ཟླ་རེའི་གསར་འགྱུར།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་ལས་རིམ་ལེགས་གྲུབ་ཟིན་པ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་གོ་སྒྲིག་འོག  ཤེས་རིག་ལས་ཁུངས་ཀྱི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་རྒྱུས་སྟོན་པ་དགེ་བཤེས་ལྷ་རམས་པ་ཡེ་ཤེས་རྒྱལ་མཚན་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་། བྱང་ཕྱོགས་ཁུལ་དུ་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་རྣམས་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སློབ་སྤེལ་གྱི་གོ་རྟོགས་ལས་རིམ་ལེགས་གྲུབ་ཟིན།

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡ ཉིན་སྦེང་ལོར་བོད་ཁྱིམ་ཉལ་ཁང་དང་།  ཚེས་ ༣ ཉིན་༸ཏཱ་ལའི་བླ་མ་མཐོ་སློབ། ཚེས་ ༤ ཉིན་མེ་སོར་མཐོ་སློབ་ཀྱི་སློབ་ཕྲུག  ཚེས་ ༥ ཉིན་མེང་ལོར་མཐོ་སློབ་ཀྱི་སློབ་ཕྲུག  ཚེས་ ༧ ཉིན་ལྡི་ལི་བོད་ཁྱིམ་ཉལ་ཁང་བཅས་བདུན་ཕྲག་གཅིག་གི་རིང་རྒྱ་གར་ལྷ་ཕྱོགས་དང་བྱང་ཕྱོགས་ཁུལ་དུ་རྒྱ་གར་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་གྲངས་ ༤༦༠ ཙམ་དང་ལས་བྱེད་གྲངས་ ༣༠  ཙམ་ལ་སྤྱིར་ཆོས་ལུགས་ལ་མ་བརྟེན་པར་འགྲོ་བ་མིའི་བཟང་སྤྱོད་ཀྱི་ལྟ་གྲུབ་དང་། ལག་ལེན་གྱི་རྨང་གཞི། འབྱུང་ཁུངས་བཅས་ཀྱི་སྐོར་ངོ་སྤྲོད་དང་འཁྲུག་ཆ་དོད་པོའི་སྤྱི་ཚོགས་ནང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་ཕན་རླབས་ཅི་ཡོད་ཐད་ལ་གོ་རྟོགས་སྤེལ་ཡོད།

དེ་བཞིན་དེང་སང་གཞོན་སྐྱེས་ཀྱི་ཁྲོད་ནས་འཕེལ་བཞིན་པའི་སེམས་ཁམས་ཀྱི་དཀའ་ངལ་ཡིད་ཞུམ་དང་།  སེམས་ངལ། སེམས་འཚབ། རེ་བ་མེད་པའི་སེམས་ཚོར་སོགས་སེམས་ཀྱི་དཀའ་ངལ་དེ་དག་གི་འབྱུང་རྐྱེན་གཙོ་བོ་འདོད་རྔམས་དང་། འགྲན་སེམས། ང་རྒྱལ། ཕྲག་དོག་སོགས་ཡིན་པ་དང་། སྤྱིར་དཀའ་ངལ་དེ་དག་སེལ་ཐབས་ཀྱི་སྐོར་ནང་པའི་སེམས་ཁམས་རིག་པའི་ནང་ཇི་ལྟར་གསུངས་ཡོད་པ་དང་། ཁྱད་པར་དུ་སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགར་ཅི་ཞིག་ཡོད། །གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་སོགས་མི་ཚེའི་ནང་དཀའ་ངལ་ལ་གདོང་ལེན་བྱེད་ཐབས་ལ་ཕན་ཐོགས་ཡོད་པ་སོགས་གོ་རྟོགས་གང་ལེགས་སྤེལ་ཡོད།

བཟང་སྤྱོད་ཀྱི་རྩ་བ་ནི། གཅིག་གྱུར་གྱི་འདུ་ཤེས་དང་། བསམ་ཤེས། འགན་ཁུར་གྱི་འདུ་ཤེས་བཅས་གསུམ་པོ་འདི་ནི་མི་ཚེའི་ནང་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། དེ་དག་གིས་མི་སྒེར་སོ་སོའི་ཡར་རྒྱས་དང་། སྤྱི་ཚོགས་ཀྱི་མཐུན་སྒྲིལ། འཛམ་གླིང་སྤྱིའི་བདེ་དོན་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པ། འདུ་ཤེས་འདི་དག་གོང་འཕེལ་གཏོང་བ་ནི་མི་ཚེ་བཟང་པོ་ཞིག་སྐྱེལ་བ་དང་། སྤྱི་ཚོགས་ལེགས་པོ་ཞིག་བསྐྲུན་པའི་གཞི་རྩ་གལ་ཆེན་ཞིག་ཡིན་པའི་སྐོར་དང་། དེ་ཡང་། གཅིག་གྱུར་གྱི་འདུ་ཤེས་ཀྱིས་སྤྱི་ཚོགས་ནང་དྲང་བདེན་དང་། འདྲ་མཉམ། མཐུན་སྒྲིལ་བཅས་གོང་འཕེལ་གཏོང་བར་རོགས་རམ་བྱེད། འདིས་དབྱེ་འབྱེད་དང་གཉའ་གནོན་སོགས་མེད་པའི་སྤྱི་ཚོགས་ཤིག་བསྐྲུན་པར་ཕན་ཐོགས་ཆེན་པོ་ཡོད་པ་དང་། དེ་བཞིན་དུ་བསམ་ཤེས་ཀྱིས་མི་ཕན་ཚུན་དབར་གྱི་འབྲེལ་བ་ཡར་རྒྱས་གཏོང་བ་དང་། གཞན་གྱི་དཀའ་ངལ་ལ་རོགས་རམ་བྱེད་འདོད་ཀྱི་བསམ་པ་སྐྱེ་བར་ཕན་ཐོགས་ཡོད་པ། དེས་སྤྱི་ཚོགས་ནང་མཐུན་སྒྲིལ་དང་བརྩེ་སེམས་ཆེ་རུ་གཏོང་བར་ཡང་ཕན་ཐོགས་ཆེན་པོ་ཡོད་པའི་སྐོར་དང་། འགན་ཁུར་གྱི་འདུ་ཤེས་ཀྱིས་མི་སྒེར་སོ་སོའི་ཡར་རྒྱས་དང་། སྤྱི་ཚོགས་ཀྱི་བདེ་དོན། ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཕན་ཐོགས་ཆེན་པོ་ཡོད། འདིས་མི་རྣམས་ལ་རང་གི་བྱ་སྤྱོད་ཀྱི་འབྲས་བུར་བསམ་བློ་གཏོང་བ་དང་། དཀའ་ངལ་སེལ་ཐབས་བྱེད་པའི་སེམས་ཤུགས་སྤེལ་བར་ཕན་ཐོགས་ཆེན་པོ་ཡོད་པ་སོགས་དེ་དག་གི་གལ་གནད་སྐོར་ཟབ་རྒྱས་ངོ་སྤྲོད་ཞུས།

ཐེངས་འདིར་གོ་རྟོགས་ལས་རིམ་དེ་སློབ་ཕྲུག་ཚོའི་མི་ཚེ་དང་ཐད་ཀར་འབྲེལ་བ་ཡོད་མེད་དང་།  འཚོ་བའི་ནང་ཕན་ཐོགས་ཡོད་མེད་སྐོར་དྲི་བ་དྲིས་པར། ཚང་མས་ཕན་རླབས་ཆེན་པོ་ཡོད་པའི་སྐོར་གསུངས་པ་མ་ཟད་། ས་གནས་ཚང་མའི་སློབ་ཕྲུག་ཚོས་དོ་དབྱིངས་ཆེན་པོའི་ངང་དྲི་བར་དྲིས་ལན་གྱི་ལས་རིམ་ནང་མཉམ་ཞུགས་ཀྱིས་ཆ་ཤས་ཧ་ཅང་ཡག་པོ་བླངས་ཏེ་དུས་ཚོད་མ་འདང་བའི་དཀའ་ངལ་བྱུང་ཡོད། དཔེར་ན། ལྡི་ལི་བོད་ཁྱིམ་ཉལ་ཁང་དུ་དགོང་དྲོ་ཆུ་ཚོད་ ༧།༣༠ ནས་ལས་རིམ་འགོ་འཛུགས་ཀྱིས་མཚན་མོ་ཆུ་ཚོད་ ༡༢།༠༠ བར་འགོར་ཡོད་པ་དང་། མ་འོངས་པར་ལས་རིམ་འདིའི་རིགས་གང་མང་གོ་སྒྲིག་གནང་ན་ཕན་ཐོགས་ཆེ་སྐོར་གྱི་བསམ་འཆར་འདོན་མཁན་ཡང་བྱུང་།   

ཐེངས་འདིའི་གོ་རྟོགས་ལས་རིམ་གྱི་མཐུན་འགྱུར་གནང་མཁན་ཌེ་ནི་ཌ་རོགས་ཚོགས་ཡིན། །

སྔོན་མ།
བྱང་ཤར་ཁུལ་གྱི་གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་མཇུག་བསྒྲིལ་བ།
ཕྱི་མ།
སྐུའི་གོ་སྟོན་ཆེད་བྱིས་སྒྲུང་རྩོམ་འབྲིའི་གསལ་བསྒྲགས།