
༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༡༦ ནས་ ༢༦ བར་འདི་ག་ཤེས་རིག་བརྡ་ཆད་ཚན་པས་རྒྱ་གར་དབུས་ཁུལ་དུ་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་། སྦན་ད་ར་ནོར་རྒྱས་གླིང་བཅས་སུ་ཐ་སྙད་གོ་རྟོགས་ཀྱི་ལས་རིམ་ཞིག་སྤེལ་ཡོད།
དེ་ཡང་བརྡ་ཆད་ཚན་པའི་ལས་བྱེད་ངག་དབང་བསྟན་འཛིན་ལགས་དང་ཚེ་རིང་དོན་གྲུབ་ལགས་རྣམ་གཉིས་ཀྱིས་ཕྱི་ཟླ་ ༩ ཚེས་ ༡༦ ནས་འགོ་བཙུགས་ཀྱིས་གོང་གསལ་ས་གནས་ཁག་གསུམ་དུ་གཞུང་འབྲེལ་ཕྱོགས་བསྐྱོད་ཞུས་ཡོད་པ་བཞིན་ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་མན་སྤར་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་དང་། ཉིན་རྒྱབ་མན་སྤར་ཕན་བདེ་གླིང་གཞིས་མི་མང་ཚོགས། ཕྱི་ཚེས་ ༢༠ ཉིན་རྒྱབ་ཏུ་གོ་དན་གྷའོ་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་དང་། ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་སྦན་ད་ར་ནོར་རྒྱས་གླིང་གི་གཞིས་མི་མང་ཚོགས། ཕྱི་ཚེས་ ༢༣ ཉིན་གྱི་སྔ་དྲོར་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་འདུས་སྡོད་གཞིས་ཆགས་མང་ཚོགས། དེ་རྗེས་ཅན་དྷ་གྷི་རི་སཾ་བྷོ་ཊ་སློབ་གྲྭའི་དགེ་སློབ་བཅས་ལ་བརྡ་ཆད་ཚན་པ་འཛུགས་དགོས་པའི་དགོས་དམིགས་དང་། བརྡ་ཆད་ཚན་པའི་ལས་དོན་བྱེད་ཕྱོགས། དེ་བཞིན་ད་བར་ལས་གཞི་ཇི་སྤེལ་དང་། ཐ་སྙད་གཏན་འབེབས་ཇི་ཞུས། ཐ་སྙད་གཅིག་གྱུར་གྱི་གལ་གནད་དང་ཐ་སྙད་ཁྱབ་སྤེལ་བྱེད་ཕྱོགས་བཅས་ཀྱི་སྐོར་གློག་སྟོན་བརྙན་རིས་ལམ་ནས་འགྲེལ་བརྗོད་མཐིལ་ཕྱིན་ཞུས་པ་དང་སྦྲགས། དགེ་སློབ་དང་མང་ཚོགས་ལྷན་དུ་དྲི་བ་དྲིས་ལན་གྱི་ལམ་ནས་ཕན་ཚུན་དབར་ཐ་སྙད་གཏན་འབེབས་བྱེད་ཕྱོགས་ཐོག་གོ་རྟོགས་རྒྱ་ཆེར་སྤེལ་ཐུབ་པ་བྱུང་ཡོད། ལས་རིམ་གྱི་སྐབས་སུ་དགེ་སློབ་མང་ཚོགས་ནས་ཀྱང་ཐུགས་སྣང་ཆེན་པོས་བརྡ་ཆད་ཚན་པའི་ལས་གཞིར་བསྔགས་བརྗོད་དང་ལེགས་སྤེལ་ཉེས་འགོག་གི་དགོངས་འཆར་གསུང་མཁན་ཡང་བྱུང་ཡོད་པ་བཅས། །











