ཟླ་རེའི་གསར་འགྱུར།

གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ་མཇུག་བསྒྲིལ་བ།

༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༦ ཕྱེད་ཡོལ་ཆུ་ཚོད་༢།༠༠ ཐོག འདི་ག་ཤེས་རིག་ལས་ཁུངས་ནས་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ་རུ། གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་གཉིས་པ་གོ་སྒྲིག་ཞུས་པའི་མཇུག་བསྡོམས་མཛད་སྒོར། དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་མེེ་རྒན་རིན་པོ་ཆེ་མཆོག་གདན་ཞུས་ཀྱིས། ཐོག་མར་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་བདུན་གཅིག་གི་རིགས་ལམ་འདུ་འཛོམས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་རྗེས། མ་སུ་རི་བོད་ཁྱིམ་ནས་དབྱངས་གསལ་སྐོར་དང་། མ་སུ་རི་གཏན་སློབ་ནས་ཆུའི་སྐོར། ཧར་པུར་གཏན་སློབ་དང་བདེ་སྐྱིད་གླིང་ཉིན་སློབ་གཉིས་འོད་སྐོར་སོགས་སློབ་གྲྭའི་སློབ་ཚན་ཐོག་རྟགས་གསལ་བཏང། དེ་ནས་སེ་ལ་ཀུའི་བོད་ཁྱིམ་གྱི་དགེ་ཆེ་ཀརྨ་ཤེས་རབ་ལགས་ཀྱིས་རིགས་ལམ་གལ་གནད་དང་དེ་གའི་སློབ་གྲྭའི་རིགས་ལམ་ལས་འཆར་གང་སྤེལ་དང་སྤེལ་འཆར་ཅི་ཡོད། དེ་གའི་སློབ་མ་དང་ཕྱི་ལོག་ནས་ཕེབས་པའི་སློབ་མ་རྣམས་ཀྱིས་རིགས་ལམ་གྱི་གལ་གནད་རྟོགས་པའི་སྒོ་ནས་རང་གཞན་ཚང་མར་ཉམས་མྱོང་སྤེལ་རེས་གནང་དགོས་པ་སོགས་གསུང་བཤད་གནང།
    དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་མེ་རྒན་རིན་པོ་ཆེ་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་ཆོས་དགེ་རྣམས་ཐུགས་རྗེ་ལེགས་འབུལ་མཇལ་དར་དང་། རིགས་ལམ་འདུ་འཛོམས་ནང་ཆ་ཤས་ལེན་མཁན་སློབ་རྣམས་ལ་མཇལ་དར་དང་ལག་འཁྱེར་གནང།
    དེའི་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་དོན།   རིགས་ལམ་འདུ་འཛོམས་ནས་ཆ་ཤས་ལེན་མཁན་སློབ་མ་རྣམས་ནི་གོ་སྐབས་བཟང་པོ་རེད། ད་ལན་སློབ་མ་རྣམས་ཀྱིས་ཚན་རིག་སློབ་ཚན་སོགས་ཀྱི་བརྗོད་གཞི་ཐོག་རྟགས་གསལ་ཡག་པོ་བཏང་བ་མཐོང་སྐབས།  རང་ཉིད་ལའང་བློ་བསྐྱེད་ཡག་པོ་ཞིག་ཐོབ་བྱུང་བས་བསྔགས་བརྗོད་ཞུ་རྒྱུ་ཡིན། རིགས་ལམ་དང་གཏན་ཚིགས། ཚད་མ་རིག་པ་སོགས་ཀྱི་གོ་དོན། རིགས་ལམ་བརྒྱུད་ནས་བློ་ཚད་མ་སྐྱེས་པ་དང་། དེ་ནི་ཡང་དག་པའི་ཤེས་པའམ་ནོར་འཁྲུལ་མེད་པའི་ཤེས་པ་ལྟ་བུ་ཆགས་ཡོད་པས་ཤེས་བྱའི་གནས་ལ་འཇུག་པར་མེད་དུ་མི་རུང་བའི་ཐབས་བྱུས་ཡིན་པ་མ་ཟད། གནས་སྐབས་དང་མཐར་ཐུག་གི་དགོས་དོན་མཐའ་དག་བསྒྲུབ་པའི་ལམ་ལྟ་བུ་ཆགས་ཡོད། རྣམ་དཔྱོད་ཀྱི་རིག་པ་རྒྱུད་ལ་ལྡན་ན་མི་མཐུན་པའི་བདུད་ལས་རྣམ་པར་རྒྱལ་ཐུབ་ཅེས་དང།
    གཞན་ཡང་༸གོང་ས་མཆོག་གི་དགོངས་བཞེད་དང་མཐུན་པར་གཞན་ལ་ཕན་ཐོགས་མ་ཐུབ་ནའང། གནོད་པ་ནམ་ཡང་སྐྱེལ་མི་རུང་པའི་ལམ་སྟོན་ཟབ་རྒྱས་གནང་བ་དང་འབྲེལ་ཤེས་སྤྱོད་གཉིས་ཟུང་དུ་འབྲེལ་ཐུབ་ན། རང་གཞན་གཉིས་ཀ་དགེ་ཕན་ཡོང་ཐུབ།  ཅེས་ལམ་སྟོན་གསུང་བཤད་གནང་།
    དེ་ནས་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ལགས་ཀྱིས་སྐུ་མགྲོན་གཙོ་བོ་མཆོག་དང་ཚོགས་ཡུལ་སློབ་གྲྭའི་དབུ་ལས་ཡོངས། ཁྱད་པར་ཆོས་དགེ་དང་སློབ་ཕྲུག་རྣམ་པར་ཐུགས་རྗེ་ཆེ་ཞུས་ནས་རིགས་ལམ་འདུ་འཛོམས་ལེགས་གྲུབ་བྱུང་ཡོད་པ་བཅས།།
 

སྔོན་མ།
འགུལ་བསྐྱོད་ཚན་རིག་འགྲེམས་སྟོན།
ཕྱི་མ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་བརྙེས་ནས་ལོ་འཁོར་བདུན་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ།