ཟླ་རེའི་གསར་འགྱུར།

དགའ་ལྡན་ཕོ་བྲང་གཟེངས་རྟགས་གནང་བ།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ཉིན་བོད་གཞུང་མང་ཡོངས་ཀྱི་མང་གཙོའི་ཉིན་མོ་སྲུང་བརྩིའི་མཛད་སྒོ་དང་སྟབས་བསྟུན། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༠༢ ལོར་བོད་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་ནས་ལོ་ངོ་ ༣༦༠ འཁོར་བའི་དུས་ཆེན་སྲུང་བརྩི་ཞུ་སྐབས། དམིགས་བསལ་ལས་འགུལ་མང་དག་སྤེལ་ཡོད་པའི་ཁོངས་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཆེན་མོའི་ནང་ཚན་རིག་དང་། སྒྱུ་རྩལ། ཚོང་རིག་བཅས་སློབ་ཚན་སྡེ་ཁག་སོ་སོའི་ནང་ནས་སྦྱང་འབྲས་རྩེ་ཕུད་སོན་པའི་སློབ་ཕྲུག་རེར་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་ཞེས་ལོ་ལྟར་གནང་རྒྱུ་འགོ་འཛུགས་ཞུས་ཡོད་པ་དང་། འདི་ལོ་བྱ་དགའ་གནང་ཐེངས་ ༡༣ པ་ཆགས་ཡོད།

གཟེངས་རྟགས་འདིའི་དམིགས་ཡུལ།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་གྱིས་དབུ་འཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་དྲིན་རྗེས་དྲན་དང་། གཞན་ཡང་གཞི་རིམ་སློབ་གྲྭའི་སློབ་ཚན་སྡེ་ཁག་གསུམ་གྱི་ནང་གྲུབ་འབྲས་རྩེ་སོན་སློབ་ཕྲུག་གསུམ་ལ་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ། བོད་ཕྲུག་ཡོངས་ཀྱི་ཤེས་ཡོན་གོང་མཐོར་གཏོང་རྒྱུའི་སེམས་ཤུགས་སྤར་རྒྱུ་དང་མིག་དཔེ་བཟང་པོ་སྟོན་ཐབས་ཆེད་ཡིན་འདུག
ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་བཀའ་ཤག་སྐབས་ ༡༤ པས་ལས་དོན་ཚང་མའི་ནང་ནས་ཤེས་ཡོན་གལ་ཆེ་ཤོས་བརྩིས་གནང་གི་ཡོད་པ་ལྟར་མཐོ་རིམ་སློབ་ཡོན་སྤར་ཆ་གནང་བ་དང་འབྲེལ། དགའ་ལྡན་ཕོ་བྲང་གཟེངས་རྟགས་འདི་བཞིན་སློབ་ཚན་སྡེ་ཁག་གསུམ་གྱི་སློབ་མ་རྩེ་ཕུད་གསུམ་རེ་བྱས་ཏེ་སློབ་ཕྲུག ༩ སྤར་ཆ་གནང་བ་དང་དངུལ་གྱི་བྱ་དགའ་ཡང་སྒོར་ ༥༠༠༠ ནས་སྤར་ཆ་གནང་སྟེ་ཨང་རིམ་དང་པོར་སྒོར་ ༢༠༠༠༠ དང་། ཨང་རིམ་གཉིས་པར་སྒོར་ ༡༥༠༠༠། ཨང་རིམ་གསུམ་པར་ ༡༠༠༠༠ བར་སྤར་ཆ་གནང་ཡོད། འདི་ལོའི་གཟེངས་རྟགས་ཐེངས་ ༡༣ པ་འདི་བཞིན་ཕྱི་ལོ་ ༢༠༡༤ ལོར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནང་གྲུབ་འབྲས་རྩེ་ཕུད་སོན་པ་དགུ་ལ་ལེགས་སྐྱེས་ཕྱག་འཁྱེར་དང་བྱ་དགའ་བཅས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གནང་ཡོད།

རྩེ་ཕུད་སློབ་མ་རྣམས་ཀྱི་ལོ་རྒྱུས་སྙིང་བསྡུས།

སློབ་ཚན་སྡེ་ཁག་གསུམ་ཡོད་པ་ནས་ཨང་དང་པོ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།

ཀ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བསོད་ནམས་བཟང་མོ་ལགས། བརྒྱ་ཆ་ ༩༣་༢ ཐོབ་ཡོད་པ་དང། འདི་ལོ་ཁོ་མོ་ལོ་གཅིག་བར་མཚམས་བསྡད་ཡོད་འདུག
ཁ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་སྒྲོལ་མ་ལགས། བརྒྱ་ཆ་ ༩༣ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་(CMR)མཐོ་སློབ་ཏུ་(BBM)སློབ་སྦྱོང་གནང་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་སྒྲོལ་མ་ལགས། བརྒྱ་ཆ་ ༩༣་༢ ཐོབ་ཡོད་པ་དང་། འདི་ལོ་ཁོ་མོ་ལོ་གཅིག་བར་མཚམས་བསྡད་ཡོད་འདུག

སློབ་ཚན་སྡེ་ཁག་གསུམ་ཡོད་པ་ནས་ཨང་གཉིས་པ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།

ཀ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཁུ་བོད་ཁྱིམ་གྱི་སློབ་མ་འཆི་མེད་རྡོ་རྗེ་ལགས། བརྒྱ་ཆ་ ༩༠་༨ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཧིན་དྷུ་(Hindu)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ཁ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་མ་སུ་རི་བོད་ཁྱིམ་གྱི་སློབ་མ་ལྷ་རོང་ལགས། བརྒྱ་ཆ་ ༩༠་༦ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་མཱ་ཡེ་སོར་ཇེ་ཨེས་ཨེས་ཁྲིམས་ལུགས་(JSS Law College)མཐོ་སློབ་ཏུ་སློབ་སྦྱོང་གནང་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ལྷ་མོ་ཆོས་སྒྲོན་ལགས། བརྒྱ་ཆ་ ༩༣ ཐོབ་ཡོད་པ་དང། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་སེན་ཇོ་སེཕ་ཚོང་རིག་(St.Joseph College of Commerce)མཐོ་སློབ་ཏུ་ (BBM) སློབ་སྦྱོང་གནང་བཞིན་ཡོད།

སློབ་ཚན་སྡེ་ཁག་གསུམ་ཡོད་པ་ནས་ཨང་གསུམ་པ་ལོན་པའི་སློབ་ཕྲུག་རྣམས་གཤམ་གསལ།

ཀ༽ ཚན་རིག་སློབ་ཚན་ཁོངས་ནས་སེ་ལ་ཀུལ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཟླ་སྒྲོན་ལགས། བརྒྱ་ཆ་ ༩༠་༦ ཐོབ་ཡོད་པ་དང་། འདི་ལོ་ཁོ་མོ་ལོ་གཅིག་རིང་བར་མཚམས་བསྡད་ཡོད་འདུག
ཁ༽ སྒྱུ་རྩལ་སློབ་ཚན་ཁོངས་ནས་སྦེལ་ཀོབ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་ཚེ་དབྱངས་ལགས། བརྒྱ་ཆ་ ༩༠་༤ ཐོབ་ཡོད་པ་དང། ད་ལྟ་བྷུན་ཏར་མཐོ་སློབ་ཏུ་(C.T.E Bhuntar)དགེ་རྒན་འོས་སྦྱོང་གི་སློབ་སྦྱོང་གནང་བཞིན་ཡོད།
ག༽ ཚོང་རིག་སློབ་ཚན་ཁོངས་ནས་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་རྟ་མགྲིན་སྒྲོལ་མ་ལགས། བརྒྱ་ཆ་ ༩༠་༨ ཐོབ་ཡོད་པ་དང་། ད་ལྟ་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་ཡོད་པའི་ཏཱ་ལའི་བླ་མ་མཐོ་སློབ་(Dalai Lama Institute) ཏུ་ཚོང་རིག་གི་སློབ་སྦྱོང་གནང་བཞིན་ཡོད་པ་བཅས་སློབ་ཕྲུག་སློབ་སྦྱོང་རྩེ་ཕུད་སོན་པ་རྣམས་ལ་འདི་ལོའི་དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་ཡོད་པ་བཅས།།

སྔོན་མ།
སྲིད་སྐྱོང་གཟེངས་རྟགས་གནང་བ།
ཕྱི་མ།
དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་ལ་སྨན་པའི་དྲ་ཚིགས་དབུ་འབྱེད་གནང་བ།
Menu