༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣ ཉིན་དྷ་སྟེང་བོད་ཁྱིམ་ཞི་བདེ་ཚོགས་ཁང་དུ་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པས་གོ་སྒྲིག་འོག་གཏན་ཉིན་སློབ་གྲྭ་ཁག་གི་རྒན་བདག་རྣམས་ལ་འགོ་ཁྲིད་གནང་ཕྱོགས་ཀྱི་ཟབ་སྦྱོང་ཞིག་འགོ་འཛུགས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས། བོད་ཁྱིམ་སྤྱི་ཁྱབ་ངེས་སྟོན་པ་རྒན་ཚེ་དབང་ཡེ་ཤེས་ལགས་ཀྱིས་གཙོས་དབུ་དགེ་རྣམ་པ། རྒྱ་གར་བ་འགོ་ཁྲིད་ཟབ་སྦྱོང་སྤྲོད་མཁན་མཁས་དབང་སྐུ་ཞབས་སན་ཇེ་པན་ཌ་ར་ལགས། ཤེས་རིག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་བཅས་འབྲེལ་ཡོད་ལས་བྱེད། གཏན་ཉིན་སློབ་ཁག་གི་དགེ་རྒན་སྐུ་ཚབ་དང་རྒན་བདག་སློབ་ཕྲུག་རྣམ་པ་བཅས་ཁྱོན་མི་གྲངས་ ༦༠ བརྒལ་བ་ལྷན་འཛོམས་ཐོག་མདུན་ལམ་སློབ་སྟོན་པ་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་སྦྱོང་དམིགས་དོན་ངོ་སྤྲོད་གནང་རྗེས། ཟབ་སྦྱོང་བ་སོ་སོས་རང་ཉིད་ངོ་སྤྲོད་གནང་མཚམས་རྒྱ་གར་བ་འགོ་ཁྲིད་ཀྱི་ཟབ་སྦྱོང་གནང་མཁན་མཁས་དབང་སྐུ་ཞབས་སན་ཇེ་པན་ཌ་རམ་(Sanjey Upendram)ལགས་ཀྱིས་སློབ་གྲྭ་ཁག་གི་སློབ་ཕྲུག་དུ་མའི་ཁྲོད་ཤེས་ཡོན་སྤེལ་རེས་གོ་སྐབས་བཟང་པོ་ཐོབ་པར་གོ་སྐབས་དམ་འཛིན་གྱི་ཟབ་ཁྲིད་འབྲེལ་བའི་ལས་དོན་སྐོར་གསུང་བཤད་གནང་བ་དང། རྗེས་སྐུ་མགྲོན་གཙོ་བོ་སྲིད་སྐྱོང་མཆོག་གིས་ལམ་སྟོན་གསུང་བཤད་གནང་དོན།
བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་གི་ཡོད། བཀའ་ཤག་གི་འཆར་གཞིའི་ནང་ཤེས་ཡོན་གལ་ཆེན་པོར་བརྩི་བཞིན་ཡོད། དེ་དང་ཆབས་ཅིག་སློབ་གྲྭ་ཁག་ནང་རྒན་བདག་རྣམ་པ་ཚོས་སློབ་ཕྲུག་སྤྱི་ཡོངས་ལ་སྣེ་ཁྲིད་གནང་སྟངས་ཐོག་ནས་ཟབ་སྦྱོང་འདི་འོས་ཤིང་འཚམས་པ་ཞིག་ཡིན་སྐོར་དང་། དེ་བཞིན་བཀའ་ཤག་གི་ལྟ་གྲུབ་གསུམ་དང་འབྲེལ་བའི་ཐོག་ནས་རྒན་བདག་རྣམས་ལ་སློབ་གྲྭར་སྣེ་ཁྲིད་སྐབས་ནུབ་ཕྱོགས་བསམ་བློའི་འཁྱེར་ཕྱོགས་དེ་ཤར་ཕྱོགས་པར་ཚུར་ལོག་སྟེ་དེང་དུས་དང་མཚུངས་པའི་ནང་ཆོས་ཀྱི་ལྟ་གྲུབ་གཞིར་བཞག་པའི་ཐོག་ནས་སྣེ་ཁྲིད་ཟབ་སྦྱོང་གནང་གི་ཡོད་སྐོར་དང་། དེ་བཞིན་འདི་ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཡིག་རྒྱུགས་མ་སུ་རི་བུ་མོ་བསྟན་འཛིན་ཆོས་སྐྱིད་ལགས་གཙོས་སྤྱི་ཡོངས་སྔ་ལོ་ལས་སློབ་ཕྲུག་བརྒྱ་བརྒལ་བས་ཡིག་རྒྱུགས་འགྲུབ་འབྲས་ལེགས་པ་བྱུང་བ་དང་། ད་དུང་སློབ་གྲྭ་ཁག་ཏུ་ཡར་རྒྱས་གཏོང་རྒྱུར་སློབ་ཕྲུག་རྒན་བདག་ཚོར་འགན་ཡོད་སྐོར་དང་།
སྤྱིར་བཏང་ལས་དོན་སྣེ་ཁྲིད་སློབ་ཕྲུག་ཚོར་དམིགས་ཡུལ་བརྟན་པོ་འཛིན་པའི་ཐོག་འཆར་གཞི་ཡག་པོ་བཏིང་ནས་དེ་ལག་ལེན་འཁྱོལ་བའི་ཐབས་ལམ་ཡག་པོའི་སྤྱི་ཡོངས་བསམ་བློ་དེ་ངེས་པར་དགོས། དེ་ཡང་ཐོག་མར་སློབ་ཕྲུག་སོ་སོ་སྒེར་གྱི་མི་ཚེ་དང། དེ་ནས་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོ་སྣེ་ཁྲིད་དེ་སློབ་ཕྲུག་བྱིངས་ལ་ཕན་ཐོགས་ཆེད་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། དམིགས་བསལ་ཤེས་ཡོན་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་གྲོལ་ཡོད།
ད་ཐེངས་ཉིན་ལྔའི་ཟབ་སྦྱོང་འདིར་རྒྱ་གར་བ་དབུ་ཁྲིད་ཟབ་སྦྱོང་གི་མཁས་དབང་སྐུ་ཞབས་སན་ཇེ་པན་ཌ་རམ་ལགས་ཀྱིས་ལས་དོན་སྣེ་ཁྲིད་ཁྱད་ཆོས་དང་ཐབས་ལམ། ཕན་ཚུན་གཅིག་སྒྲིལ་གྱི་ལས་དོན་སྒྲུབ་ཕྱོགས། འཆར་གཞི་སྒྲིག་སྟངས། རྩོད་རྙོག་སེལ་ཐབས་བཅས་ཀྱི་སྐོར་དང་། བོད་མིའི་སྒྲིག་འཛུགས་གནད་ཡོད་མི་སྣ་ཁག་ཅིག་གིས་དབུ་མའི་ལམ་དང་བོད་རྒྱ་འབྲེལ་མོལ། ཤེས་ཡོན་གྱི་དགོས་དམིགས། བཟང་སྤྱོད་ཀྱི་ཤེས་ཡོན་བཅས་ཐོག་ཟབ་སྦྱོང་གནང་རྒྱུ་ཡིན་པ་དང་། ཟབ་སྦྱོང་འདིར་གཏན་ཉིན་སློབ་གྲྭ་ཁག་ ༡༥ ནས་སློབ་ཕྲུག་ ༣༢ དང་དགེ་རྒན་སྐུ་ཚབ་བཅས་ཁྱོན་མི་གྲངས་ ༤༦ མཉམ་བཞུགས་གནང་འདུག