ཟླ་རེའི་གསར་འགྱུར།

༄༅། །བོད་དང་བོད་ཀྱི་རིག་གནས།

 རྩོམ་པ་པོ། དོར་ཞི་གདོང་དྲུག་སྙེམས་བློ། ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།

    དེ་རིང་འདི་ནས་ཞིབ་འཇུག་སློབ་མ་དང་དངོས་གཞི་འཛིན་གྲྭའི་སློབ་མ་རྣམས་ལ་གཏམ་བཤད་ཅིག་གནང་དགོས་པར་བཤད་བྱུང་།   ཞིབ་མོར་བཤད་དགོས་ཚེ།   དུས་ཚོད་ཀྱིས་མི་འདང་བས་རགས་ཙམ་བཤད་པར་བྱ།
རྩ་བ་ཅི་ཞིག་བཤད་ཅེ་ན།   འུ་ཅག་རྣམས་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་སྟེ།   བོད་ཀྱི་རིག་གནས་ཀྱི་གཞི་རྩ་འཛིན་མཁན་དང་སློབ་གཉེར་གནང་མཁན་སྐོར་ཡིན་པས།   གཅིག་ནས་རང་གི་ལོ་རྒྱུས་ཤེས་དགོས་ཏེ།   ད་ལྟ་རང་གི་ལོ་རྒྱུས་ཤེས་མཁན་མེད་པའི་ཁར།   ལོ་རྒྱུས་ཡིག་ཚང་ཀློག་པའི་ཚེ།   ད་ལྟའི་མིས་བྲིས་པའི་ལོ་རྒྱུས་ཐར་ཐོར་རེ་མ་གཏོགས་ཡིག་ཚང་ཆེན་མོ་སྟེ།   བོད་རང་ལ་ཡོད་པའི་ཡིག་ཚང་དག་མོ་རྣམས་སློབ་གཉེར་དང་ཞིབ་འཇུག་བྱེད་མཁན་ཉུང་།   སློབ་གྲྭ་འདིར་མཚོན་ནའང་།   ལོ་རྒྱུས་མིང་ཙམ་འཁྲིད་བཞིན་ཡོད་ཀྱང་གོ་ཆེན་པོ་ཆོད་མི་འདུག དེའི་སྟབས་ཀྱིས་རང་གི་མི་རིགས་ཡིན་ན་རང་གི་མི་རིགས་ཀྱི་ལོ་རྒྱུས་ཤེས་དགོས་ཏེ།   རང་གི་ལོ་རྒྱུས་མ་ཤེས་ན་ནགས་ཀྱི་སྤྲེའུ་དག་དང་མཚུངས་པར་གསུངས་ཡོད།   གཉིས་ནས་རང་གི་སྲོལ་རྒྱུན་རིག་གནས་ལ་ལྟ་ཚུལ་ཡང་དག་པ་ཞིག་ཡོད་དགོས་ཏེ།   འདིའི་ནང་དུ་རྒྱལ་ཁབ་ལ་ཤ་ཞེན་མི་ཆེ་བ་མེད་པས།   རྒྱལ་ཁབ་ལ་ཤ་ཞེན་ཆེ་བའི་གཞི་རྩའང་མི་རིགས་ལ་ཤ་ཞེན་ཆེ་དགོས་ཤིང་།   རང་གི་མི་རིགས་ལ་ཤ་ཚ་བ་ཞིག་གིས་རང་གི་སྲོལ་རྒྱུན་རིག་གནས་མི་ཤེས་ཞེས་བརྗོད་དཀའ་བ་ཞིག་གོ།   རང་གི་མི་རིགས་ལ་ཤ་ཞེན་ཆེ་དགོས་ན།   ཇི་ལྟར་ཤ་ཞེན་ཆེ་དགོས་པ་ཤེས་དགོས།   རང་གི་མི་རིགས་ཞེས་པའི་མི་རིགས་ཀྱི་འཇོག་བྱེད་གང་ཡིན་ཞེ་ན།   གཙོ་བོ་རིག་གནས་ཡིན་ཅིང་།   ལ་ལ་ཞིག་གིས་སྐད་དང་ཆོས་ལུགས་ཀྱི་སྒོ་ནས་འཇོག ཀྲུང་གོའི་དུས་རབས་ཉི་ཤུའི་ནང་གི་རྒྱའི་མཁས་པ་གྲགས་ཅན་ཀྲའོ་ཕུའུ་ཁྲུའུ་ཡིས་ཆ་རྐྱེན་གཉིས་ཏེ།   རིགས་རྒྱུད་དང་ཆོས་ལུགས་གཉིས་ཡིན་པར་བཤད་ཡོད།   ལ་ལ་ཞིག་གིས་ཆ་རྐྱེན་བཞི་དྲངས་ཤིང་།   དེ་ལས་མང་དུ་དྲངས་པའང་ཡོད།   གཙོ་བོ་མི་རིགས་འདི་རིག་གནས་ཀྱི་སྟེང་ནས་འཇོག མི་རྒྱུད་ཀྱི་སྟེང་ནས་མི་འཇོག་པ་ཨེ་ཡིན་ཟེར་ན།   མི་རྒྱུད་ཀྱི་སྟེང་ནས་ཀྱང་བཞག་ཆོག་མོད་ཀྱང་།   མི་རྒྱུད་འདི་ཧ་ཅང་བཤད་དཀའ་བ་ཞིག་ཡིན།   དུས་རབས་ཀྱི་འགྱུར་ལྡོག་གི་དབང་གིས་མི་རིགས་ཕན་ཚུན་བསྲེས་པས་རིགས་རྒྱུད་གཙང་མ་ཞིག་མེད།   བོད་དང་རྒྱ་ཡི་འབྲེལ་བར་མཚོན་ནའང་།   ངས་སྔོན་ཆད《རྒྱ་དང་བོད་ཀྱི་རིགས་རྒྱུད་འབྱུང་ཁུངས་ལ་དཔྱད་པ》ཞེས་པའི་རྩོམ་ཞིག་བྲིས་ཡོད།   དེའི་སྟེང་ནས་བལྟས་ན་ལ་ལ་རྒྱུ་མཚན་མང་སྟེ།   གནའ་དུས་རྒྱ་ཡིན་པ་ལ་དེང་དུས་བོད་ཡིན་པ་དང་།   གནའ་དུས་བོད་ཡིན་པ་ལ་དེང་དུས་རྒྱ་དང་།   སོག་པོ་བོད་དུ་འགྱུར་བ་རྣམས་དང་།   བོད་ཧོས་རིགས་སུ་འགྱུར་བ་ཨ་མདོ་གཅན་ཚ་རུ་ཡོད་པ་དེ་ལྟ་བུའོ།   །
དེའི་སྟབས་ཀྱིས་མི་རིགས་ཞེས་པ་འདི་རིགས་རྒྱུད་གཅིག་པུའི་སྟེང་ནས་བཤད་མི་ཐུབ་སྟེ།   དཔེར་ན།   ཀན་སུའུ་ཡོན་ཅིན་རྫོང་གི་རྒན་པོ་རྣམས་ཀྱིས་ཁ་ཏ་བྱས་ཚེ་ཁོ་ཚོའི་ལོ་ལོན་རྣམས་ཀྱིས་ཁོ་ཚོ་བོད་ཡིན་པར་བཤད་ཟེར།   བཅིངས་འགྲོལ་རྗེས་སུ་རྒྱ་རུ་གྱུར་ཡོད།   དེ་ལྟ་བུ་མང་དུ་ཡོད་པར་ངེས།   ཐང་གི་དུས་ཀྱི་སྙན་ངག་པ་ཏུའུ་ཧྥུའུ(杜甫)ཡིས་《ཆང་ཚུན་གྱི་སྙན་ངག་ཚན་པ་གསུམ》(羌村三首)ཞེས་པའི་སྙན་ངག་ཏུ་ཆང་ཚུན་ཞེས་པ་ཞི་ཨན་དང་གཅིག་ཡིན་ཅིང་།   དེར་བོད་པ་གནས།   ཅིན་ཁྲེན་(金城)འདི་ན་ཞི་ཧྥན་ཀྲོང(西番庄)ཞེས་པ་ཞའོ་ཞི་ཧུའུ(小西湖)ཡི་རྒྱབ་སྟེ།   ལན་གྲུ(兰州)ཡི་གཉའ་ན་ཡོད།   སྔོན་ཆད་བོད་ཀྱི་སྡོད་གནས་ཡིན་ཅིང་།   ད་ལྟ་མིང་ཙམ་མ་གཏོགས་མེད་དོ།   །   དེའི་སྟབས་ཀྱིས་མི་རྒྱུད་རྐྱང་བ་ཞིག་འཇོག་མི་ནུས་ཏེ།   དཔེར་ན།   བོད་ཀྱི་ནང་ནས་མདོ་སྨད་ཀྱི་གཅན་ཚ་ས་ཆའི་སྡེ་བ་རེ་གཉིས་ཀྱིས་བོད་སྐད་བཤད་བཞིན་ཡོད་ཀྱང་།   ཁོ་ཚོའི་ཆོས་ལུགས་དབྱི་སི་ལན་ཡིན་པས་བསམ་པའི་སྟེང་ནས་བོད་དང་མི་འདྲ་སྟེ།   དད་མོས་མི་གཅིག་གོ།   ལ་ལ་ཞིག་གིས་བོད་ཧོས་ཧོས་སུ་ལོག་ཟེར་བ་དང་།   ལ་ལ་ཞིག་གིས་ཧོས་ཧོས་བོད་དུ་ལོག་ཟེར་བས་མཐའ་གཅིག་ཏུ་ཐག་གཅོད་བྱེད་མི་ནུས་ཤིང་།   དེ་ལྟ་བུའི་གནས་ཚུལ་མང་དུ་ཡོད་པས་མི་རིགས་ཀྱི་འཇོག་བྱེད་མཐར་གཏུགས་ན་རིག་གནས་ཀྱི་སྟེང་ནས་འཇོག་དགོས་པའོ།   །   རིག་གནས་ཀྱི་སྟེང་ན་ཆོས་ལུགས་ཡོད་པས།   ཆོས་ལུགས་འདི་མི་རིགས་ཀྱི་ཆ་རྐྱེན་གཙོ་བོ་ཞིག་སྟེ།   ཨ་རབ་ལྟ་བུ་ཡིན་ན་ཕལ་ཆེར་ཆོས་ལུགས་ཀྱི་སྟེང་ནས་ཕྱེ་ཞིང་།   ཀྲུང་གོར་ཡོད་པའི་ཁ་ཆེ་ཆོས་ལུགས་ལ་དད་པ་བྱེད་མཁན་རྣམས་ཀྱིས་ཁོ་ཚོའི་མི་རྒྱུད་ཨ་རབ་ནས་ཡོང་བར་བཤད་ཀྱང་།   ལོ་རྒྱུས་ལ་དཔྱད་པ་གཏོང་མཁན་རྣམས་ཀྱིས་ས་གནས་རང་གི་རྒྱ་མི་ཡིན་པར་བརྗོད་ཡོད།   དེ་དག་ཐམས་ཅད་ཀྱིས་ཁ་ཆེའི་ཆོས་ལུགས་ལ་དད་ནས་ཧོས་ཧོས་སུ་གྱུར་པ་མ་གཏོགས།   མི་རྒྱུད་དངོས་རྒྱ་རིགས་ཡིན་ཀྱང་།   ཁོ་ཚོའི་སེམས་ནང་ཨ་རབ་ཀྱི་མི་རྒྱུད་ཡིན་པར་བསམས་ཡོད།   ཨ་རབ་ས་ཆར་རྒྱལ་ཁབ་མང་དུ་ཡོད་ཀྱང་དེ་ཐམས་ཅད་རིག་གནས་དང་ཆོས་ལུགས་ཀྱི་སྟེང་ནས་དད་མོས་གཅིག་ཡིན་པས་མཛུབ་གུ་ལྔ་བཅངས་ཁུ་ཚུར་བྱས་ནས་བསྡད་ཡོད།   དེའི་སྟབས་ཀྱིས་མི་རིགས་ཀྱི་འཇོག་བྱེད་གཙོ་བོ་རིག་གནས་དང་།   དེའི་ནང་ནས་ཀྱང་ཆོས་ལུགས་ཡིན་ཕྱིར། རང་གི་མི་རིགས་འདི་དགོས་ན་རིག་གནས་འདི་གལ་ཆེན་ཞིག་ཏུ་བརྩི་དགོས།   ཁ་སང《ཀྲུང་གོའི་ཡུལ་སྲོལ་ཚགས་པར》(《中国民俗报》)ཞེས་པའི་ད་ལྟའི་གསར་འགྱུར་ཞིག་ཡོད་པ་དེར་ཅུང་ཟད་ལས་མ་བལྟས་ཀྱང་།   དེར་དཔྱད་རྩོམ་རིང་བ་ཞིག་བྲིས་ཡོད།   དེའི་སྟེང་དུ་རང་གི་སྲོལ་རྒྱུན་རིག་གནས་རྨོངས་དད་དང་རྗེས་ལུས་ཡིན་ཟེར་བའི་དུས་རབས་དེ་རྫོགས་སོང་ཞེས་བྲིས་ཡོད།   དེའི་རྒྱུ་མཚན་ཅི་ཡིན་ཞེ་ན།   མི་རིགས་མཐའ་དག་རང་རང་གི་རིག་གནས་ལ་བརྟེན་ནས་ད་ལྟའི་བར་དུ་གནས་ཤིང་ད་ལྟའི་བར་དུ་རྒྱས་པ་ཡིན་པས།   རིག་གནས་མེད་ན་མི་རིགས་ཀྱང་ཚར་འགྲོ་ལ།   མི་རིགས་བདེ་འཇགས་ཡོང་བ་ཡང་རིག་གནས་ལ་ཐུག་ཡོད་པར་བཤད།   དེ་ལྟ་བུ་མཐོ་ས་ནས་བཤད་ཡོད་པས་ཚང་མས་བལྟས་ན་འགྲིག ང་ཚོའི་གྲས་ལས་མི་མང་བོ་ཞིག་གིས་ད་དུང་རིག་གནས་གསར་བརྗེའི་སྐབས་ཀྱི་ལྟ་ཚུལ་མང་བོ་ཞིག་སྒྱུར་མ་ཐུབ་པར་བཟུང་ཡོད་ཀྱང་།   སློབ་སྦྱོང་ཞེས་པ་འདི་དུས་རབས་ཀྱི་འགྱུར་ལྡོག་ལ་བརྟེན་ནས་ལྟ་རྒྱ་དང་ཤེས་རྒྱ་ཆེ་དགོས་ཏེ།   གཅིག་ཤེས་པ་དེ་མ་བརྗེ་བར་བསྐལ་པའི་བར་དུ་བཟུང་ན་མི་འགྲིག་གོ།
དེའི་སྟབས་ཀྱིས་རང་གི་རིག་གནས་ལ་ལྟ་ཚུལ་ཡང་དག་པ་ཞིག་དགོས་པ་ཡིན།   ལྷག་པར་བོད་མི་རིགས་ལ་མཚོན་ན།   ན་གཞོན་རྣམས་བོད་ཀྱི་ཤེས་ཡོན་ཅན་ཡིན་པས་བོད་མི་རིགས་ཀྱི་རྒྱུན་ཇི་ལྟར་འཛིན་དགོས།   སྐད་ཡིག་རིག་གནས་དོར་ན་རྒྱུན་འཛིན་རྒྱུ་ཅི་ཡང་མེད་ལ།   ལོ་རྒྱུས་དང་རིག་གནས་གཉིས་ཀའི་རྒྱུན་ཆད་འགྲོ།   དེ་འདྲ་ཡིན་ན་མི་རིགས་ཐ་ཤལ་ཞིག་ཡིན།   དེའི་སྟབས་ཀྱིས་འདི་བྱ་བ་གལ་ཆེན་ཞིག་ཡིན་པས།   ཚང་མས་འདིའི་ཕྱོགས་ལ་མཉམ་འཇོག་བྱེད་དགོས།   གལ་ཏེ་དེང་རབས་ཀྱི་ཤེས་ཡོན་ཅན་རྣམས་ཀྱིས་རང་གི་ལོ་རྒྱུས་དང་སྐད་རིག་མ་ཤེས་ན།   མི་རིགས་གཞན་དང་ཕྱི་རྒྱལ་གྱི་མི་ལ་ཐུག་སྟེ་ཁ་བརྡ་བྱེད་དུས་ངོ་ཚ་དང་མཚང་ཡིན་ཞིང་།   ཕྱིའི་རྒྱ་སེར་དང་ཕྱི་རྒྱལ་གྱི་ཤེས་ཡོན་ཅན་ལ་ཐུག་སྟེ་རང་གི་རིག་གནས་མི་ཤེས་ཟེར་ན་ཡ་མཚན་ཏེ།   རང་གི་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་མ་ཤེས་ན་མི་རུང་ངོ་ཞེས་བརྗོད་སྲིད།   དེ་ལས་མི་ཚད་པའི་ཁག་རྒྱལ་ཁབ་ལ་བཀལ་ནས་རིག་གནས་སློབ་ཏུ་མ་བཅུག་པ་དང་།   རིག་གནས་བསྣུབས་པ་སོགས་སྣ་མང་བཤད་ཀྱང་།   དོན་དམ་དུ་རང་ཉིད་མ་འཁྱོངས་པའོ།   །
དེས་ན་ལོ་རྒྱུས་ཀྱི་དབང་དུ་བཏང་ན།   《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ལོ་རྒྱུས་ཆེན་མོ་དྲངས་ནས་བཤད་རྒྱུན་ལ་བོད་རྒྱལ་རབས་ཏེ།   གཉའ་ཁྲི་བཙན་པོ་ལས་དེའི་སྔོན་གྱི་རྒྱུ་མཚན་བཤད་ཀྱིན་མེད་ནའང་། ལོ་རྒྱུས་མེད་པ་ཞིག་མིན་ནོ།   །ལོ་རྒྱུས་ཆེན་མོའི་ནང་དུ་གཉའ་ཁྲིའི་སྔོན་དུ་རྒྱལ་རབས་བཅུ་བྱུང་ཡོད་དེ། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང། །ཞེས་གསུངས་ལ།   གནོད་སྦྱིན་ཞེས་པ་འདི་ང་ཚོས་ལྷ་འདྲེ་ཞིག་ལ་གོ་བཞིན་ཡོད་ཀྱང་། དེ་གཏན་ནས་མིན་ཞིང་།   མིའི་རིགས་ཤིག་ཡིན་ཏེ། ནག་མོ་ཁོལ་གྱིས་བརྩམས་པའི་རྒྱ་གར་གྱི་སྙན་ངག་གྲགས་ཅན《སྤྲིན་གྱི་ཕོ་ཉ》ལས་གནོད་སྦྱིན་རྒྱལ་པོའི་མཛོད་གཉེར་ཞིག་རྒྱལ་པོ་དང་འགལ་ཏེ་ཕྱིས་སུ་ཆད་པ་བཅད་པ་བཤད་ཡོད། གནོད་སྦྱིན་གྱི་བདག་པོ་བྱང་ཕྱོགས་ཀྱི་རྣམ་ཐོས་སྲས་ཏེ། ལེགས་སྦྱར་སྐད་དུ་ཀུ་བེ་རའམ་བེེཤྲ་བཎ་ཡིན་ཞིང་། རྒྱ་སྐད་ཀྱིས་པུས་ཧྲ་མོན(毗沙门)ཏེ། གནས་སའི་ཡུལ་གང་ཡིན་ཟེར་ན། རྒྱའི་ཡིག་ཚང་དུ་ཆོས་ལུགས་པ་རྣམས་ཀྱིས་ཞིན་ཅང་གི་ས་ཆ་ཡིན་པར་བྲིས་ཡོད། ཡིག་ཚང་དེ་ངས་མཐོང་མྱོང་། དེ་རྒྱ་གར་གྱི་བྱང་ཕྱོགས་ཡིན་པས་བྱང་ཕྱོགས་སྐྱོང་བའི་རྒྱལ་ཆེན་རྣམ་ཐོས་སྲས་ཞེས་བྱུང་ངོ་། །དེའི་མི་རིགས་གནོད་སྦྱིན་ཡིན་པར་བཤད་ཡོད། འོ་ན། གནོད་སྦྱིན་ཞེས་པ་ནི་ག་འདྲ་ཞིག་ཡིན་ཟེར་ན། རྒྱུ་སྟོབས་ཆེ་ཞིང་རྩལ་ཆེ་བ། གཤིས་རྒྱུད་གཏུམ་པོ་ཞིག་ཡིན་ཚོད་འདུག ད་ལྟའི་ཞིན་ཅང་གི་ཏུ་རུ་ཀའི་མི་རྒྱུད་དེ།   ཏུ་རུ་ཀ་ལ་གནའ་དུས་སུ་ཐུའུ་ཇོ(突厥)ཟེར་བ་འདི་ཨེ་ཡིན་བསམས། གནོད་སྦྱིན་ནག་པོས་དབང་བྱས་ཏེ། །མཚོན་ཆ་མདའ་གཞུ་དེ་ཞེས་པའི་མདའ་གཞུ་ཡི་བྱུང་བ་ཧ་ཅང་སྔ་སྟེ། དེ་ལོ་ལྔ་སྟོང་གི་ཡན་ཆད་ཡིན་ཞིང་། དེའི་ཚུན་ཆད་དུ་མདའ་གཞུ་བྱུང་བའི་ལོ་རྒྱུས་བཤད་མེད་དོ། །རྒྱའི་ཡིག་ཚང་ལ་བལྟས་པས་ཀྱང་མདའ་གཞུ་ནི་མཚོན་ཆ་ཐམས་ཅད་ལས་ཆེས་སྔ་མ་ཡིན་ཏེ། ལོ་ལྔ་སྟོང་ཡན་ཆད་དང་དྲུག་སྟོང། བདུན་སྟོང་གི་བར་དུ་བྱུང་བ་ཞིག་གོ། དེ་ལས་སྔ་ནའང་སྲིད། ཞིབ་ཆ་ཕྱེ་མི་ནུས་ནའང་མདའ་གཞུ་བྱུང་བ་ཆེས་སྔ་མོ་ཞིག་གོ།
གཉིས་པ་རེ་ཏེ་མགོ་གཡག་བདུད་ཀྱིས་བྱས། །ཞེས་པའི་བདུད་ཀྱང་མིའི་རིགས་ཤིག་གི་མིང་ཡིན་ཞིང།   ང་ཚོའི་གོ་བ་ལེན་སྟངས་དེ་འདྲ་ཞིག་མིན་ནོ། །དེ་ས་ཆ་དང་མིའི་རིགས་ཤིག་གི་མིང་ཡིན་ངེས། སྲིན་པོ་ཞེས་པའང་མིའི་རིགས་ཤིག་ཡིན་ཞིང་། གནའ་དུས་ཞིས་ལན་ནམ་སིངྒྷ་ལ་དང་། ཧིན་ངྷུ་ཉི་ཞི་ཡ་སྟེ། མཚོ་གླིང་དུ་གནས་པ་འདི་རྣམས་སྲིན་པོའི་གླིང་ཡིན་པར་བརྗོད་ཡོད།   སྲིན་པོའི་ཡུལ་ཞེས་པའི་རྒྱུ་མཚན་ཅི་ཡིན་ཞེ་ན།   ལོ་རྒྱུས་སུ་ཞིས་ལན་ནམ་སིངྒྷ་ལ་ནི་སྔོན་ཆད་མི་ཤ་ཟ་བའི་ས་ཆ་ཡིན་ཏེ། དམག་འཁྲུག་གི་སྐབས་སུ་མི་བཟུང་བ་རྣམས་བཤས་ནས་ཟ་བར་བཤད་དོ། །སྲིན་པོ་མི་བདུན་ཞེས་མི་ཤ་ཟ་བའི་གདོད་མའི་མི་རིགས་དེ་ལ་སྲིན་པོར་གྲགས། ཨ་རིའི་ཀི་ལུང་པིས་ཡ་སློབ་གྲྭ་ཆེན་མོའི་དགེ་བཤེས་རོ་བྷར་ཊི ཐོར་མན(Robert Thurman)གྱིས《ནང་གི་གསར་བརྗེ》(InnerReuOlutiOn)ཞེས་པའི་སངས་རྒྱས་ཆོས་ལུགས་ངོ་སྤྲོད་བྱེད་པའི་དཔེ་ཆ་ཞིག་བྲིས་ཡོད། དེའི་ནང་སངས་རྒྱས་ཆོས་ལུགས་ཀྱིས་འཛམ་གླིང་ལ་ཕན་ཐོགས་པའི་དཔེ་ལ་ཞིས་ལན་ཏོ་སྟེ། ད་ལྟའི་སིངྒྷ་ལར་སངས་རྒྱས་ཆོས་ལུགས་མ་དར་གོང་ལ་མི་ཤ་ཟ་ཞིང། ཆོས་ལུགས་དར་བའི་རྗེས་སུ་ས་ཆ་དེ་ཞི་བདེར་གྱུར་པས་དེང་སང་ཞི་བདེའི་རྒྱལ་ཁབ་ཀྱི་གྲས་སུ་ཡོད་ཚུལ་དྲངས་འདུག འདི་ལས་ཀྱང་སྔོན་ཆད་དེ་རུ་མི་ཤ་ཟ་བ་ཡིན་པ་ཤེས་པས་སྲིན་པོ་ཞེས་པ་གཞན་ནི་མིན་ནོ། །བདུད་ཀྱང་དེ་ཡིན་ཏེ། རེ་ཏེ་མགོ་གཡག་བདུད་ཀྱི་དུས་སུ་སྟ་རེ་དགྲ་སྟ་བྱུང་ཞེས་པས་མཚོན་ཆ་དར་ནས་དགྲ་སྟ་བྱུང་། དགྲ་སྟ་ཞེས་པས་དགྲ་སྟ་ཁ་ཆེ་ཞེས་ཡུ་བ་རིང་ཞིང་། གཡུལ་དུ་ཁྱེར་བའི་མཚོན་ཆ་ཞིག་གོ།
གསུམ་པ་སྲིན་པོ་གཉའ་རེང་ས་ཁྲག་མིག་གིས་དབང་དུ་བཟུང་ཞིང་། སྲིན་པོ་གཉའ་རེངས་ཁྲག་མིག་ཅེས་དེ་དུས་ཕལ་ཆེར་མི་ཤ་ཟ་བཞིན་ཡོད། སྲིན་པོ་གླིང་དགུ་ཞེས་བོད་ཀྱི་ས་ཆའི་མིང་ལ་སྲིན་པོ་གླིང་དགུར་གྲགས། དེ་ཡི་དུས་སུ་རྐང་དང་རྒྱོགས་བྱུང་ཞེས་གསུངས་ཡོད།   རྐང་ཞེས་པ་ནི་རྐང་སྒྱོགས་དང་ལག་སྒྱོགས་ཡིན་ཞིང་། ཁྲིམས་སུ་སྦྱར་ན་བཙོན་ཁང་དུ་རྐང་སྒྱོགས་ལག་སྒྱོགས་བྱེད་སྲོལ་ཡོད་པ་དེའོ། །རྒྱོགས་ཞེས་པ་ནི་སྒྱོགས་རྡོ་ཡིན་ཞིང་།   རྡོ་འཕེན་པའི་སྒྱོགས་རྡོ་ཞེས་འཁྲུལ་འཁོར་བྱས་ནས་འཐབ་འཁྲུག་བྱེད་སྲོལ་ཡོད་པ་དེའོ། །
བཞི་པ་དམར་འཇམ་ལྷ་ཡིན་ཞིང་། དམར་འཇམ་ལྷ་ཞེས་པ་ནི་དེ་དུས་རྒྱལ་པོ་ཕལ་ཆེར་ཞི་བདེ་ལ་དགའ་བར་སེམས་ཏེ། ལྷ་ཞེས་པ་ནི་ཞི་བདེ་ལ་གོའོ། །དེ་དུས་མཚོན་ཆ་ཆུ་གྲི་སྟེ། ཉ་ཡི་ལྟོ་བ་གཤག་བྱེད་ཀྱི་ཆུ་གྲིའི་མཚོན་ཆ་བྱུང་།
ལྔ་པ་རྨུ་རྒྱལ་ཁོ་རྗེ་བྱུང་ཞིང་།   རྨུ་རྒྱལ་ཁོ་རྗེའམ་རྨུ་ཡི་རྒྱལ་པོ་ཞེས་པའི་རྨུ་ནི་རུས་ཤིག་ཡིན། དེ་དུས་ཀྱི་ལག་ཆ་ཞགས་པ་སྟེ། འཁྲུག་རྩོད་ཀྱི་སྐབས་སུ་ཞགས་པ་བཏབ་ནས་དགྲ་བཟུང་བ་དང་། ཕྱིས་སུ་རྟ་དང་ཟོག་འཛིན་བྱེད་ཀྱི་ཞགས་པ་བཏབ་པ་དེའོ། །
དྲུག་པ་ཀྲོག་ཀྲོག་འདྲེ་སྟེ།   འདྲེ་དང་ལྷ་ཡི་ཁྱད་པར་ཅི་ཡིན་ཞེ་ན།   བསམ་པ་བཟང་བ་དང་དཀར་པོའི་དགེ་བ་ལ་དགའ་བར་ལྷ་དང་།   མི་ལ་གནོད་པ་བྱེད་པར་འདྲེ་ཟེར་བ་ཡིན།   ལྷ་འདྲེའི་འབྱེད་བྱེད་ནི་རང་བཞིན་གྱི་སྟེང་ནས་ཕྱེ་བ་མ་གཏོགས་ཁྱད་པར་ཆེན་པོ་མེད་དོ། །
སྔོན་གྱི་རྩོམ་ནང་དུ་ཆོས་སྐྱོང་དང་ཡུལ་ལྷ་གཞི་བདག་ལ་སོགས་པ་བསྟེན་པ་ལ་དགའ་བ་དེར་སུམ་པ་པཎྜི་ཏས་བཀའ་བཀྱོན་གནང་ཡོད། བོད་འདི་འདྲེ་ལ་དགའ་བ་ཞེས་ཡུལ་ལྷ་གཞི་བདག་རྒྱ་ལྷ་ལ་སོགས་པ་མཆོད་ནས་བསང་འབུལ་བཞིན་ཡོད་པ་དེ་ཐམས་ཅད་འདྲེ་རེད་ཟེར་བཞིན་ཡོད། དོན་གྱིས་ཆོས་འོག་ཏུ་བཅུག་ནས་ཆོས་སྐྱོང་དུ་གྱུར་པ་མ་གཏོགས་ཁྱད་པར་ཆེར་མེད།   མིའི་ནང་གི་སེར་སྣ་ཅན་ཀྱང་འདྲེ་སྟེ། འདྲེ་ཞེས་པའང་ཕལ་ཆེར་མིའི་རིགས་ཤིག་ཡིན། མི་ལ་ལ་འདྲེ་འདྲ་འདྲ་ཞིག་རེད་ཅེས་བསམ་པ་བཙོག་པའམ་སྤྱོད་པ་ངན་པ་ལ་འདྲེ་ཟེར་བས། ཀྲོག་ཀྲོག་འདྲེ་ཞེས་པ་རྒྱལ་པོ་གདུག་རྩུབ་ཅན་ཞིག་བྱུང་བ་ཡིན་ཚོད་འདུག དེ་ཡི་དུས་སུ་འུར་རྡོ་སྟེ་འུར་ཆ་བྱུང་། ལོ་འགའི་སྔོན་འཇམ་དཔལ་རྒྱ་མཚོ་སློབ་གྲྭ་འདིར་ཡོང་ནས་ཁ་ཏ་བྱེད་དུས། ལོ་རབས་དགུ་བཅུ་པའི་མགོ་ཙམ་ཞིག་ལ་སྐབས་དེའི་འཇར་མན་ནུབ་མ་རུ་འཛམ་གླིང་གི་རིག་གནས་འགྲེམ་སྟོན་བྱས། དེའི་ནང་དུ་ཁོ་ཡང་ཞུགས་ཏེ་བལྟས་པའི་ཚེ། ཡ་མཚན་ཧ་ལས་པ་མང་བོ་འདུག་ཟེར་བྱུང་། ཨ་རིའི་དབྱིན་ཏིའི་ཨན་མི་རིགས་ལའང་ང་ཚོའི་འུར་ཆ་འདི་འདྲ་བ་འདུག དེ་ལོ་ངོ་སྟོང་ཕྲག་བཞི་ལྔའི་སྔོན་ནས་བཟོས་པ་ཡིན་ནའང་དེའི་མི་རྒྱུད་བོད་ཡིན་པ་ཁོ་ཐག་གོ། དབྱིན་ཏིའི་ཨན་མི་རིགས་འདི་བོད་དང་མི་རྒྱུད་གཅིག་ཡིན་པར་རྒྱུ་མཚན་མང་བོ་ཡོད། ནམ་མཁའི་ནོར་བུའི་དཔེ་ཆ་ཞིག་གི་ནང་དུ་དབྱིན་ཏིའི་ཨན་ས་ཆར་བོན་པོའི་མདུད་གསུམ་ལ་སོགས་པ་སྐུད་པས་འདྲེན་རྒྱག་རྒྱུ་ཡོད་ཚུལ་བཤད་འདུག ཉིས་སྟོང་ལོར་ང་ཡང་ཨ་མེ་རི་ཁར་སོང་སྟེ། ལོ་སར་སྐབས་དབྱིན་ཏིའི་ཨན་གྱི་ས་ཆར་སྐྱེས་ཕོ་མོ་ཐམས་ཅད་ཡོང་ནས་སྐོར་བྲོ་ལྟ་བུ་འཁྲབ་པར་བལྟས། གྱོན་པའི་སྟེང་ན་ང་ཚོའི་དགོན་པ་རྣམས་སུ་འཆམ་སྟེག་པའི་སྐབས་འབར་དོ་མང་བོ་དང་ཟོར་བཏགས་ཡོད་པ་ཇི་བཞིན་འདུག་པས་དགོན་པའི་འཆམ་དང་འདྲ་བར་འདུག མིའི་ངོ་ཚུགས་དང་སྐྲ་བསླེས་ཚུལ་སོགས་འདྲ་བས།   སྐད་ཆ་མ་གཏོགས་པ་བོད་རེད་སྙམ་པའི་སྣང་བ་སྟེར་བར་བྱེད་དོ། །དེ་ལ་ཞིབ་འཇུག་བྱེད་རྒྱུ་ཡོད་ཀྱང་སྐད་ཆ་མི་ཤེས་པས་དཀའ། དེའི་མི་ཚད་ཉིན་ཞིག་བརྙན་འཕྲིན་ནང་རི་མགོར་མི་མང་བོས་རི་སྐོར་རྒྱག་བཞིན་ཡོད། ངས་དེ་ཙ་རི་གནས་སྐོར་ཡིན་ནམ་སྙམ་ནས་མཉམ་མ་བཞག་ནའང་། མི་མང་བོས་བྱིས་པ་དང་ཟ་རྒྱུ་ཁུར་ནས་ཟོག་དེད་དེ་འགྲོ་བཞིན་འདུག བལྟས་ཀྱིན་བལྟས་ཀྱིན་བོད་མ་ཡིན་པར་དབྱིན་ཏིའི་ཨན་མི་རིགས་ཀྱིས་རི་སྐོར་རྒྱག་པ་དེའོ། །དེར་བལྟས་པའི་ཚེ། རིག་གནས་སྟེང་གི་འབྲེལ་བ་ཧ་ཅང་གལ་ཆེ་བའོ། །ཞིབ་འཇུག་བྱེད་ན་མི་རྒྱུད་ཀྱི་སྟེང་ནས་འབྲེལ་བ་ལ་སོགས་པ་ཞིབ་འཇུག་བྱེད་དགོས་པ་ཤིན་ཏུ་གལ་ཆེན་ཞིག་གོ།
བདུན་པ་མ་སངས་རུས་དགུས་དབང་བྱས་ཤིང་། །ཡུལ་གྱི་མིང་ལ་བོད་ཁ་ཉ་དྲུག་ཟེར། །ཞེས་བོད་ཁ་གཡག་དྲུག་དང་ཉག་དྲུག ཉ་དྲུག་ཅེས་པའི་གཡག་དང་ཉག ཉ་རྣམས་དོན་གཅིག་ཏུ་འདུག གནའ་དུས་སུ་ཉག་ཅེས་པ་ནི་གཡག་གི་མིང་སྟེ། རྫ་ཆུའི་རྒྱུན་དེད་དེ་སོང་ན་འབྲི་ཆུ་ཡིན་ཞིང་།   འབྲི་ཆུ་དེ་ལ་ཉག་ཆུ་ཞེས་བརྗོད།   རྒྱ་ཡིག་ཏུ་མའོ་ཉིའུ་ཧོ(牦牛河)ཞེས་བསྒྱུར་པ་གཡག་ཆུའི་མིང་ངོ་། །མི་ཉག་ས་ཆའི་མི་ཉག་ཅེས་པ《སུམ་པའི་ཆོས་འབྱུང་》དུ་མི་ཡག་སྟེ། མིའི་སྐྱེ་གཟུགས་ཡག་པར་གསུངས་ཡོད། དེས་ན་གནའ་དུས་སུ་ཡ་དང་ཉ་ཡིག་ཕལ་ཆེར་གཅིག་ཡིན་པས། བོད་ཁམས་ཉ་དྲུག་དང་གཡག་དྲུག་ཀྱང་གཅིག་ཡིན་ནམ་སྙམ། མ་སངས་ཞེས་པ་མང་དུ་ཡོད་དེ། མ་སངས་བདུན་ཞེས་པ་ཡོད། མ་སངས་ཞེས་པ་ཆང་རིགས(羌族)ཡིན་ཞིང་། འདིའི་སྐོར་ངས་ཅུང་ཟད་བྲིས་ཡོད། འདིའི་དུས་སུ་དོང་རལ་གོ་ཆ་ཕུབ་ཆུང་བྱུང་ཞིང་།   དོང་རལ་ནི་གྲི་ཡིན་པ་མ་གཏོགས་གཞུ་འཇོག་བྱེད་ནི་མིན་པར་སེམས།   ཞིབ་ཏུ་བཤད་ན།   དོང་ནི་གྲི་ཤུབས་ཀྱི་མིང་སྟེ།   གྲི་ཤུབས་ཅན་གྱི་གྲི་རིང་བོ་རྐེད་ལ་འདོགས་པ་དེ་དུས་བྱུང་བ་མིན་ནམ་སྙམ། གོ་ཆ་ཞེས་པ་གནའ་དུས་ཀྱི་གོ་ཆ་ཀོ་ཡིས་བཟོས་པ་ཡིན་པས་དེ་ལྟར་གྲགས་ཤིང་། ཕྱིས་སུ་ལྕགས་ལ་སོགས་པས་བཟོས། ཀོ་བ་སྐམ་པོས་བཟོས་པའི་གོ་ཆ་ལ་མདུང་སོགས་ཀྱིས་ཕུག་མི་ནུས་པས་སོ། །ཕུབ་ཆུང་ནི་མདའ་འགོག་བྱེད་དེ། དབྱིབས་ནི་སླ་ངའི་ཁ་ལེབ་ལྟ་བུ་དང་རྒྱུ་སྨྱུག་མས་ལས་པ་ཡིན།
བརྒྱད་པ་ཀླུས་བཟུང་ཞེས་པའི་ཀླུ་ནི་ཆུ་ནང་གི་སེམས་ཅན་མ་ཡིན་ཏེ། ཀླུ་ཡུལ་ཞེས་པ་ཞིན་ཅང་གི་ས་ཆ་སྟེ། ཐེག་པ་ཆེན་པོའི་ཆོས《ཡུམ》ལ་སོགས་པ་ཀླུ་ཡི་ཡུལ་ནས་སློབ་དཔོན་ཀླུ་སྒྲུབ་ཀྱིས་གདན་དྲངས་པར་གསུངས་ཡོད་ཀྱང་། ལོ་རྒྱུས་ལ་ཞིབ་ཏུ་དཔྱད་པ་བཏང་བ་ཡིན་ན། སྤྱི་ལོ་མ་ཚུགས་གོང་གི་ལོ200ཡི་སྔོན་དུ་ཞིན་ཅང་གི་ས་ཆར་ཐེག་པ་ཆེན་པོའི་ཆོས་ཧ་ཅང་དར་ཡོད། རྒྱ་གར་ས་ཆར་སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་སུ་ཤེར་ཕྱིན་ལ་སོགས་པ་དང། རྒྱ་ཡིས་ཕལ་བོ་ཆེ་ཡང་དེའི་གྲས་ཡིན་པར་བཤད་ཡོད།   བོད་ཀྱིས་ཤེར་ཕྱིན་གྱི་སྐོར་ཡིན་ཅེས་བཤད།   དེ་མཐའ་དག་རྒྱའི་སྐད་དུ་ལོང་ཙང(龙藏)ཞེས་ཀླུ་ཡུལ་ནས་དྲངས་པར་བཤད།   ངས་བལྟས་ན་ཀླུ་ལོངས་སྤྱོད་ཆེ་བ་ཞེས་པ་ཞིན་ཅང་ས་ཆའི་མི་རིགས་ཤིག་ཡིན་སྙམ།   ཀླུ་དང་ལི་ཞེས་པ་ཡི་གེའི་སྟེང་ངེས་པ་ཆེར་མེད་དེ།   ཀླུ་དང་ལི་གཉིས་གཅིག་ཡིན་པར་སེམས།   དཔྱད་པ་གཏོང་རྒྱུ་ཡོད།   སྐབས་འདིར་བོད་ཁམས་གླིང་དགུར་ཞེས་བྲིས་ཡོད།
དགུ་པ་རྒྱལ་པོས་དབང་བྱས་ཞེས་དབང་བྱེད་མཁན་མཐའ་དག་རྒྱལ་པོ་ཡིན་ཀྱང་།   སྐབས་འདིའི་རྒྱལ་པོ་ནི་ཀྲུང་གོའི་བྱང་ཕྱོགས་ཀྱི་མི་རིགས་གཏུམ་དྲག་ཅན་ཞིག་ཡོད་པ་དེ་ཡིན་ནམ་སེམས།   དེ་ལ་ཀྱེ(羯)ཟེར་བ་ཀྱེ་ནས་རྒྱལ་དང་རྒྱལ་པོར་སྒྲ་འགྱུར་བར་འདོད།   ཞུང་ནུའུ(匈奴)ལ་སོགས་པ་ཀྱེ་ཟེར་བ་དེ་ཡིན་ཞིང་། ཞུང་ནུའུ་ནི་མདོ་ལ་རིང་མོའི་རྫ་རི་ནས་བྱང་ངོས(河西走廊)སུ་ཐོན་ཏེ།   ཕྱིས་སུ་ཞུང་ཡ་ལིས་ས་ཆར་སོང་བར་དཔྱད་པ་གཏོང་བཞིན་ཡོད།   རང་རེའི་བོད་ཀྱིས་རྒྱལ་བོ་དང་འགོང་བོ་འདྲེའི་སྐོར་ཡིན་པར་འདོད།   བཅུ་པ་འགོང་བོ་དབུན་དགུས་དབང་བྱས།   ཡུལ་མིང་སྟོང་སྡེ་བཅོ་བརྒྱད་ཟེར།   འདི་རགས་ཙམ་ཞིག་གོ།
ད་ལྟའི་ཞིབ་འཇུག་པ་རྣམས་ཀྱིས་མཉམ་འཇོག་གི་མེད་ཀྱང་། ཡིག་ཚང་རྣམས་སུ་ཞིབ་འཇུག་བྱེད་རྒྱུ་ཤིན་ཏུ་མང་། དེ་དག་བོད་རྒྱལ་སྔོན་གྱི་རྒྱལ་རབས་གཅིག་གི་མིང་ཡིན་ཞིང་། རྒྱལ་རབས་རེ་རེའི་ནང་དུ་རྒྱལ་པོ་དུ་བྱུང་བ་དང་། ལོ་ག་ཚོད་འགོར་བ་མི་ཤེས་ཀྱང་། རྒྱལ་རབས་གཅིག་ནི་མི་རབས་གཅིག་མིན་ཞིང་། དེ་དག་གི་དང་པོ་གནོད་སྦྱིན་གྱི་རིང་ལ་མདའ་གཞུ་བྱུང་བ་ལ་གཞིགས་ན། ལོ་ལྔ་སྟོང་དང་དྲུག་སྟོང་གི་ཡན་ཆད་ཡིན་སྲིད། གཉའ་ཁྲི་བཙན་པོ་ནས་ཐོ་ཐོ་རུའི་བར་ལ་ལོ་ལྔ་བརྒྱ་སོང་། ཐོ་ཐོ་རུའི་ཚེ་ཚད་བརྒྱ་དང་ཉི་ཤུ་ཡིན་ཞིང་། དེ་ནས་སྲོང་བཙན་བར་ལ་བརྒྱ་དང་བཅུ་གཅིག་སོང་། དེ་ལ་དཔྱད་པ་གཏོང་རྒྱུ་འདུག སྲོང་བཙན་འདས་ལོ་650 ཡིན་ཏེ། འདི་ལ་ནོར་རྒྱུ་མེད་པར་ཏུན་ཧོང་ཡིག་ཚང་དུ་ཐག་བཅད་ཡོད།
བོད་ཀྱི་ཡིག་ཚང་ནང་སྲོང་བཙན་སྒམ་པོ་ལོ་བརྒྱད་ཅུར་བཞུགས་ཞེས་གསུངས་ཡོད། དགེ་འདུན་ཆོས་འཕེལ་གྱི《དེབ་ཐེར་དཀར་པོ》དང་ཏུན་ཧོང་ཡིག་རྙིང་དུ། འདས་ལོ་དྲུག་བརྒྱ་དང་ལྔ་བཅུ་ཐམ་པ་བཟུང་སྟེ། ས་གླང་ཡིན་ན་སྤྱི་ལོ629 ལོ་དང་། མེ་གླང་ཡིན་ན617 ལོ་ཡིན་ཞིང་། མེ་གླང་གཞིར་བཅས་པ་ཡིན་ན་དགུང་ལོ་སོ་གསུམ་དང། ས་གླང་ཡིན་ན་དགུང་ལོ་ཉེར་གཉིས་པར་བཞུགས། དགུང་ལོ་བཅུ་གསུམ་སྟེང་ཁྲིར་བཞུགས་ནས་དགུང་ལོ་ཉེར་གཉིས་སྟེང་འདས་པ་ཡིན་ན། ཆབ་སྲིད་ལོ་བཅུ་བསྐྱངས་པ་ཡིན་པས། དེ་འདྲའི་བྱས་རྗེས་ཆེན་པོ་ཞིག་འཇོག་ནུས་སམ།   འདང་རྒྱོབས་དང་། འདིའི་སྐོར་སྲོང་བཙན་གྱི་བྱས་རྗེས་གླེང་སྐབས་བརྗོད་པར་བྱ། དེ་ལྟར་ལོ་བཅུ་དང་ཉི་ཤུ་ཙམ་གྱི་རིང་ནུས་པ་ཞིག་མིན་ཞིང་། མཐའ་བཞིའི་རྒྱལ་ཁམས་ཐམས་ཅད་དབང་དུ་བསྡུས་ཤིང་། ཁྲིམས་ལ་སོགས་བྱ་བ་ཆེན་པོ་བཅས་ཡོད་པས། དངོས་གནས་མི་རབས་ཤིག་གི་རིང་ལ་མཛད་པའི་བྱ་བ་ཞིག་གོ །ལོ་སུམ་ཅུ་དང་ལོ་ཉི་ཤུའི་ཚེ་ཚད་ཅན་ཞིག་གིས་སྒྲུབ་མི་ནུས་པའོ། །
ས་གླང་དང་མེ་གླང་ཞེས་པ་དེ་དུས་རབས་བདུན་པའི་ས་གླང་དང་མེ་གླང་ཡིན་མི་དགོས་ཤིང་། 《དེབ་ཐེར་སྔོན་པོ》ཡི་ནང། ཐང་གོ་ཙུང་ཁྲིར་བཞུགས་པའི་ལོ་ནི་སྲོང་བཙན་ལྔ་བཅུ་པ་ཡིན་ཅེས་གསུངས་པའི་ཚིག་གནད་ཆེན་ཞིག་འདུག དེས་ན། ཐང་གོ་ཙུང་རྒྱལ་པོར་བསྡད་པའི་ལོ་ནི་སྤྱི་ལོ618 ལོ་ཡིན་ཞིང་།   དེ་དུས་སྲོང་བཙན་དགུང་ལོ་ལྔ་བཅུའོ། །དེ་ལས་ལྔ་བཅུ་འཕྲི་ན། ས་གླང་ལོ་ཡིན་ཞིང། དེའི་སྟེང་ལྔ་བཅུ་དང་དེ་ནས་སུམ་ཅུ་བསྣན་ན། ལོ་བརྒྱད་ཅུ་གྱ་གཉིས་ཡིན་པ་དེ་འགྲིག་ཡོད། དེའི་སྟབས་ཀྱིས་ས་གླང་ཡིན་ན། དུས་རབས་སྔོན་མའི་ས་གླང་སྟེ། སྤྱི་ལོ569 ལོ་དང་།   མེ་གླང་ཡིན་ན་ལོ557 ལོ་ཡིན། འཁྲུངས་ལོ་མེ་གླང་ཡིན་ན། སྤྱི་ལོ557 ལོར་ཁེལ་ཞིང་། འདས་ལོ་སྤྱི་ལོ650 ལོའི་བར་སྲོང་བཙན་དགུང་ལོ་གོ་གཉིས་ཡིན་པས། དེ་མིན་པར་སེམས་ཏེ་ངེས་པ་མེད། ས་གླང་ཡིན་ན་དགུང་ལོ་གྱ་གཉིས་ཡིན་པས་ཡིག་ཚང་ཚང་མ་ཐོད་གཏུགས་ནུས། རེན་ནའེ་ཆང(任乃强)གིས་ཀྱང་འདིར་དཔྱད་པ་བཏང་ཡོད། བོད་ཀྱི་ལོ་རྒྱུས་ཡིག་ཚང་མཐའ་དག་ཏུ་རགས་བཤད་བྱས་ན། སྲོང་བཙན་དགུང་ལོ་བརྒྱད་ཅུ་དང་། ཞིབ་བཤད་བྱས་ན། དགུང་ལོ་གྱ་གཉིས་ཡིན་པ་གསུངས་ཡོད། དེ་དག་ཕལ་ཆེར་བདེན་ནམ་བསམས། 《དེབ་ཐེར་དཀར་པོའི》དབང་དུ་བཏང་ནའང་།   ས་གླང་དེ་དུས་རབས་བདུན་པའི་ས་གླང་ཡིན་པའི་ངེས་པ་མེད།   དུས་རབས་སྔ་མའི་ས་གླང་སྟེ།   ལོ་སྐོར་དྲུག་ཅུའི་སྔོན་དུ་དེད་ན་འགྲིག་ཡོད།
གཉའ་ཁྲི་བཙན་པོས་སྲིད་བཟུང་བའི་ལོ་ནི། སྤྱི་ལོའི་གོང་གི161 ལོ་ཡིན་ཞིང་། དེའི་ལོ་བཞི་སྟོང་ལྔ་སྟོང་གི་སྔོན་དུ་དབང་མཛད་བཅུ་བྱོན། འདི་ལ་མུ་མཐུད་དུ་དཔྱད་པ་གཏང་དགོས། གནའ་དུས་ཀྱི་བོད་ནི་ཇི་ལྟ་བུ་ཡིན་པ་ཡིག་ཚང་དུ།   བོད་ཡུལ་ཡི་དྭགས་དུད་འགྲོའི་འགྲོ་བ་ཀུན། །མི་ལུས་ཐོབ་ཏུ་རུང་བའི་དུས་གཟིགས་ནས། ཞེས་དུས་སྐབས་དེར་བོད་ཀྱི་ཡུལ་དུ་གནས་པའི་དམྱལ་བ་ཡི་དྭགས་ལ་སོགས་པ་མི་ལུས་ཐོབ་པའི་དུས་ལ་བབ་པར་གཟིགས་ནས། འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་བྱོན་པར་བཤད་ཡོད་ཀྱང་། ད་ལྟ་ང་ཚོས་བསམ་བློ་བཏང་ན། ཡི་དྭགས་ནི་ཟས་སྐོམ་གྱིས་མནར་ཏེ། མུ་གེ་མྱོང་བའི་སེམས་ཅན་ཞིག་དང་། དུད་འགྲོ་ནི་བླུན་པོའམ་གླེན་པའི་སེམས་ཅན་ཞིག་ཡིན་པ་ལ་བསམ་བློ་བཏང་ན་འགྲིག དེ་ལྟར་མིའི་འགྲོ་བ་རྣམས་སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ལས་མཆེད་པའི་གཏམ་རྒྱུད་དེ་བཤད་ཡོད། ད་ལྟའི་ཚན་རིག་གི་འབྱུང་ཁུངས་བོད་ཀྱི་གཏམ་རྒྱུད་དེར་ཐུག་འདུག་ཅེས་བཤད་བཞིན་ཡོད།
ཨ་ལགས་དུང་དཀར་ཚང་དེ་སྔ་སྐབས་དེའི་འཇར་མན་ནུབ་མའི་ཚོགས་འདུ་ཞིག་ལ་ཞུགས་ནས། དེའི་གནས་ཚུལ་ཞིག་བྲིས་ཡོད། གནས་ཚུལ་དེ་ངས་མཐོང་མྱོང་། དེའི་སྟེང་དུ་འཇར་མན་ནུབ་མའི་ལོ་རྒྱུས་སྨྲ་བ་མང་བོ་ཚོགས་ནས་ཏར་ཝུན་གྱི་བཤད་ཚུལ་གྱི་འབྱུང་ཁུངས་དེར་བརྟག་དཔྱད་བྱས་པ་ན། འཛམ་བུ་གླིང་དུ་བོད་མ་གཏོགས་མེད་པར་བརྗོད་ཡོད།   དེ་ལ་བརྟེན་ནས་ཏར་ཝུན་གྱིས་སྤྲེའུ་དེ་མི་རུ་གྱུར་པར་ཨེ་ཡིན་སྙམ་ནས་དཔྱད་པ་བཏང་། ད་ལྟའི་ཚན་རིག་པ་མང་བོས་ཁས་ལེན་བཞིན་ཡོད་ཀྱང་། ད་ལྟ་ཁས་མི་ལེན་པ་མང་བོ་བྱུང་། དེ་དག་གིས་ལྡོག་ཕྱོགས་ཀྱིས་མི་འཐད་པའི་སྒྲུབ་བྱེད་བཀོད་དེ། སྔོན་གྱི་སྤྲེའུ་དེ་མི་རུ་འགྱུར་བ་ཡིན་ན། ད་ལྟའི་སྤྲེའུ་མི་རུ་མི་འགྱུར་བའི་རྒྱུ་མཚན་ཅི་ཡིན་པ་བཤད།   གང་ཡིན་ཀྱང་།   གཏམ་རྒྱུད་དེ་སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་མིན་པར། དོན་དམ་དུ་བོད་ཀྱི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཁོ་ན་ཞིག་ཡིན་པར་ཨ་ལགས་དུང་དཀར་གྱིས་ཀྱང་བཤད་ཡོད། སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་གཉིས་ལས་མི་རྒྱུད་མཆེད་པའི་གནས་དེ་ལྷོ་ཁའི་ཀོང་པོ་རིར་བྲག་ཁུང་དང་བཅས་པ་མཇལ་རྒྱུ་ཡོད་པ་དེའོ། །
གལ་ཏེ་སྤྲེའུ་ལྟ་བུའི་གདོད་མའི་དུས་སྐབས་ཤིག་ཡོད་ཚེ། དེ་ནི་ལོ་ཁྲི་ཚོ་ཉིས་བརྒྱ་དང་སུམ་བརྒྱའི་གོང་གི་ལོ་རྒྱུས་ཙམ་ལས་ཉེ་རབས་ཀྱི་ལོ་རྒྱུས་ཤིག་གཏན་ནས་མིན་ནོ། །དེའི་ནང་དུ་མིའི་རིགས་ཀྱི་ཐོག་མ་དེ་འགྲོ་བ་རིགས་དྲུག་ནས་འཕོས་པ་ཡིན་ཅེས་པ་ལ་དཔྱད་པ་གཏོང་དགོས་ཏེ། དམྱལ་བ་ནས་འཕོས་པ་དེ་ངོ་ནག་ཅིང་མི་སྡུག་པ། སྡུག་བསྲན་ཆེ་བ་སོགས་བོད་རིགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་ལ།   ང་ཚོ་འཚོ་སྡོད་བྱེད་སའི་མཐོ་སྒང་གི་ཉི་འོད་འཕྲོ་ཤུགས་ཆེ་བའི་དབང་གིས་མིའི་ངོ་མདོག་ནག་པོ་ཡིན་ཞིང་། མི་ནག་འདྲ་བ་ཞིག་མིན་ནའང་སྨུག་པོ་ཡིན་ཀྱང་སྲིད། དེ་འདྲ་ཡིན་ན་དབྱིན་ཏིའི་ཨན་མི་རིགས་དང་འདྲ་སེ་འདུག ཡི་དྭགས་ནས་འཕོས་པའི་མི་དེའི་རིགས་ནི་སེར་སྣ་དང་འདོད་སྲེད་ཆེ་བ་སྟེ།   ཟས་རིགས་དཀོན་པའི་རང་བཞིན་ཅན་ཞིག་དང་། དུད་འགྲོ་ནས་འཕོས་པ་དེ་གླེན་ཞིང་གཏུམ་པོ་ཅན། གཟུགས་བྱད་མི་ལེགས་པ་ཞིག་ཡིན་པ་དེར་དུས་ད་ལྟའང་ཨ་རིག་གླེན་པ་ཞེས་པའི་ངག་རྒྱུན་ཡོད་པ་ལྟར། བོད་འབྲོག་པ་ནི་གནའ་དུས་གླེན་པ་ལྟ་བུ་ཡིན་ཏེ། ཨ་རིག་གླེན་པ་སྔོན་ལྷ་སའི་ཇོ་བོར་མཇལ་བར་ཕྱིན་ནས། ཇོ་བོའི་མདུན་དུ་སྙིང་མ་རྗེ། ཁྱོད་རྐང་རྗེན་ཡིན་པས་རྐང་བ་མི་གྲང་བ་ཨེ་ཡིན། ལོ་རྗེས་མར་ངས་ཁྱོད་ལ་ལྷམ་བཙེམས་ཏེ་ཁྱེར་ཡོང་བར་བཤད་པའི་གཏམ་རྒྱུད་ཡོད།   ལྷ་མིན་ནས་འཕོས་པ་མཐུ་དང་ཕྲག་དོག་ཆེ་བ།   སྐབས་འདིའི་མཐུ་ཞེས་པ་བསམ་པ་ནག་པོར་གོ་དགོས། ཕྲག་དོག་ལྷ་མིན་ནས་འཕོས་པའོ། །ལྷ་ནས་འཕོས་པ་དེ་སེམས་རྒྱུད་བཟང་ཞིང་བྱད་གཟུགས་མཛེས་པ། ཞལ་མཛེས་པ་ལྷ་དང་ལྷ་མོ་ལྟ་བུ་ཞེས་ཧ་ཅང་མཛེས་པ་ཞིག་ཏུ་བརྩི་བ་དེ་བཞིན་ཡིན།
སྤྱིར་རིགས་དྲུག་ནས་འཕོས་འོངས་པ་དེར་སེམས་ཀྱི་སྟེང་ནས་ཀྱང་འཇོག་རྒྱུ་ཡོད་དེ། ནམ་ཡང་སེམས་དགའ་ལྷང་ལྷང་དུ་ཡོད་པའི་མི་ནི་ལྷའི་རིགས་དང་། སྐྱིད་སྡུག་འདྲེས་མ་ཡིན་པ་ནི་མི། དུས་རྟག་ཏུ་སྡུག་ཁོ་ན་མྱོང་བ་དེ་དམྱལ་བ་ནས་འཕོས་པའི་རིགས་དང་། ཟས་སྐོམ་གྱི་སྡུག་བསྔལ་ཡོད་པ་དག་ནི་ཡི་དྭགས་ཀྱི་རིགས། ཧ་ཅང་གླེན་ཞིང་བླུན་པོའི་རིགས་ནི་དུད་འགྲོའི་རིགས་ཡིན་པ་སོགས་སེམས་ཁམས་ཀྱི་སྟེང་ནས་ཀྱང་འཇོག་ཚུལ་ཡོད་པས་དེང་གི་མིར་བཤད་ནའང་གོ་བདེ་བོ་ཡོད། དམྱལ་བ་ཞེས་པ་ས་རིམ་པ་བདུན་གྱི་འོག་ན་ཡོད་ཅེས་ངོས་འཛིན་བྱེད་མི་དགོས། དེ་ནི་མིའི་སེམས་ཀྱི་སྟེང་ནས་འཇོག་པ་མ་གཏོགས་ས་ཆ་ལྟ་བུ་གཞན་ཞིག་ལ་ངོས་འཛིན་རྒྱུ་མེད། ལྷ་མིན་ཟེར་བ་འཐབ་འཁྲུག་ལ་དགའ་ཞིང་ཕྲག་དོག་ཆེ་ཞེས་པ་འདིར་ལྟོས་ནའང་སེམས་ཅན་གྱི་ཁྱད་ཆོས་སྟེང་ནས་བཞག་པ་ཨེ་ཡིན་སྙམ། ཡང་ངའི་བསམ་པར་སྤྱི་ཚོགས་དཔལ་འབྱོར་དང་ཁོར་ཡུག་གི་སྟེང་ནས་ཀྱང་འཇོག་རྒྱུ་ཡོད་དེ།   མིའི་ཁོར་ཡུག་ལ་བཟང་ངན་གཉིས་ཀ་ཡོད་ལ།   ལྷ་ལྟ་བུ་ཡིན་ཚེ་དཔག་བསམ་འཁྲི་ཤིང་ལ་བརྟེན་པ་བཞིན་དུ་ཟས་གོས་རང་གྲུབ་ཡིན་པ། ནམ་རྒྱུན་གླུ་ལེན་གར་རྩེད་དང་དགའ་བདེའི་ལོངས་སྤྱོད་ལ་རོལ་ནས་ཡོད་པ།  ཡི་དྭགས་ཀྱི་རིགས་ནི་དེང་སང་གི་ཧྥེ་གླིང་ལྟ་བུ་ཟས་དཀོན་བྱུང་ཡོད་པའི་མི་དེ་དག་སྟེ།   གཙོ་བོ་རང་བྱུང་གི་ཐོན་ཁུངས་མེད་པའི་ཁོར་ཡུག་གི་རྐྱེན་ཡིན།   དེ་ལྟ་བུའི་འགྲོ་བ་བྱུང་ནས་ཟས་སུ་ཤིང་ཏོག་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པར་དེང་སང་གདོད་མའི་མི་ཞེས་བྲིས་ཡོད།
ང་ཚོའི་ལོ་རྒྱུས་སུ་བཀོད་པ་ཡི་དྭགས་ལྟ་བུ་སྙིང་རྗེའི་གནས་སུ་མཐོང་ཞེས་པ་དེའི་ནང་གི་བསེ་དམུ་ལྡོང་སྟོང་དབྲ་དང་འབྲུ་སྟེ་མིའུ་བུ་གདུང་དྲུག་བྱུང་། གདུང་བཞི་ཞེས་བགྲངས་ཀྱང་གདུང་དྲུག་དར་ཆེ། མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན། །ཅེས་མ་རྨོས་ཟེར་བ་ནི་རི་མགོའི་ཤིང་ཏོག་ཟོས་པ་ལ་ཟེར། ཀློ་བ་དང་མོན་པའི་རིགས་སོགས་ཀྱིས་གནའ་དུས་སུ་ཤིང་ཏོག་སོགས་ཟོས་ནས་འཚོ་བ་རོལ་པ་སྟེ། རང་བྱུང་གི་འབྲུ་རིགས་སོགས་ཟ་བ་ལ་མ་རྨོས་འབྲུ་ཟ་ཟེར། གོས་སུ་ཤིང་ལོ་གྱོན། ནགས་སུ་རི་དྭགས་ལྟ་བུར་གནས་པ་ནི། །ཀློ་དང་མོན་ལྟར་སྤྱོད་པའི་བོད་ཡུལ་གང་། །ཞེས་གསུངས། བཅིངས་འགྲོལ་བྱས་རྗེས་སྐབས་དེའི་ལྷ་སའི་ལས་བྱེད་པ་སྐོར་ཞིག་གནས་དེར་སོང་། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ཁུ་བསམ་འགྲུབ་རྒྱ་མཚོ་ཚང་ཡང་མཇལ་སྐོར་དུ་གནས་དེར་ཕེབས། གནས་ཚུལ་བཤད་པ་ལྟར་ན།   ཀློ་པ་རྣམས་འདུག་སའི་ཁང་བ་ནི་སྡོང་མགོ་ན་བྱ་ཚང་བཞིན་དུ་ཡོད་ལ། སྐབས་འགར་ཆུ་ལོག་བྱུང་དུས་ཆུའི་ཁུར་ཡོང་བའི་རི་དྭགས་རྣམས་འཐུས་ནས་ཟ་བཞིན་ཡོད། རྒྱུན་དུ་པགས་པ་གྱོན་ཞིང་ལ་ལར་གོན་རྒྱུའང་མེད། དེ་བས་མི་དམངས་སྲིད་གཞུང་གིས་དེ་དག་མི་རུ་གཏོང་དགོས་པར་ཐབས་བཀོད་སྣ་ཚོགས་འཐེན། སྔོན་དུས་ལྷ་སའི་སྡེ་བ་གཞུང་གིས་འབྲུ་རིགས་ལ་སོགས་ཁྱེར་སོང་ནས་ཁོ་ཚོའི་ཤ་དང་གླ་རྩི་སོགས་ལ་བརྗེ་རེས་བྱེད་བཞིན་ཡོད།   རྗེས་སུ་མི་དམངས་སྲིད་གཞུང་གིས་ཟས་གོས་སོགས་བསྐྱལ་ནས་སོང་ཚེ།   དེ་དག་མི་ཡོད་སར་གཏན་ནས་མི་འོངས་ཏེ།   དངོས་པོ་རྣམས་གནས་དེར་ཚོང་ཁང་ལྟ་བུར་བསྒྲིགས་ནས་མི་རྣམས་ཐག་རིང་དུ་སོང་ཤུལ་ནས།   ད་གཟོད་འཇབ་སྟེ་འོངས་ནས་དངོས་པོ་ཁྱེར་འགྲོ་བ་ཡིན་ཟེར།   གནས་དེའི་མི་རྣམས་གྱོན་པར་ལོབས་མེད་པས་གཅེར་བུར་རི་དྭགས་ལྟར་བསྡད་ཡོད།   རིམ་གྱིས་མི་དང་ཐག་ཇེ་ཉེར་ཡོང་ནས་འབྲེལ་བ་ཆགས་ཤིང་།   དེའི་ནང་ནས་མི་གཅིག་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྐྱལ་ནས་སློབ་སྦྱོང་ལོ་གསུམ་བཞི་ལ་བྱས་ཏེ་ཕྱིར་ལོག་སྐབས་གོན་པ་ཕུད་ནས་ཕྱིར་བྲོས་སོང་ཟེར།   དེར་བལྟས་ན་ལོ་རྒྱུས་སུ་ཞིབ་འབྲི་བྱས་ཡོད་པའི་གནའ་རབས་ལོ་རྒྱུས་རྣམས་ངོ་མ་རེད་བསམས།   དེའི་ནང་ནས་ཕ་རིགས་ཏེ་སྤྲེའུ་བྱང་ཆུབ་སེམས་དཔའི་རྒྱུད་རྣམས་ནི། དད་བརྩོན་ཆེ་ཞིང་གཏོང་ཕོད་དག་ལ་དགའ། །རྒྱུད་འཇམ་ཚིག་བཙུན་སྨྲར་མཁས་ངང་ཚུལ་བཟང་། །ཞེས་སྨྲར་མཁས་པ་དང་། ངང་ཚུལ་བཟང་བ། སེམས་ཆུང་ཞིང་ལུས་སེམས་ཡངས་པ་སོགས་བརྗོད་ཡོད་ལ། མ་དང་འདྲ་བའི་སྐོར་ནི། ཉོན་མོངས་ཆེ་ཞིང་འགྲན་སེམས་ཕྲག་དོག་རྒྱས། །ཟས་ནོར་ལ་སྲེད་ཁྲོ་གཏུམ་གཞན་སྐྱོན་སྒྲོག འོན་ཀྱང་ལུས་ཤེད་སྙིང་སྟོབས་ཆེ་བ་ཡིན། །ཅེས་འདི་དག་ནི་བྲག་སྲིན་མོར་འདྲ་བ་ཡིན་ཅེས་བཤད་ཚུལ་ཞིག་ཡིན་མོད། དོན་གྱིས་གནའ་མིའི་ཁྱད་ཆོས་ཕྱོགས་གཅིག་ཏུ་བསྡུས། དེ་ནས་རིམ་བཞིན་མི་རྒྱུད་དེ་བྱུང་ནས་རྒྱལ་ཕྲན་བཅུ་གཉིས་དང་། རྒྱལ་ཕྲན་སིལ་མ་བཞི་བཅུ་སོགས་བྱུང་། རྒྱལ་ཕྲན་དེ་དག་འཐབ་རྩོད་སྲོག་གཅོད་དགའ། །   ལེགས་ཉེས་མི་རྩི་བཀྱོན་འབེབས་བཙོན་རར་བཅུག ཅེས་གནས་སྐབས་དེའི་རྒྱལ་ཕྲན་ཞེས་པ་ནི་སྡེ་བའི་ཚབ་ཡིན་པ་འདྲ། དེ་ཡང་རྒྱའི་ཡིག་ཚང་དུ་ཧན་རྒྱལ་རབས་ཀྱི་དུས་ཀྱི་པེ་བོའུ་ཧྲི་ཙོན་ཆིང་ཞེས་པའི་སྤྱང་གི་རིགས་ནི་བོད་རིགས་ཡིན་ཞིང་། སྐབས་དེར་ནུབ་ཕྱོགས་ན་ཆང་གི་རིགས་བརྒྱ་དང་ལྔ་བཅུ་ཡོད་པར་བརྗོད་ཡོད། བོད་རིགས་ཡིན་པའི་རྒྱུ་མཚན་སྐད་རིགས་ཀྱི་སྟེང་ནས་མང་བོ་བཤད་འདུག འཐབ་རྩོད་དང་སྲོག་གཅོད་ལ་དགའ་བ་སོགས་ལ་བལྟས་ན།   གླིང་སེང་ཆེན་གྱི་སྒྲུང་ལ་སོགས་པའང་དེ་དུས་ཀྱི་གནས་ཚུལ་བྲིས་པ་ཨེ་ཡིན་བསམས། ལ་ལས་དེ་ནི་ཁྲི་སྲོང་ལྡེ་བཙན་གྱི་རིང་ཡིན་ལ། དེའི་ནང་དུ་སློབ་དཔོན་པདྨ་འབྱུང་གནས་ཡོད་པ་ཁོང་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་མི་ཡིན་པས། གེ་སར་སྒྲུང་ནི་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བར་འདོད་པའང་ཡོད། དེའང་ངེས་པ་མེད་དེ། སྤྲེའུ་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་སོགས་རྗེས་ནས་ཁ་སྣོན་བྱས་པ་ཞིག་གོ། གདོད་མའི་དུས་སུ་སངས་རྒྱས་ཆོས་ལུགས་དར་མེད་པ་ཞིག་ལ་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་དེ་ཡོད་དོན་མེད། དེས་ན་སྐབས་དེའི་སློབ་དཔོན་པདྨ་འབྱུང་གནས་དང་སྤྱན་རས་གཟིགས་སོགས་ལྷ་རྣམས་ཀྱི་མིང་ནང་དུ་དྲངས་པ་རེད་བསམས། ལོ་རྒྱུས་དངོས་ལ་དཔྱད་པ་བཏང་ན། དེ་དག་ཚང་མ་རྒྱལ་ཕྲན་སིལ་མའི་སྐབས་ཡིན་ནམ་སྙམ། དེ་མིན་ཚེ་གླིང་སེང་ཆེན་གྱིས་འཁྲུག་པ་རྒྱག་དུས་དེ་འདྲའི་རྒྱལ་ཕྲན་མང་བོ་ཞིག་གང་ནས་བྱུང་། དེ་འདྲའི་རྒྱལ་ཕྲན་མང་བོ་ཡིག་ཚང་ནང་དུའང་བཀོད་མེད་པས།   ཀྲུང་གོའི་ཀྲན་གོ་ལ་སོགས་པ་དེའི་སྐབས་ཀྱི་གནས་ཚུལ་ལྟ་བུ་ཞིག་ཡིན་པར་བསམས། ལེགས་ཉེས་མི་རྩི་བཙོན་རར་བཅུག མཐའ་བཞིའི་རྒྱལ་པོ་རྟག་ཏུ་མནར་ཅིང་གཙེ། །རྒྱ་ནག་རྒྱལ་པོ་ཤིང་ལ་སྦྲུལ་ལྟར་འཁྲི། །ཞེས་པ་ཤིང་ལ་སྦྲུལ་འཁྱིལ་བ་བཞིན་དུ་གནོད་པ་བྱས།   རྒྱ་གར་རྒྱལ་པོ་ལུག་ལ་སྤྱང་ལྟར་འཇབ། །ཅེས་པ་རྒྱ་གར་རྒྱལ་པོས་བོད་ལ་སྤྱང་ཀི་ལུག་ཁྱུར་རྒྱུག་པ་བཞིན་དུ་བཙན་འཛུལ་བྱས་པ། སྟག་གཟིག་རྒྱལ་པོ་བ་ལ་ཁྲ་ལྟར་རྒྱུགས། །ཞེས་སྟག་གཟིག་ནི་དེང་སང་གི་པོ་ཟི་ཞེས་པ་སྟེ། ཨ་རབ་ཀྱི་རིགས་ཤིག་གོ། ཐང་རྒྱལ་རབས་སོགས་རྒྱའི་ཡིག་ཚང་དུ་པོ་ཟི་ཞེས་པ་མང་དུ་བྱུང་ཡོད། གེ་སར་རྒྱལ་པོ་ཤིང་ལ་སྟ་ལྟར་འཚབ། །ཅེས་གེ་སར་ནི་གླིང་གེ་སར་མ་ཡིན་པར་ཁྲོམ་གེ་སར་ཞེས་པ་སྟེ། ཁྲོམ་གེ་སར་ནི་ཕལ་ཆེར་ཐུར་ཁེ(土耳其)ཡིན་རྒྱུ་རེད་བསམས། གེ་སར་ཞེས་པ་དཔའ་བོའི་དོན་ནོ། །དེ་དུས་ནུབ་ཕྱོགས་སུ་སྟོབས་ཆེན་ཞིག་ཡོད་པ་ནི་ཐུར་ཁེ་རྒྱལ་ཁབ་བོ། །ལ་ལས་ཁེ་ས་ཏ་ཏིས(凯撒大帝)ཡོང་ནས་མིང་ཐོགས་པར་བཤད་པའང་ཡོད། ཤིང་ལ་སྟ་ལྟར་འཚབ་ཅེས་པ་ཤིང་སྟེང་དུ་སྟ་རེས་གཙེས་པ་བཞིན་དུ། འཚབ་ཅེས་པ་གཙབ་ཅེས་པ་སྟེ།   སྟ་རེས་ཤིང་གཙབ་པ་བཞིན་དུ་བོད་ཀྱི་ས་ཆ་དང་རྒྱུ་ནོར་གང་བྱུང་དུ་འཕྲོག་པར་གོ་དགོས།   འཐབ་ཏུ་མི་བཏུབ་བོད་ལ་དམག་གྲངས་ཉུང་། །ཞེས་བོད་ལ་མི་གྲངས་ཉུང་བས་དམག་གྲངས་དེ་ལས་ཀྱང་ཉུང་བས་འཐབ་ན་མི་ཐུབ་པ་དེ་བཤད་པ་ཡིན།   ཡུལ་འགྲོ་རྒྱལ་པོ་རྣམས་ཀྱིས་མི་སྟེར་ཞིང་། །ཞེས་པ་ཡུལ་ཕྱོགས་གཞན་དུ་འགྲིམ་པར་རྒྱལ་པོ་རྣམས་ཀྱིས་བཀག་ཅིང་འགྲོ་རུ་མི་འཇུག་པའམ། ཡང་ན་དབུས་གཙང་གི་ཡུལ་ཐམས་ཅད་ལ་འཕྲོག་གསོད་ཀྱི་དགྲ་ཇག་གང་སར་ཡོད་པས་འགྲོ་སའི་གནས་མེད་པར་སྟོན་པ་ཡིན། ཐང་ལ་མི་ཆགས་བྲག་རི་བཙན་པོ་འཛིན། །ཅེས་ཐང་བདེ་སར་འདུག་མི་ཐུབ་པར་བྲག་མགོ་དང་རི་མགོར་བསྡད་ཡོད་པ་སྟོན། རྗེས་སུ་རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་རི་མགོའི་ཁྱིམ་ཚང་ཐམས་ཅད་ཀླུང་དུ་ཕབ་ཅེས་པ་དེས་ཀྱང་དེའི་སྔོན་ཕལ་ཆེར་རི་མགོར་བསྡད་ཡོད་པ་མཚོན་ཐུབ། བཟའ་བཏུང་མི་རྙེད་བཀྲེས་སྐོམ་སྡུག་བསྔལ་ཆེ། །བོད་ཡུལ་མི་རྣམས་སྡུག་བསྔལ་རབ་ཏུ་ཆེ། །གཉའ་ཁྲི་བཙན་པོ་བོད་ཡུལ་རྗེར་གཤེགས་ནས། །བོད་འབངས་བདེ་ཞིང་སྐྱིད་པར་མཛད་པ་ཡིན། །ཅེས་རྗེ་གཉའ་ཁྲི་བྱོན་ནས་བོད་འབངས་ཀྱི་འཚོ་བ་ཇེ་བཟང་དུ་སོང་བ་བརྗོད་ཡོད། གཉའ་ཁྲི་བཙན་པོ་བྱོན་ཚུལ་ལ་བཤད་ཚུལ་མང་བོ་ཞིག་ཡོད། ལ་ལས་རྒྱ་གར་གྱི་རྒྱལ་པོ་སྐྱ་སེང་བུ་ལྔ་དང་དམག་བརྒྱ་བ་གཉིས་འཐབ་ནས་སྐྱ་སེང་གིས་དམག་བརྒྱ་བ་ཕ་དང་བཅས་པ་བུ་གོ་དགུ་བསད། བུ་ཆུང་བ་རུ་པ་ཏི་ཞེས་པ་བྲོས་ནས་བོད་ཡུལ་དུ་འོངས་པ་དེ་གཉའ་ཁྲི་བཙན་པོ་ཡིན་ཅེས་པའི་བཤད་སྲོལ་ཀྱང་ཡོད་མོད་དེ་བདེན་མིན་མི་ཤེས། སྐབས་དེར་གཉའ་ཁྲི་གང་ནས་འོངས་ཞེས་པ་ལ་མཛུབ་མོས་བསྟན་པ་ནི་ནམ་མཁའ་ཡིན་པའམ་རྒྱབ་ཕྱོགས་ཡིན་པ་མི་ཤེས།  ལྐུགས་པ་ལྟ་བུའི་སྐད་ཆ་མི་ཤེས་པས་མི་རིགས་གཞན་ཞིག་ཡིན་ཚོད་འདུག དེར་བོན་པོ་གནམ་ལ་དགའ་བས་གནམ་ནས་བབས་པ་ཡིན་ཟེར། དེ་ནས་བོན་པོ་བཅུ་གཉིས་ཀྱིས་ཤིང་ཁྲིའི་སྟེང་དུ་བཀྱགས་ནས་གཉའ་བར་ཁུར་ཏེ་འོངས་པས་གཉའ་ཁྲི་བཙན་པོ་ཞེས་པའི་མཚན་ཐོགས། དེ་དུས་ཀྱི་རིག་གནས་ཀྱི་ཁྱད་ཆོས་ནི་ཅི་ཡིན་ཟེར་ན།   ཕྱྭ་དང་གནམ་ལ་དགའ་བ་སྟེ། །ཞེས་ཕྱྭ་ནི་གཙོ་བོ་མོ་འདེབས་རྒྱུ་དང་གཡང་འགུགས་རྒྱུ་སོགས་ལ་ཟེར།   གནམ་ལ་དགའ་ཞིང་མི་རྒྱུད་ལྷ་ནས་བྱུང་ཟེར་བ་སོགས་བོན་པོའི་བཤད་ཚུལ་ཡིན་ངེས།   སྔོན་གྱི་རྒྱལ་པོ་ཚང་མ་སྲས་རྣམས་ཆིབས་ཁ་ཐུབ་པ་ན། དམུ་ཐག་ལ་འཇུས། ནས་ནམ་མཁར་གཤེགས་ཞེས་བཀོད་ཡོད།   དེ་ནི་ལྷ་སྒྲུང་ལྟ་བུ་ཞིག་གོ། རྟག་ཏུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད། །ཅེས་དམར་བསང་གཏོང་བ་དེང་སང་ས་ཆ་ལ་ལར་སྲོལ་དེ་ཡོད།   ཕ་ཁི་སི་ཐན་དུ་བོད་སྐད་བཤད་བཞིན་པའི་བོད་རིགས་ཡོད་པ་དེ་དག་གིས་ཀྱང་དམར་བསང་གཏོང་བཞིན་ཡོད་ཟེར། ས་ཆ་དེར་བསང་ཕུད་པ་དང་སྐོར་བ་བྱེད་པ། ལུག་བཤས་ཏེ་དམར་བསང་བྱེད་པའི་ལུགས་སྲོལ་ཡོད་ཟེར། གནམ་གྱི་ཁྲི་བདུན་དང་སྟོད་ཀྱི་སྟེང་གཉིས། སའི་ལེགས་དྲུག ལྡེའུ་བརྒྱད། བཙན་དྲུག་གི་ནང་གི་བཙན་ལྔ་པ་ནི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རུ་གཉན་བཙན་ཡིན་ཅིང་། དེའི་རྗེས་སུ་བར་གྱི་སྟེང་གཉིས་བར་རྒྱལ་རབས་སོ་གཅིག་ཡོད་ལ། དེའི་རྗེས་ཀྱི་གནམ་རི་སྲོང་བཙན་ནི་སོ་གཉིས་པ་དང་སྲོང་བཙན་སྒམ་པོ་སོ་གསུམ་པ་ཡིན། དེ་ནས་རྒྱལ་རབས་བཞི་པ་ཁྲི་སྲོང་ལྡེ་བཙན་ནོ། །ཁྲི་སྲོང་ལྡེ་བཙན་གྱི་རྗེས་སུ་རྒྱལ་རབས་བཞི་པ་གླང་དར་མ་ཡིན་ལ།   རྒྱལ་པོ་འདི་ནི་བོད་ཀྱི་རྒྱལ་རབས་ཞེ་གཅིག་པ་ཡིན།   གླང་དར་མས་དམ་པའི་ཆོས་བསྣུབས་པ་ནི་བོད་ནང་གི་མཐུན་སྒྲིལ་ལ་གཏོར་བརླག་ཐེབས་པས། དེ་ནས་བཟུང་བོད་གཅིག་མཐུན་གྱི་རྒྱལ་ཁབ་སིལ་བུར་ཐོར། གླང་དར་མ་ཁོང་ཡང་ཆོས་བསྣུབས་ཏེ་ལོ་བཞི་ལས་འཚོ་མ་ཐུབ་པར་སྤྱི་ལོ846ལོར་བཀྲོངས། དབུས་གཙང་གི་ཆོས་བསྣུབས་པར་མི་དགའ་བ་ཚོས་རྒྱལ་པོ་འདི་ནི་མགོ་ན་རྭ་ཡོད་པའི་དུད་འགྲོ་ལྟ་བུ་རེད་ཅེས་སྨད་པ་བྱས་ཏེ། ཨུ་དུམ་བཙན་མགོ་ན་རྭ་ཅན་ཞེས་གྲགས། རྗེས་སུ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཀྲོངས་པར་བཤད་ཡོད། བོད་རྒྱལ་སྔོན་གྱི་ལོ་རྒྱུས་སྲོང་བཙན་རྗེས་ནས་ཅུང་ཙམ་ཡོད་པ་དང་།   དེའི་སྔོན་ལ་སྟོད་ཀྱི་སྟེང་གཉིས་ལས་གྲི་གུམ་བཙན་པོ་མ་གཏོགས་ལོ་རྒྱུས་ཀྱི་མིང་ཙམ་ལས་མེད།  ཡི་གེ་ཡོད་མེད་ཀྱི་དབང་དུ་བཏང་ན། ཡི་གེ་ཡོད་ཟེར་ན་དེ་དུས་ཀྱི་ཡིག་ཚང་མེད། རྒྱལ་པོ་ཚང་མ་རྒྱལ་རབས་སོ་གསུམ་བར་དུ་མིང་ཙམ་ལས་མེད་པ་དང་། མིང་ཡང་མི་གཅིག་པར་བལྟས་ན་ངག་ཐོག་ནས་བརྒྱུད་པའི་ངག་རྒྱུན་ལྟ་བུ་ཞིག་ཨེ་ཡིན་སྙམ། དེའི་དབང་དུ་བཏང་ན་ཕལ་ཆེར་ཡི་གེ་མེད་སྙམ། ཡང་དེང་སང་ཞང་ཞུང་གི་ཡི་གེ་ཡོད་ཅེས་པའང་བདེན་པ་ཡིན་ཞིང་།   དེའི་དབང་དུ་བཏང་ན་སྔོན་གྱི་ལོ་རྒྱུས་ཀྱང་ཡོད་པར་སྙམ།   ཐོན་མི་སམ་བྷོ་ཊས་ཡི་གེ་གསར་དུ་བཟོས་མིན་དེ་ལའང་དཔྱད་པ་གཏོང་རྒྱུ་ཡོད།   ལོ་རྒྱུས་ཡིན་ཡང་མཐའ་གཅིག་ཏུ་བདེན་པར་འཛིན་རྒྱུ་མེད།   དེང་གི་ཡིག་ཚང་རྙིང་བར་མངའ་བདག་ཁྲི་རལ་བ་ཅན་རིང་གི་ཡིག་ཚང་ཐམས་ཅད་བརྡ་རྙིང་ཡིན་པ་དང་།   སྲོང་བཙན་རིང་གི་རྩོམ་ཡིན་ཟེར་བ་དེའང་སྤྱིར་རྩོམ་ཞིག་ཡིན་པ་མ་གཏོགས། དེ་དུས་ད་དུང་རྩོམ་ཡིག་རྩོམ་མི་ཐུབ།   དེའི་མི་ཚད་དེང་སང་གི་དཔྱད་བརྗོད་པ་ལ་ལས་སུམ་རྟགས་ས་སྐྱ་བའི་དུས་སུ་བྱུང་བ་ཡིན་ཟེར་བ་ཕལ་ཆེར་བདེན་པར་འདུག་བསམས། སུམ་ཅུ་བའི་ཚིག་སྦྱོར་ལ་སོགས་དེ་འདྲའི་བདེ་བ་དང་། ཏུན་ཧོང་གི་ཡིག་རྙིང་དང་རྡོ་རིང་སྟེང་གི་ཚིག་སྦྱོར་ལ་གདོད་མའི་རྣམ་པ་ཡོད་པ་དེར་བལྟས་ན། སྲོང་བཙན་སྐབས་ཀྱི་ཡིན་ཟེར་བ་དེར་དེ་འདྲའི་ཡིད་ཆེས་རྒྱུ་མེད། མཐའ་འཁོབ་སྐྱེ་བོ་འདུལ་བའི་གཉེན་པོ་མཆོག།བོད་ཡུལ་ཁ་བ་ཅན་གྱི་ཆོས་སྐལ་ནི། །རྒྱལ་བ་ཀུན་གྱི་ཡང་སྙིང་འདུས་པའི་མཆོག།གསང་བ་ཀུན་གྱི་ཆོས་སྐུ་ཡིག་འབྲུའི་ཚུལ། །བྲག་གི་ངོས་འདིར་ཡིག་འབྲུ་རང་བྱོན་ཡོད། །   འདིས་ཀྱང་སྐྱེས་ཆེན་མང་བོ་བཏོན་ཕྱིར་བྱུང་། །ཞེས་ལོ་རྒྱུས་ཆེན་མོ《མ་ཎི་བཀའ་འབུམ》ནང་དུ་ཡོད་པ་འདིའོ། །   འདིར་དཔྱད་པ་བཏང་ཚེ། སངས་རྒྱས་ཆོས་ལུགས་བོད་ལ་དར་བའི་དུས་སྐབས་དེའི་སྤྱི་ཚོགས་དང་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཅི་ཞིག་ཡིན་པ་ལ་དཔྱད་པ་གཏོང་དགོས། སྤྱིར་བཏང་གི་ལོ་རྒྱུས་སུ་མེད་པར་ཏུན་ཧོང་གི་ཡི་གེ་ཐར་ཐོར་ཡོད་པ་དེར་བལྟས་ན། གནམ་རི་སྲོང་བཙན་དེ་བློན་པོ་རྣམས་ཀྱིས་དུག་དྲངས་ཏེ་བཀྲོངས། ཤུལ་དུ་ཡོད་པའི་སྲོང་བཙན་སྒམ་པོ་ལོ་ཆུང་བས་ཨ་ཅེ་སད་མ་ཀར་གཉིས་མ་བསད་པར་བཞག རྗེས་སུ་འཚར་ལོངས་བྱུང་རྗེས་ཞང་ཞུང་གི་ཁྲི་སྡེ་ཞེས་ཞང་ཞུང་གི་རྒྱལ་པོ་དམག་སྟོབས་ཆེ་བས་སད་མ་ཀར་ཆབ་སྲིད་ཀྱི་དགོས་མཁོ་ལ་བརྟེན་ནས་ཞང་ཞུང་རྒྱལ་པོ་ལིག་མི་རྒྱལ་གྱི་བག་མར་སོང་། རྗེས་སུ་དབང་ཇེ་ཆེར་སོང་ནས་སྐབས་ཤིག་ལ་སྲོང་བཙན་སྒམ་པོས་ཕྱི་ནས་དམག་སྐོར་ཞིག་གྲ་སྒྲིག་བྱས་པ་དང་། སད་མ་ཀར་གྱིས་ནང་ནས་བཀོད་བསྒྲིགས་ཀྱིས་ཞང་ཞུང་ཁྲི་སྡེ་བཅོམ།   དེ་ནས་མཛོ་སུམ་པ་ལ་སོགས་ས་ཆ་མང་བོ་བླངས་ཏེ་དམག་གི་སྟོབས་ཤུགས་ཇེ་ཆེར་གྱུར། སྐབས་དེ་ནས་བཟུང་དམག་འཁྲུག་གི་མགོ་བརྩམས། སྲོང་བཙན་གྱི་ཕྱག་རྗེས་དང་པོ་ནི། བོད་གཅིག་གྱུར་བྱས་ཏེ་མཐའ་བཞིའི་རྒྱལ་ཕྲན་སིལ་མ་བཞི་བཅུ་ཙམ་མེད་པར་བཟོས་ཏེ་མཉམ་འབྲེལ་གྱི་རྒྱལ་ཁབ་བཙུགས་ལ། དེ་ནས་རྒྱལ་ཁྲིམས་དང་ཆོས་ཁྲིམས་སྤེལ་ཕྱིར་ན་གཞོན་མང་བོ་ཡི་གེ་སློབ་པར་བཏང་། དེའི་ནང་ནས་ཐོན་མིས་རྒྱ་གར་གྱི་རིག་གནས་སོགས་སྦྱངས་ནས་ཕྱིར་བསླེབས་ཏེ་ཡི་གེ་བཟོས་པ་ཡིན་ཅེས་བཀོད་ཡོད།
ཕྱག་རྗེས་གཉིས་པ་ནི་ཆོས་བསྒྱུར་པ་སྟེ།   སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ལ་སོགས་པ་བསྒྱུར།
ཕྱག་རྗེས་གསུམ་པ་ནི་ལྷ་རྟེན་ཇོ་བོ་རྣམ་གསུམ་སོགས་གདན་དྲངས། རྒྱ་གར་ལྷོ་ཕྱོགས་སུ་དམག་དྲངས་ཏེ་ཇོ་བོ་ཁ་སར་པ་ཎི་གདན་དྲངས་ལ། རྒྱ་ནག་ནས་ཇོ་བོ་ཤཱཀྱ་མུ་ནེ་གདན་དྲངས། བལ་བོ་ནས་ཇོ་བོ་མི་བསྐྱོད་རྡོ་རྗེ་གདན་དྲངས།   ངའི་ལྟ་ཚུལ་ཡིན་ན་གནས་སྐབས་དེའི་དུས་སུ་བལ་བོ་དང་རྒྱ་ཡུལ་ནས་བཙུན་མོ་ལེན་དགོས་པའི་རྒྱུ་མཚན་ལ་དཔྱད་པ་གཏོང་དགོས། ལོ་ཚིགས་ཀྱི་ཐད་ནས་བལྟས་ན་སྤྱི་ལོ642ལོར་རྒྱ་བཟའ་ཀོང་ཇོ་བླངས། གནས་སྐབས་དེར་སྲོང་བཙན་སྒམ་པོ་ལོ72ཡིན་པས། ལོ་དེའི་སྟེང་བག་མ་ལེན་རྒྱུ་མི་འོང་ཞིང་།   འོན་ཀྱང་རྒྱལ་པོ་ལ་ངེས་པ་མེད།   གུང་རི་གུང་བཙན་གྱི་རིང་དེ་ལ་བླངས་པ་ཨེ་ཡིན་སྙམ། དེར་བླངས་ནས་སྟོན་མོའི་སྐབས་སུ་རྟ་བརྒྱུགས་ཏེ་འདས་སོང་བ་དང་། སྲས་ལ་བླངས་པའི་མནའ་མ་སྲོང་བཙན་རང་གི་བཙུན་མོ་བྱས་པ་ཨེ་ཡིན་སྙམ། གང་ལྟར་གནས་སྐབས་དེའི་རྫོངས་པ་ལ་སོགས་པར་བལྟས་ཚེ།  རིག་གནས་ཀྱི་འབྲེལ་བའི་ཆེད་དེ། རྒྱ་ཡུལ་ནས་སངས་རྒྱས་ཆོས་ལུགས་དང་རིག་གནས་དྲངས། བལ་ཡུལ་ནས་ཀྱང་སངས་རྒྱས་ཆོས་ལུགས་དང་རིག་གནས་དྲངས། དེས་ན་སངས་རྒྱས་ཆོས་ལུགས་ཅིའི་ཕྱིར་དེ་འདྲའི་དགོས་མཁོ་ཆེ་བ་རེད་ཟེར་ན། སྐབས་དེའི་སྤྱི་ཚོགས་ཀྱི་གནས་ཚུལ་ལ་རག་ལས་ཡོད། སྤྱི་ཚོགས་ཀྱི་གནས་ཚུལ་གཅིག་ནས་གཉོམ་ཆུང་དང་། སྐབས་དེར་རྒྱལ་ཕྲན་སིལ་མ་བཞི་བཅུ་བོ་འཁྲུག་པ་བརྒྱབ་ནས་མངའ་འོག་ཏུ་བཅུག་མ་ཐག་པ་ཡིན་པས། སེམས་ལ་ཞི་བདེ་མེད་པར་ཕན་ཚུན་གསོད་རེས་འཐབ་རེས་བྱས་ནས་ནང་མི་མཐུན་པའི་གནས་ཚུལ་ཆགས་ཤིང་། ཆབ་སྲིད་ཀྱི་སྟེང་ནས་ཐམས་ཅད་མཐུན་སྒྲིལ་ཡོང་བར་ཞི་བདེའི་ཆོས་དང་ལམ་ལུགས་ཤིག་དགོས་པ་བྱུང་། དེའི་དགོས་མཁོ་ལ་བརྟེན་ནས་སྙིང་རྗེའི་ལྟ་བ་ཆོས་ལུགས་འདི་དྲངས། རྒྱའི་ཐང་གི་སྐབས་དེར་སངས་རྒྱས་ཆོས་ལུགས་ཧ་ཅེང་དར་ཆེ་བའི་དུས་ཡིན་པས་ཕྱོགས་གཅིག་ནས་རྒྱ་ཡུལ་ནས་ཆོས་དྲངས།   ཕྱོགས་གཅིག་ནས་རྒྱ་གར་གྱི་ཆོས་བསྒྱུར། བལ་བོ་ནས་བཟོ་རིག་ལ་སོགས་པའི་ལག་རྩལ་དྲངས། རྒྱ་ནག་ནས་སྨན་དང་རྩིས་ལ་སོགས་བླངས་པའི་རྒྱུ་མཚན་མང་བོ་ཡོད། རྒྱ་བཟའ་ཀོང་ཇོ་དང་ལྷན་དུ་རྒྱ་ནག་ནས་མཁས་པ་དང་ཆོས་ལུགས་པ།   ལོ་ཙཱ་པ་དང་ལག་རྩལ་པ་མང་བོ་ཁྲིད་འོངས། དེ་བས་སྐབས་དེའི་རྒྱ་བོད་བར་གྱི་འབྲེལ་བ་ནི་རིག་གནས་ཀྱི་འབྲེལ་བ་སྟེ། བལ་བོད་ཡང་དེ་དང་གཅིག་འདྲའོ།  །དེའི་གནས་སྐབས་ཀྱི་མི་ཐམས་ཅད་ཀྱི་སེམས་ཞི་བདེ་ཡོང་བར་སངས་རྒྱས་ཆོས་ལུགས་མ་གཏོགས་མེད། དེའི་དང་པོ་ནི་སྙིང་རྗེ་ཆོས་ལུགས་ཏེ་འཕགས་པ་སྤྱན་རས་གཟིགས་སྙིང་རྗེའི་ལྷ་ཡིན་ཅིང་།   ཐོག་དང་པོ་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་བསྒྱུར།   སྤང་ཕྱག་བརྒྱ་བ་དང་མདོ་སྡེ་ཟ་མ་ཏོག་སོགས་ནི་ལྷ་ཐོ་ཐོ་རུ་གཉན་བཙན་གྱི་རིང་ལ་བྱུང་བ་ཡིན་མོད། དེ་དག་ནི་རྟགས་མཚན་ཙམ་མ་གཏོགས་ཤེས་མཁན་མེད།   དེ་ནས་མི་རབས་ལྔ་ཙམ་ནས་ཤེས་མཁན་བྱུང་ཞེས་དམ་པའི་ཆོས་དབུ་བརྙེས་ཚུལ་བཤད་ཡོད།   དམ་པའི་ཆོས་དབུ་བརྙེས་ཞེས་པ་ནི་ཕལ་ཆེར་རྒྱ་གར་ནས་ཚོང་པས་ཉོས་ཏེ་ཁྱེར་ཡོང་བའམ།   ཨ་ཙ་རས་ཁྱེར་འོངས་པའམ་ཡང་ན་ཚོང་པ་ཁ་ཤས་ཀྱིས་ཁྱེར་འོངས་པ་གང་ཡིན་ཀྱང་དཔེ་ཆ་ཁ་ཤས་ལག་ཏུ་ཟིན་ཡོད་པའོ། །སྤང་སྐོང་ཕྱག་བརྒྱ་བ་དང་མདོ་སྡེ་ཟ་མ་ཏོག གསེར་གྱི་མཆོད་རྟེན།   མུ་དྲའི་ཕྱག་རྒྱ།   དེ་ནི་རིན་པོ་ཆེའི་རྡོ་འདྲ་བ་ཞིག་གི་སྟེང་མ་ཎི་ཡིག་དྲུག་རང་བྱོན་གྱི་རི་མོ་ཡོད་པ་ཞིག་ཡིན་འདུག ཙིན་ཏ་མ་ཎིའི་བརྐོས་ཕོར་ནི་ཕོར་བ་འདྲ་བའི་སྣོད་ཅིག་ལ་སྤྱན་རས་གཟིགས་ཀྱི་སྐུ་གཟུགས་ལྟ་བུ་བརྐོས་ཡོད་པ་ཞིག་ཡིན། དེ་འདྲ་ཞིག་ཁྱེར་འོངས་ནས་གཉན་པོ་གསང་བ་ཞེས་མིང་བཏགས།   ཡུམ་བུ་བླ་སྒང་ནས་མཆོད་དེ་ཆོས་ཀྱི་དབུ་བཙུགས་པ་ཡིན་ཡང་། སངས་རྒྱས་ཆོས་ལུགས་དངོས་སུ་སྲོང་བཙན་གྱི་རིང་ལ་དར།   རྒྱལ་པོ་འདི་གཉིས་ཀྱི་རིང་ལ་རྒྱའི་རིག་གནས་མང་བོ་བྱུང་།   དཔེར་ན།   བོད་སྨན་གྱི་ནང་དུ་རྒྱ་གར་ལས་བསྒྱུར་པ་མང་བོ་ཡོད་དེ།   དཔེར་ན་ཀླུ་སྒྲུབ་ཀྱི་《ཡན་ལག་བརྒྱད་པ》ཞེས་པ་སོགས་ཡོད།   དེའི་ནང་དུ་ཚོན་ཀྭན་ཆག་གསུམ་ཞེས་རྩར་བརྟག་པའི་སྐོར་ནི་རྒྱ་ནག་ནས་དར་བར་བཤད་ཡོད།   དེང་སང་གི་སྨན་པ་རྣམས་ཀྱིས་ཀྱང་ཁས་ལེན།   ནག་རྩིས་ཀྱི་སྐོར་དེའང་རྒྱ་ཡུལ་ནས་དར་བར་བཤད།   སྲོང་བཙན་སྒམ་པོ་ནི་རྒྱལ་པོ་ཤེས་རབ་ཅན་དང་བློ་སྟོབས་ཅན་གྱི་མི་ཡ་མཚན་ཞིག་ཡིན་པས།   ཆབ་སྲིད་ཀྱི་ཕྱོགས་ནས་བློ་བཀོད་པ་བཟང་བོ་ཡོད་པ་ཞིག་ཡིན།   རྒྱལ་ཁམས་བདེ་བའི་ཆེད་དུ་ཆོས་ལུགས་འདི་དྲངས།  ལྷ་རྟེན་ཇོ་བོ་རྣམ་གསུམ་སོགས་ཀྱང་སྐབས་དེར་གདན་དྲངས་པའོ།
ཕྱག་རྗེས་བཞི་པ་ནི་མཁས་པ་གདན་དྲངས་པ།   རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་།   བྲམ་ཟེ་ཤངྐར།   བལ་བོ་ཡི་ཤྲཱི་མཉྫུ།   རྒྱ་ནག་གི་ཧྭ་ཤང་མ་ཧ་དེ་བ།   ངྷ་རྨ་ཀོ་ཥ་ལ་སོགས་མཁས་པ་མང་བོ་གདན་དྲངས།   རིག་གནས་ཀྱི་སྒོ་ཕྱེས་ཏེ་མཐའ་སྐོར་དུ་ཡོད་པའི་རིག་གནས་བཟང་བོ་ཐམས་ཅད་ནང་དུ་དྲངས།   ནང་གི་ན་གཞོན་རྣམས་ཕྱིར་བཏང་སྟེ་རིག་གནས་བསླབས།   ཤར་ཕྱོགས་རྒྱ་དང་མི་ཉག་ནས།   །   བཟོ་དང་རྩིས་ཀྱི་དཔེ་རྣམས་བླངས།   །   ལྷོ་ཕྱོགས་དཀར་པོ་རྒྱ་གར་ནས།   དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར།   ནུབ་ཕྱོགས་སོག་པོ་བལ་བོ་ནས།   །   ཟས་ནོར་ལོངས་སྤྱོད་གཏེར་ཁ་ཕྱེས།   སོག་པོ་ཟེར་བ་དེང་སང་གི་སོག་པོ་འདི་མིན་པ་འདྲ།   སྤྱིར་སོག་པོ་ཟེར་བ་ནི་ལྷ་སའི་བོད་ནང་དུ་སོག་པོ་ཟེར་བ་ཡོད།   དེ་དེང་སང་གི་སོག་པོ་ཡིན་པའི་ངེས་པ་མེད།   ནུབ་ཕྱོགས་ན་སོག་པོ་ཟེར་བ་མེད་པར་སོག་པོ་ཚང་མ་བྱང་་ཕྱོགས་ན་ཡོད།   དེས་ན་སོག་པོ་ཟེར་བའི་མི་རིགས་གང་ཡིན་པར་དཔྱད་པ་གཏོང་དགོས།   བྱང་ཕྱོགས་ཧོར་དང་ཡུ་གུར་ནས།   །   ཞེས་པའི་ཧོར་ཟེར་བ་དེ་ནི་སོག་པོ་ཡིན་ཞིང་།   ཡུ་གུར་ཟེར་བ་ནི་ཡུ་གུར་ནག་པོ་གུར་ནག་གི་རྒྱུད་པ་དེང་གི་བེ་བུའུ་ཨར་མི་རིགས(维吾尔族)ཞེས་པ་དང་།   གུར་སེར་གྱི་རྒྱུད་པ་དེང་སང་གི་ཀན་སུའུ་ཞིང་ཆེན་གྱི་ཡུའི་གུའུ་རིགས(裕固族)ཡིན།   ཁོ་ཚོའི་སྐད་དུ་ཕྱི་ར་ཡག་པོར་ཞེས་པ་གུར་སེར་དང་།   ཧ་ར་ཡག་པོར་ཞེས་པ་ཡུ་གུར་ནག་པོའོ།   །   དེ་གཉིས་ཀ་མི་འདྲ།   ཁྲིམས་དང་ལས་ཀྱི་དཔེ་རྣམས་བླངས།   །   ཁྲི་བཟང་སྟོན་གཉགས་ཀྱིས་རི་ཁྱིམ་ཀླུང་དུ་ཕབ།   སྤོ་མཐོའི་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཅོས།   མཁར་ཟེར་བ་དེང་སང་གི་མཁར་འདི་ཡིན་པའི་ངེས་པ་མེད།   བོད་ཀྱིས་རྡོ་ཡི་གྱང་བརྩིགས་པ་ཟུར་གསུམ་དུ་ཡོད་པ་དེའང་བོད་རང་གི་ལུགས་ཏེ།   རྒྱ་ལ་མཁར་གྲུ་བཞི་མ་གཏོགས་མཁར་ཟུར་གསུམ་མེད།   མཁར་ཟེར་བ་ནི་དེང་སང་གི་རྒྱལ་མོ་ཚ་བ་རོང་དུ་ཡོད་པའི་གྱང་མཐོན་པོ་བརྩིགས་ཡོད་པ་དེ་ལ་བཙན་མཁར་ཟེར།   དེས་སོ་ལྟ་བ་དང་མདའ་འཕེན་པར་ནུས་པ་གལ་ཆེན་ཐོན་ཡོད།
ཕྱག་རྗེས་ལྔ་པ་རྒྱལ་ཁྲིམས་ཆེན་མོ་བཅོས་པ། བཀའ་ཡི་ཁྲིམས་ཡིག་ཆེན་མོ་རྣམས་མཛད།   ཁྲིམས་ཀྱི་རྒྱལ་ཁབ་བཙུགས། མི་རིགས་གྲངས་ཉུང་ནང་ནས་ཐང་རྒྱལ་རབས་དུས་ནས་བཟུང་ཁྲིམས་ལུགས་ཡོད་པ་ནི་རྒྱལ་ཁབ་ནང་ནས་རྒྱ་དང་བོད་མ་གཏོགས་མེད། ཧྥ་རན་སེའི་དེང་རབས་ཀྱི་སྐྱེ་དངོས་རིག་པ་བ་གྲགས་ཆེན་མཱ་ཐིས་ཨི.ལིས་ཁར་(MatthieuRiCard)ཞེས་པ་རྒྱ་གར་དུ་སོང་ནས་གྲྭ་པ་བྱས་ཏེ། བོད་སྐད་དུ《མཚན་ཉིད་རིག་པ་སྨྲ་བ》ཞེས་པའི་དཔེ་ཆ་ཞིག་བྲིས་ཡོད་པ་དེའི་ནང་གནའ་དུས་ཀྱི་ལོ་རྒྱུས་ལ་བལྟས་ཚེ། ཤར་ཕྱོགས་སུ་རྩོམ་རིག་ཧ་ཅང་དར་ཆེ་བའི་མི་རིགས་གསུམ་ཡོད་པ་ལས། དང་པོ་རྒྱ་གར་ཡིན་ཏེ། 《མ་ཧཱ་བྷ་ར་ཏ》ལ་སོགས་ལོ་ངོ་སྟོང་ཕྲག་བཞི་ལྔ་ཙམ་གྱི་ལོ་རྒྱུས་ཡོད།   གཉིས་པ་རྒྱ་ནག་ཡིན་ལ་རྒྱའི་ལོ་རྒྱུས་ཡིག་ཚང་སྔ། གསུམ་པ་བོད་ཡིན་ནོ། །ཤར་ཕྱོགས་ཀྱི་མི་རིགས་ནང་འདི་གསུམ་མ་གཏོགས་མེད་ཅེས་གསུངས་ཡོད། ཡིག་ཚང་རྒྱ་ཆེ་ཞིང་མང་བ། ངས་བསམ་གཞིག་བཏང་ན། ལྔ་བཞིའི་ལས་འགུལ་གྱི་རྗེས་ནས་ལྕགས་དཔར་གསར་བ་བཏབ་རྗེས་རྒྱའི་ཡིག་ཚང་མང་དུ་སོང་བ་མ་གཏོགས། དེའི་སྔོན་གྱི་ཤིང་དཔར་ལ་མཚོན་ན་བོད་དང་གཅིག་ཡིན་སྙམ།
ཕྱག་རྗེས་དྲུག་པ་སྲིད་ཀྱི་ལམ་བཏོད་པ། བོད་ཡུལ་རུ་ཆེན་ལྔ་རུ་ཕྱེས། །ཡུལ་གྱི་དབང་རིས་རྣམ་པ་བཅོ་བརྒྱད་གྲུབ། །རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་བྱུང་། །རྒོད་ཅེས་པ་ནི་དཔའ་བོའི་དོན། རྒོད་དང་གཡུང་ཞེས་སྲོང་བཙན་གྱི་རིང་ལ་དབུས་གཙང་ཁག་གཉིས་ཕྱེ། རྒོད་ཅན་ནི་འཁྲུག་པ་རྒྱག་དུས་མཚོན་ཆ་ཐོགས་ཏེ་འཁྲུག་པ་རྒྱག་པ་དང་། འཁྲུག་པ་མེད་དུས་རང་ས་ནས་ཞིང་འབྲོག་ལས་ཀ་བྱེད། གཡུང་གི་མི་སྡེ་ནི། དྲག་ལས་མི་བྱེད་པར་ཞི་བདེའི་ལས་བྱས་ཏེ་འཁྲུག་པར་མི་ཞུགས་པར་ཞིང་འབྲོག་ལས་ཀ་བྱེད་པའི་འབངས། གཡུང་གི་མི་རྗེ་ཁེང་དང་ཡང་ཁེང་ཞེས་ཁེང་ནི་འབངས་དང་། དེང་སང་བྲན་གཡོག་ཟེར་བ་ཡོད་ཀྱང་དེ་ཡིན་པའི་ངེས་པ་མེད། རྒྱལ་པོའི་མངའ་འོག་ཏུ་ཁེང་དང་ཡང་ཁེང་ཞེས་ཁེང་ནི་རྒྱལ་ཕྲན་སིལ་མ་བཞི་བཅུ་དབང་བཟུང་ཡོད་པའི་རྒྱལ་ཕྲན་གྱི་རྒྱལ་པོ་ལ་སོགས་པའི་གུས་སྲོལ་གྱིས་ཁེང་ཞེས་བཤད།   ཡང་ཁེང་ཞེས་པ་ནི་དེའི་ལག་གཡོག་ན་ཡོད་པས་འབངས་ནི་ཡང་ཁེང་གི་མི་ཡིན་ནོ། །
ཨ་ལགས་དུང་དཀར་ཚང་གི་ཚིག་མཛོད་དུ་ཚིག་འགྲེལ་བརྒྱབ་ཡོད་དེ། ཕལ་ཆེར་ཁེང་དང་ཡང་ཁེང་ནི་བྲན་གཡོག་དང་བྲན་གཡོག་གི་བྲན་གཡོག་ཅེས་བཤད་ཡོད། དེ་ནི་དེང་སང་གི་ཞིང་བདག་དང་ཕྱུག་བདག་གི་སྐོར་རོ། །   རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག སྟོང་སྡེ་ཟེར་བ་ནི་དམག་སྟོང་ཡོད་པར་སྟོང་སྡེ་གཅིག་དང་། དེ་ལ་སྟོང་དཔོན་དང་རུ་དཔོན་ཞེས་དེང་སང་གི་ཐོན(团)ལྟ་བུ། སྲོང་བཙན་གྱིས་ཟི་ཁྲོན་ཟོང་ཆུ་ཕྱོགས་སུ་དམག་ཁྲི་ཚོ་ཉི་ཤུ་དྲངས་ཤིང། མཚོ་སྔོན་འ་ཞའི་ཡུལ་དུ་དམག་ཁྲི་ཚོ་སུམ་ཅུ་དྲངས་པ་དེར་བལྟས་ཚེ། སྐབས་དེར་དམག་མང་ཞིང་འཐབ་རྩལ་ལ་མཁས་པ་ཤེས་ཐུབ། ཞང་གསུམ་བློན་གྱིས་དབུས་ཀྱི་འདུན་ས་བཟུང་། །ཞེས་ཞང་གསུམ་ནི་རྒྱལ་པོའི་ཨ་ཞང་གི་མི་རྒྱུད་དང་། བཀའ་བློན་ནི་སྲིད་བློན་ཏེ་རྒྱལ་ཁབ་ཀྱི“ཙུང་ལི”ལྟ་བུ། དེ་ལྟ་བུའི་མི་བཞི་ཡིས་དབུས་ཀྱི་འདུན་ས་བཟུང། དབུས་ཞེས་པ“ཀྲུང་དབྱང”སྟེ་བོད་ཀྱི་དབུས་གཞུང་གི་དབང་འཛིན་རྒྱུ་ནི་རྒྱལ་པོའི་མན་ན་བློན་པོ་བཞི་ཡོད་པ་དེའོ།   །དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་། །ཞེས་པ་ས་མཚམས་སྲུང་བའམ་རྒྱལ་མཚམས་སྲུང་བ་ལ་ཟེར།   མདུང་ནག་ཟེར་བ་ནི་སུའུ་ནན(肃南)གྱི་ས་ཆར་མདུང་ནག་ཟེར་བའི་ས་ཆ་ཞིག་ཡོད་པ་དེའི་མི་རྣམས་ཀྱི་བཤད་ཚུལ་ལྟར་ན། ང་ཚོ་ནི་མདུང་གི་རུ་དར་ནག་པོ་ཅན་གྱི་བོད་ཀྱི་དམག་རྒྱུད་ཡིན་ཅེས་པའི་བཤད་རྒྱུན་ཡོད།   དཔའ་རིས་ཞེས་པའང་ཕལ་ཆེར་དེ་འདྲ་ཡིན་སྙམ། དཔའ་སྡེ་ཞེས་པའི་མཐའ་མཚམས་སུ་ས་ཆ་སྲུང་བ་དེའི་མིང་ལ་ནང་སོ་དང་།   ནང་སོ་ནི་ནང་གི་སོ་ཁ་སྲུང་བ་དང་། སོ་ནི“关卡”ཟེར་བའི་སོ་ཁ་སྲུང་བ་ལ་གོ་དགོས། སྐབས་དེར་དམག་གི་ལམ་ལུགས་དང་སྲིད་སྲུང་གི་ལམ་ལུགས་གཉིས་བཙུགས། དམག་གི་ལམ་ལུགས་ནི་བློན་ཆེན་བཞི་ཡིས་དབུས་ཀྱི་འདུན་པ་འཛུགས་རྒྱུ་དང། དཔའ་སྡེ་གསུམ་ནི་མཐའ་མཚམས་སྲུང་བའི་སྲིད་ཀྱི་ལམ་ལུགས་ཆེད་དུ་བཙུགས། དེའི་ནང་གི་ཁྲིམས་ཡིག་བཅོས་པ། རུ་ཆེན་བཅོས་པ། ཡུལ་གྱི་དབང་རིས་ཕྱེ་བ། རྒོད་ཀྱི་སྟོང་སྡེ་བཙུགས་པ། གཡུང་གི་མི་སྡེ་ཁེང་དང་ཡང་ཁེང་ཕྱེ་བ། དབུས་ཀྱི་སྲིད་འཛིན་དང་མཐའ་ཡི་སོ་ཁ་སྲུང་བའི་དཔོན་གནས་ལམ་ལུགས་བཙུགས་པ་བཅས་བོད་ཀྱི་འཁོས་དྲུག་གམ་དོན་ཆེན་དྲུག་བྱུང་ངོ་། །
འབྲུག་མོས་ཞུ་དག་བྱས།

སྔོན་མ།
༄༅།།མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ཞེས་བྱ་བ་བཞུགས་སོ།།
ཕྱི་མ།
༄༅།།ཕ་སྐད་གཙང་མའི་བང་རིམ་ལས་བརྡོལ་པའི་དུངས་སེམས་ཀྱི་འབོད་པ།