ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་ཁྲོད་གྲུབ་འབྲས་རྩེ་ཕུད་ཐོབ་པའི་ན་གཞོན་སློབ་མ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག འདིར་བཀོད་༢༠༠༧ ལོའི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཐོབ་པའི་ཕུལ་བྱུང་རྩོམ་ཡིག་ཁག་ཕྱོགས་བསྒྲིགས་སྐབས་ཀྱི་དོན་གནས་ཁ་ཤས་ཞུ་རྒྱུར།
ཀ) རྩོམ་ཡིག་ཕལ་ཆེ་བའི་རྩོམ་གཞིའི་རྒྱུ་ཆ་བདམས་གསེས་བྱེད་སྟངས་ཞན་པའམ་འཚམས་པོ་མེད་པ་དེ་ནི། སློབ་ཕྲུག་རྣམས་དུས་རྒྱུན་འཚོ་བའི་ཉམས་མྱོང་ཞན་པ་དང༌། རྩོམ་འབྲིའི་གོ་རྟོགས་ཚད་ལོངས་མེད་པ་མཚོན།
ཁ) རྩོམ་ཡིག་ཅིག་ལེགས་ཞན་འབྱེད་བྱེད་ཀྱི་ཆ་རྐྱེན་གཙོ་བོ་ནི་བརྗོད་དོན་གཙོ་བོ་ལེགས་པར་མཚོན་ཐུབ་ཡོད་མེད་དེ་ཡིན་སྟབས། རྩོམ་ཡིག་འབྲི་བའི་དམིགས་ཡུལ་ངོས་འཛིན་གསལ་པོ་མ་ཐུབ་པར་གཡས་འཁྱོར་གཡོན་འཁྱོར་བྱེད་མཁན་གང་འཚམས་འདུག་པ་དགེ་རྒན་གྱིས་ལམ་སྟོན་གནད་སྨིན་གནང་སྐྱོང་ཡོང་བའི་རེ་བསྐུལ་ཞུ་རྒྱུ།
ག) འདིར་བཀོད་རྩོམ་ཡིག་རྣམས་སློབ་མ་ཚོས་འགྲན་བསྡུར་གྱི་དུས་ཡུན་ཐུང་ཐུང་ཆུ་ཚོད་གཉིས་གསུམ་ཙམ་གྱི་རིང་ཤར་མར་བྲིས་པ་ཞེ་གཅིག་ཡིན་སྟབས། སྒྱུ་རྩལ་གྱི་ཉམས་དང་ནང་དོན་ལ་འགྱུར་ཁུག་སོགས་ཀྱི་ཐད་ཕུལ་དུ་བྱུང་བ་ཞིག་འབྱུང་དཀའ་བ་སྨོས་མ་དགོས།
ང) རྩོམ་ཡིག་འགྲན་བསྡུར་འདི་ནི་རྒྱལ་ཡོངས་རང་བཞིན་ལྡན་པའི་འགྲན་བསྡུར་ཞིག་ཡིན་པ་དང་ཆབས་ཅིག འཛིན་གྲྭའི་ཚད་རིམ་གཞིར་འཛིན་གྱི་འགྲན་བསྡུར་ཞིག་ཀྱང་ཡིན་སྟབས། འཛིན་རིམ་མི་འདྲ་བའི་སློབ་མའི་རྩོམ་ཡིག་གི་ཟབ་ཚད་དང་རྩོམ་འབྲིའི་ནུས་རྩལ་ལ་གདེང་ཞིབ་བྱེད་སྐབས། འཛིན་རིམ་སོ་སོའི་སློབ་གཞིའི་གནས་ཚད་དང་སློབ་ཕྲུག་གི་ན་བབ་བཅས་ཟུང་འབྲེལ་གྱི་སྒོ་ནས་བལྟ་དགོས་པ་ལས། མི་དར་མའི་རྩོམ་ཡིག་གི་གནས་ཚད་དང་བསམ་བློའི་ནང་དོན་ལེབ་འགེབས་བྱ་མི་རུང༌།
རྩོམ་འགྲན་གྱི་ལས་རིམ་འདི་ཉིད་ལ་བརྟེན་ནས་སློབ་མས་རྩོམ་གཞིའི་རྒྱུ་ཆ་འདེམས་གསེས་བྱེད་སྟངས་དང༌། བརྗོད་བྱ་གོ་རིམ་སྒྲིག་སྟངས་སོགས་རྩོམ་འབྲིའི་ཐབས་རྩལ་སྐོར་དང༌། བྱ་དངོས་ལ་དབྱེ་ཞིབ་དང་གདེང་འཇོག་བྱེད་སྟངས་སོགས་བསམ་བློའི་ཟབ་ཚད་བཅས་ཤེས་ཡོན་དང་ནུས་རྩལ་སྣ་མང་ཞིག་མཐོང་ནུས་པས། ཕུལ་བྱུང་རྩོམ་ཡིག་འདི་དག་དཔར་འགྲེམས་བྱས་པ་བརྒྱུད་གཏན་ཉིན་སློབ་གྲྭ་ཁག་གི་ན་གཞོན་སློབ་མ་ཚོའི་རྩོམ་འབྲི་བྱ་བར་སྐུལ་འདེད་དང༌། མ་འོངས་རྩོམ་ཡིག་འབྲི་སྦྱོང་ལ་ལམ་སྟོན་དང་དཔྱད་གཞིའི་རིན་ཐང་ལྡན་པ་གདོན་མི་ཟ།
ཐེངས་འདིའི་རྩོམ་འགྲན་ཁྲོད་བྱ་དགའ་ཐོབ་པའི་སློབ་ཕྲུག་རྣམས་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་མཁྱེན་དགོས་པ་ཞིག་ལ། བྱ་དགའ་འདི་ནི་དུས་སྐབས་གཅིག་དང༌། བརྗོད་གཞི་བྱེ་བྲག་པ་གཅིག་གི་གནས་སྐབས་ཀྱི་གྲུབ་འབྲས་མཚོན་བྱེད་ཙམ་ཞིག་ཡིན་པ་མ་གཏོགས། རྩོམ་འགྲན་ཁྲོད་ཨང་དང་པོ་ཐོབ་པའི་དོན་ནི་རྒྱུན་གཏན་ནས་རང་ཉིད་ཨང་དང་པོ་ཡིན་པའི་དོན་མིན། དེར་བརྟེན། བྱ་དགའ་ཐོབ་མ་ཐོབ་དེ་གལ་ཆེན་པོ་མིན་པར། གཙོ་བོ་དུས་རྒྱུན་རང་ཉིད་ཀྱི་རྩོམ་འབྲིའི་ཆུ་ཚད་མུ་མཐུད་གོང་མཐོར་གཏོང་རྒྱུ་དེ་ཡིན། དེ་ལྟར་བྱ་བ་ལ་ཐོག་མར་ཕུལ་བྱུང་རྩོམ་ཡིག་གང་མང་ཞིག་ལ་བལྟ་ཀློག་དང་དཔྱད་ཞིབ་བྱ་རྒྱུ་ཧ་ཅང་གལ། སྨྱུག་གསར་དུས་དེབ་འདི་སློབ་ཕྲུག་ཚོས་དེང་གི་སློབ་ཕྲུག་རྣམས་ཀྱི་རྩོམ་ཡིག་གི་གནས་ཚད་རྒྱུས་མངའ་དང༌། ཕན་ཚུན་དཔྱད་གཤིབས། གཞན་གྱི་ལེགས་ཆ་བསྡུ་ལེན། མ་འོངས་པའི་ཁ་ཕྱོགས་དང་དམིགས་ཡུལ་འཛུགས་སྐྲུན་བཅས་ཀྱི་ས་བོན་བསྐྲུན་པའི་སླད་སློབ་ཕྲུག་ཚོའི་སྤྱན་ལམ་དུ་གཟིགས་འབུལ་ཞུས་ཡོད།
དེ་སྔའི་སྨྱུག་གསར་དུས་དེབ་ཁག་ནང་བཀོད་པའི་རྩོམ་ཡིག་སོ་སོའི་མཇུག་ཏུ་ཡིག་ནོར་ཇི་བྱུང་ལོགས་འདོན་གྱིས་དག་བཅོས་བྱས་པ་ཙམ་ལས། རྩོམ་ཡིག་གི་ལེགས་ཉེས་ལ་དཔྱད་བརྗོད་བྲིས་མེད་པས། ཀློག་མཁན་སློབ་ཕྲུག་རྣམས་ཀྱིས་རྩོམ་ཡིག་སོ་སོའི་ལེགས་ཆ་དང་ཞན་ཆ་ངོས་འཛིན་ཚུལ་བཞིན་ཐུབ་མིན་གྱི་དཀའ་ངལ་འབྱུང་མུས་ལགས་ན། རྩོམ་ཡིག་སོ་སོར་དཔྱད་མཆན་གནད་བསྡུས་རེ་བཀོད་ན་ལེགས་ཞེས་དགོངས་འཆར་འབུལ་མཁན་བྱུང་བ་དང་ལེན་གྱིས། ཐེངས་འདིའི་སློབ་མའི་རྩོམ་ཡིག་སོ་སོའི་མཇུག་ཏུ་རྩོམ་སྒྲིག་པས་དཔྱད་མཆན་ཐུང་ངུ་རེ་བཀོད་དེ། རྩོམ་ཡིག་སོ་སོའི་དགེ་སྐྱོན་དང༌། བརྗོད་སྙིང༌། ཡིག་ནོར་མང་ཉུང་སོགས་གསལ་བཤད་བྱས་ཡོད། དཔྱད་མཆན་དེ་ནི་སློབ་ཕྲུག་རྣམས་ཀྱིས་རྩོམ་ཡིག་དཔྱད་ཞིབ་དང་གདེང་འཇོག་བྱ་བདེའི་ཆེད་བཀོད་པ་ལས། རྩོམ་ཡིག་གདེང་ཞིབ་ཚོགས་ཆུང་གི་དཔྱད་མཆན་མ་ཡིན་ལགས་ན། དཔྱད་མཆན་དང་རྩོམ་ཡིག་ཨང་རིམ་དབར་འབྲེལ་བལྟོས་གང་ཡང་བཟུང་མེད་པའི་ཟུར་འདེབས་ཞུ་རྒྱུ་བཅས། རྩོམ་སྒྲིག་པས། ཕྱི་ལོ་༢༠༠༨ ལོའི་ཟླ་༡༡ པའི་ཚེས་༡ ཉིན།