམ་དམུལ་ཏེ་སྨྲས་པ།  གྲོལ་བའི་ཚིག་ནི་ཆོས་ཀྱི་གནད་ལྷུག་པོར་སྨྲས་པའི་གཏམ། བཞིན་རྒྱས་པ་ནི་བཞིན་རས་ལ་གཟི་མདངས་དང་དགའ་བ་རྒྱས་པའོ། །
    གྲོགས་པོ་དག་གི་བདེན་པའི་ཚིག །བདག་གི་ཡིད་མཚོ་དྭངས་པར་ནི། །ངང་མོ་བཞིན་དུ་འཇུག་པ་དང། །ཆུ་ཀླུང་བཞིན་དུ་འབབ་པར་གྱུར།༡ །བདུད་རྩིའི་ཟས་ལ་སུ་མི་སྲེད། །ལེགས་པར་བཤད་པ་སུ་མི་ལེན། །ནོར་གྱི་སྐྱེས་ནི་རབ་མང་ཡང་། །ཆོས་ཀྱི་སྐྱེས་དང་འཕྲད་པ་དཀོན།༢ །གཙུག་ལག་ཡོན་དུ་བདག་གི་སྲིད། །ཁྱོད་དང་ལྷན་ཅིག་སྤྱད་པར་བགྱི། །ཀུན་དགའ་གཏམ་གྱིས་ཕྱི་ནས་ཀྱང་། །བདག་ཅག་སྐལ་བ་རྫོགས་པར་མཛོད།༣ །ཅེས་སོ། །
    དོན་ཇི་བཞིན་པ་ནི། གྲོགས་པོ་རྣམ་པའི་བདེན་པའི་ཚིག་དེ་དག་གིས་བདག་ཡིད་རབ་ཏུ་དགའ་བར་གྱུར། ལེགས་བཤད་སུས་ཀྱང་ལེན་ལ། ཆོས་གསུངས་པ་དང་མཇལ་བར་དཀའ་བས། བདག་གི་རྒྱལ་སྲིད་འདི་ཡོན་དུ་ཕུལ་ནས་ང་ཚོ་ལྷན་ཅིག་རྒྱལ་སྲིད་སྐྱོང་བར་བྱ། ཀུན་དགའི་ལེགས་བཤད་ཚོགས་ཀྱི་སྐལ་བཟང་རྒྱུན་ཆད་མེད་པར་སྨོན། ཞེས་སོ། ། རྒྱན་ནི། ༡ གཟུགས་དཔེ་སྤེལ་མ། ༢ དགའ་རྒྱན། ༣ བྱ་བར་བསྐུལ་བའི་ཤིས་བརྗོད་རྒྱན།
    ༦༽ མི་འཇིགས་པའི་སྦྱིན་པའི་ཚུལ་བརྗོད་པ།  སྐབས་དེར་གཞོན་ནུ་མཉེས་གཤིན་བཟང་པོ་སྤུན་ལ་བརྩེ་བས་ཕྱི་རོལ་དུ་བྱུང་སྟེ། ཕུ་བོ་དག་གར་སོང་ཞེས་དྲིས་པ་ན། དེ་ལྟར་ཉམས་ཉེས་པར་གྱུར་པ་མཐོང་ནས་ཡིད་མི་དགའ་བཞིན་དུ་ནང་དུ་ཞུགས་ཏེ། བཞིན་འཛུམ་པ་དང་བྲལ་བས་སྟན་ལ་འདུག་པ་དང་། རྒྱལ་པོས་དེ་ལ་དྲིས་པ། འདི་ཅི་དགའ་བར་བྱེད་པའི་གནས་སྐབས་སུ། དེ་དེ་ལྟར་ཡིད་མི་བདེ་ཞིང་འདུག དེས་ཇི་ལྟར་གྱུར་པ་ཞིབ་ཏུ་གསོལ་བ་དང་། རྒྱལ་པོས་གཞོན་ནུ་ལེགས་པའི་བློ་གྲོས་ལ་མཚོན་ཏེ་གྲོགས་པོ་དམ་པ་ཡོན་ཏན་མཆོག་ཏུ་གྱུར་པ་ཁྱེད་ཅག་ལའང་དེ་ལྟ་བུའི་ངང་ཚུལ་ངན་པ་ཅན་གྱི་སྤུན་ཟླ་ཡོད་དམ། དེས་གསོལ་པ། ལྷ་དེ་ལྟ་བུ་ཤིན་ཏུའང་མཆིས་པ་ལགས་སོ། །སྐྱོ་ཞིང་བརྩེ་བའི་སེམས་ཁམས་མཚོན་པའི་གཏམ་གླེང། །
    འདོད་ལ་སྲེད་ཅིང་མི་སྲུན་བློ་གྲོས་རྨོངས། །ངན་སྤྱོད་བརྒྱ་ལྡན་ཕུ་བོ་གསུམ་ཞིག་མཆིས། །བདག་གིས་འབད་བརྒྱས་འཆོས་པར་མ་ནུས་ཏེ། །ཐུར་ལ་བབས་པའི་ཆུ་རྒྱུན་དྲག་པོ་བཞིན།༡ །འོན་ཀྱང་རང་ཉིད་ཉེས་པས་བཅོམ་རྣམས་ལ། །བཟོད་ན་ལེགས་ཀྱི་ནན་ཏུར་ཅི་ཞིག་འཚལ། ཁྱོད་ཀྱི་གྲགས་དང་བསོད་ནམས་སྤེལ་བའི་སླད། །ཉེས་བྱས་ཚོགས་རྣམས་བཅིངས་ལས་གྲོལ་བར་མཛོད།༡ །
    དོན་ཇི་བཞིན་པ་ནི། འདོད་ཡོན་ལ་ཆགས་སྲེད་ཆེ་ཞིང་རྒྱུད་རྩུབ་པ། གཏུམ་པོ། བླུན་རྨོངས་པ། སྤྱོད་ལམ་ངན་དགུ་ཚང་བའི་གཅེན་པོ་གསུམ་ཡོད། ངས་ཇི་ལྟར་ཐབས་ཤེས་མང་པོས་འདུལ་བར་འབད་ན་ཡང་སེམས་མ་རུངས་པ་དེ་བཅོས་མ་ཐུབ། ཡིན་ན་ཡང། རང་གི་ཉེས་སྐྱོན་གྱིས་རང་ཉིད་བཅོམ་པའི་སྙིང་རྗེའི་ཡུལ་གྱུར་སྐྱེ་བོ་རྣམས་ཀྱི་ངང་ཚུལ་ལ་བཟོད་པ་སྒོམ་ན་བཟང་བ་ལས། དྲག་པོས་ཉེས་ཆད་སོགས་བཏང་བས་ཀྱང་ཕན་པ་གང་ཡང་མེད། དེ་བས་རྒྱལ་པོ་ཁྱོད་ཀྱིས་སྙིང་རྗེས་བཟོད་པ་བསྒོམས་ཏེ་རང་གི་མཚན་སྙན་པར་གྲགས་པ་དང་བསོད་ནམས་ཆེས་ཆེར་སྤེལ་བའི་ཆེད་དུ་ཉེས་པར་སྤྱོད་པའི་བཙོན་པ་ཚང་མ་བཙོན་གྲོལ་གནང་བར་མཛོད་ཅིག རྒྱན་ནི། ༡༽ རང་བཞིན་སྨད་པའི་དངོས་དཔེ་སྟེ། རྒྱུག་ཆུ་དྲག་པོ་རི་ངོས་ནས་མར་ལ་འབབ་པ་ནི་ཕྱིར་ཟློག་ཏུ་མེད་པའམ་དཀའ་བ་ཇི་བཞིན་གཤིས་ངན་བཅོས་སུ་མེད་པའམ་དཀའ་བ་བསྟན་ནོ། །༢༽ ངང་ཚུལ་དང་བྱ་བའི་རང་བཞིན་བརྗོད་རྒྱན། ནན་ཏུར་ནི་དྲག་པོ་དང་ཁྲིམས་ཆད།
   རྒྱལ་པོས་སྨྲས་པ། སྐྱེས་བུ་དམ་པ་གང་གི་གྲིབ་མའང་འགོང་བ་༡མི་རིགས་པ་ཁྱེད་ཅག་གི་སྤུན་ཟླར་གྱུར་པ་ལ་སུ་ཞིག་གིས་གནོད་པར་བགྱི། འདི་ཉིད་དུ་བཙོན་དུ་བཟུང་བ་ཐམས་ཅད་དང་བཅས་པ་བཏང་བར་བགྱིའོ། །ཆེས་ཆེར་དད་ཅིང་བཀུར་བའི་འདུ་ཤེས་མཚོན་པའི་འུད་བརྗོད།  ༡ འགོང་བའམ་འགོངས་པ་ནི་བརྒལ་དང། འགྲན་པ་དང། མི་རིགས་པ་ནི་མི་འོས་པ་སྟེ། སྐུའི་གྲིབ་མའི་ཐོག་ནས་ཀྱང་འགྲོ་མི་རུང་ཞེས་པའི་དོན།
    དེ་ནས་རྒྱལ་པོའི་བཀའ་བཞིན་དུ་བློན་པོ་རྣམས་ཀྱིས་བཙོན་རྭ་དག་ཏུ་མི་འཇིགས་པའི་སྒྲ་བསྒྲགས་ཏེ་བཙོན་པ་བརྒྱ་ཕྲག་མང་པོ་བཅིངས་པ་ལས་གྲོལ་ནས། །དགའ་བའི་གཏམ་གྱིས་ས་གཞི་གང་བར་བྱས་ལ།༡ །ཕུ་བོ་གསུམ་པོ་ཡང་ཕོ་བྲང་གི་ནང་དུ་བོས་ཏེ། །གཞོན་ནུ་འདོད་ལྷའི་བུ་ནི་རྒྱལ་པོའི་རོལ་མོ་མཁན་བྱེད་དུ་བཅུག དྲག་པོ་ནི་ཆབ་སྒོ་པ་༢ལ་བསྐོས། མུན་པ་ཅན་ཡང་སྐྱེད་ཚལ་བསྲུང་དུ་བཅུག་གོ །བདག་ཉིད་ཆེན་པོ་༣དེ་དག་རྒྱལ་པོའི་བཀས་ཉིན་ཞག་དུ་མར་དེ་ཉིད་དུ་འདུག་སྟེ་ལུགས་ཀྱི་བསྟན་བཅོས་༤དང་། །བརྟག་པའི་རིགས་བྱེད་བཅོ་བརྒྱད་༥ལ་སོགས་པ་བསྟན་ཅིང་ཡན་ལག་བརྒྱད་པའི་གསོ་སྦྱོང་༦ལའང་ཉེ་བར་བཀོད་དེ། །རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཚིམ་པར་བྱས་ནས་མཆོད་པ་དང་བཀུར་སྟི་ཆེར་བྱས་ཏེ། །གཞོན་ནུ་དེ་དག་རང་གི་གནས་སུ་སོང་ངོ་། །
    ༡ གཏམ་གྱིས་ཁྱབ་པའི་དོན་ཏེ་ཏིང་འཛིན་ཡོན་ཏན། ༢ སྒོ་སྲུང་བ། ༣ སྐྱེས་བུ་དམ་པ། ༤ རྒྱལ་སྲིད་ཆོས་བཞིན་སྐྱོང་སྟངས་ཀྱི་གཞུང་ལུགས། ༥ གསང་སྔགས་ཀྱི་རྒྱུད་དང༌། གཏན་ཚིགས། རིག་བྱེད། སྐར་མའི་རིག་པ་སོགས་རིག་པའི་གནས་བཅོ་བརྒྱད་ཡིན་ནམ་སྙམ། ༦ དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་སྡོམ་ཁྲིམས་སྲུང་བའི་ཆོ་ག་ཞིག་སྟེ། སྐབས་འདིར་ཚེས་བཟང་དུས་བཟང་གི་ཉིན་གཅིག་རིང་ལ་སྲོག་གཅོད་དང༌། རྐུ། ལོག་གཡེམ། རྫུན། ཆང༌། དགོང་ཟས། གླུ་གར་སོགས་དང༌། མལ་སྟན་མཐོ་བ་བཅས་སྤོང་བའི་བསྙེན་གནས་ཡན་ལག་བརྒྱད་པའོ། །
    སྙིང་སྟོབས་རྩ་བ་བརྟན་ཅིང་གཏོང་ཕོད་ཡལ་ག་རབ་རྒྱས་ཆོག་ཤེས་འདབ་ཕྲེང་མཛེས། །བློ་གྲོས་མེ་ཏོག་རྣམ་བཀྲ་ཕན་བདེའི་གྲིབ་བསིལ་ཡངས་པས་ཉོན་མོངས་གདུང་བ་སྐྱོབ། །ལེགས་བྱས་འབྲས་བུ་རབ་སྨིན་ཅི་འདོད་རིན་ཆེན་སྦྱིན་པས་སྐྱེ་རྒུའི་ཕོངས་པ་སེལ། །སྐལ་བཟང་སུམ་རྩེན་དཔལ་གྱུར་སྦྱིན་པའི་དཔག་བསམ་ཤིང་དེ་ཨེ་མ་བསྔགས་པར་འོས། །
    དོན་ཇི་བཞིན་པ་ནི། སྙིང་སྟོབས་ཆེ་ཞིང་གཏོང་ཕོད་པ། ཆོག་ཤེས་པ། བློ་གྲོས་དང་ལྡན་པ། ཕན་བདེ་དགོངས་པས་ཉོན་མོངས་སེལ་བ། བསོད་ནམས་སྟོབས་དང་ལྡན་པའི་སྦྱིན་པ་ཆེན་པོས་ཀུན་གྱི་དབུལ་ཕོངས་སེལ་བའི་སྐལ་བ་བཟང་པོ་ཅན་དེ་ནི་ཤིན་ཏུ་ངོ་མཚར་ཆེའོ། །ཞེས་པ་སྟེ་མཐའ་དག་གཟུགས་ཅན་ནོ། །
    དེ་ལྟར་འགྲོ་བ་འདིར་སྐྱེ་བའི་སྡུག་བསྔལ་ནི་ཤིན་ཏུ་འཇིགས་སུ་རུང་བ་དང་། །འདོད་པ་ནི་འབྱོར་པ་མི་ཐོབ་ཅིང་རྒུད་པའི་རང་བཞིན་ནོ་ཞེས་བྱ་བ་དང་། །ཆོག་ཤེས་པའི་ཡོན་ཏན་ལ་བསྔགས་པ་དང་། །བདག་ཉིད་ཆེན་པོ་རྣམས་ནི་ཟང་ཟིང་དང་ཆོས་དང་མི་འཇིགས་པའི་སྦྱིན་པས་འགྲོ་ལ་ཕན་འདོགས་པ་ཡིན་ནོ་ཞེས་ཀྱང་བརྗོད་པར་བྱའོ། །རབ་ཏུ་བྱེད་པ་གཉིས་པའོ། །  རབ་བྱེད་གཉིས་པའི་བརྗོད་གཞི་མདོར་བསྟན་པའོ།། །།

    ལྷ་མོ་སྐྱབས་ནི་ད་ལྟ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་དང་མདོ་སྨད་སྤྱི་འཐུས་རེད།

མདུན་ཤོག