༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༨ ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་མ་སུ་རི་བོད་ཁྱིམ་དུ་འཚམས་གཟིགས་གྲུབ་རྗེས། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་མ་སུ་རིར་ཕེབས་འབྱོར་སྐབས་བོད་ཁྱིམ་སློབ་གྲྭས་བཀྲ་ཤིས་རྟེན་འབྲེལ་མཚོན་བྱེད་གྲོ་སོ་ཕྱེ་མར་འདེགས་འབུལ་དང་སྦྲགས་བཀྲ་ཤིས་ཞོལ་པ་འཁྲབ་སྟོན་བཅས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། སྐབས་དེར་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་དག་ལགས་དང་དྲུང་ཆེ་ལས་རོགས། དགེ་ལས་བཅས་ཕེབས་བསུར་བཅར་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཁྱིམ་བཞུགས་མོལ་ཚོགས་ཁང་ནང་བོད་ཁྱིམ་འཛིན་སྐྱོང་ཚོགས་མི་རྣམས་དང་ལྷན་དུ་སྤྱི་ཡོངས་ཀྱི་སློབ་གྲྭའི་གནས་བབ་སྐོར་དང་། ལྷག་པར་མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་ཚོས་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་གྲུབ་འབྲས་ལེགས་སོན་བླངས་པར་རྗེས་སུ་ཡི་རང་དང་། དེ་བཞིན་སློབ་གྲྭའི་དགེ་ལས་ཡོངས་ལ་བསྔགས་བརྗོད་གནང་ཡོད།
དེ་ནས་བོད་ཁྱིམ་ཚེ་རིང་སྒྲོལ་མ་ཚོགས་ཁང་ནང་དགེ་ལས་ཚང་འཛོམས་ཀྱི་ཐོག་མར་སྡེ་ར་ལྡུན་ས་གནས་འགོ་འཛིན་ནོར་བུ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་དང་བོད་ཁྱིམ་དྲུང་ཆེས་ཕེབས་བསུའི་གསུང་བཤད་དང་ལས་བསྡོམས་སྙིང་བསྡུས་སྙན་སེང་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དགེ་ལས་རྣམས་ལ་གསུང་བཤད་གནང་ཡོད།
ཕྱོགས་མཚུངས་ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་མ་སུ་རི་གཏན་སློབ་ཏུ་འཚམས་གཟིགས་བསྐྱངས་ནས་སློབ་སྤྱི་དང་རེག་ཊར་གྱིས་གཙོས་དགེ་ལས་ཡོངས་ལ་གསུང་བཤད་གནང་ཡོད་པ་དང་། མཛད་སྒོའི་མཐའ་མར་སློབ་སྤྱི་ཐག་གཅོད་ཚེ་རིང་ལགས་ཀྱིས་སློབ་གྲྭའི་ལོ་གཅིག་གི་ལས་བསྡོམས་སྙིང་བསྡུས་སྙན་སེང་ཞུས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། བཀའ་ཤག་གི་ལས་འགན་གཙོ་བོ་ནི། དཀའ་ངལ་འོག་ཚུད་པའི་གཞིས་ལུས་བོད་མི་རྣམས་མྱུར་སྐྱོབ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྣམས་སེལ་ཐབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་འོག་གཞིས་བྱེས་བོད་མི་ཚོའི་བཀའ་སྲུང་ཅི་སྒྲུབ་དང་།
མགོན་པོ་གང་ཉིད་ཀྱིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བོད་མི་མང་ཚོགས་ཀྱིས་ཚད་མཐོའི་རྒྱབ་སྐྱོར་ཞུས་དང་ཞུ་མུས་ཡིན་པ་མ་ཟད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོག་གཏན་ལ་ཕབ་པའི་དབུ་མའི་ལམ་ལ་བརྟེན་ནས་རྒྱ་ནག་གཞུང་དང་ལྷན་དུ་འཚེ་མེད་ཞི་བའི་གྲོས་མོལ་བརྒྱུད་བོད་རྒྱ་གཉིས་སྨན་གྱི་ཐབས་ལམ་གཞི་རྩར་བཟུང་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་དང་། དེར་དམིགས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་ནས་བཟུང་དེ་སྔ་ཡོད་བཞིན་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ལ་ཕྲན་བུ་བསྒྱུར་བཅོས་ཀྱིས་འབྲེལ་ཡོད་མཐོ་རིམ་ལས་བྱེད་ཁག་གཅིག་ལ་འགན་བསྐུར་བགྱིས་པའི་ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞིག་གཏན་འཇགས་སུ་བཙུགས་པ་དང་། ཚོགས་ཆུང་དེའི་སློབ་སྟོན་པར་དེ་སྔོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས་དང་བཀའ་ཟུར་བསྟན་པ་ཚེ་རིང་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་བཅས་བསྐོ་གཞག་གནང་ཡོད་པ། ད་ལྟའི་ཆར་བོད་ནང་གི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་གལ་འགངས་ཆེ་བར་བརྟེན་དེའི་ཐོག་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་དང་།
དེ་བཞིན་འཛིན་སྐྱོང་གི་ལས་འགན་གཙོ་བོ་གཞན་ཞིག་ནི། བཙན་བྱོལ་བོད་མི་རྣམས་ཀྱི་དཀའ་ངལ་སེལ་ཐབས་བྱེད་རྒྱུ་དང་། དམིགས་ཡུལ་དེ་ལག་བསྟར་དོན་འཁྱོལ་ཡོང་སླད་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཁག་འཆར་གཞི་ཚད་ལྡན་བཟོ་རྒྱུ་དང་། ལག་བསྟར་ནུས་ཐོན་ཡོང་བར་གཞི་འཛིན་ས་དེ་བཙན་བྱོལ་བོད་མིའི་སྤྱི་ཡོངས་གནས་སྟངས་གསལ་པོར་རྟོགས་ཐུབ་དགོས་ཤིང་། དེ་ལྟར་ཡོང་བར་ཐོག་མར་བོད་མི་བཙན་བྱོལ་བའི་གྲངས་ཇི་ཡོད་ཤེས་དགོས་སྟབས། མི་འབོར་གྲངས་བཤེར་གྱི་ལས་གཞི་ཚད་ལྡན་ཞིག་འགོ་འཛུགས་གནང་ཟིན་ཡོད་སྐོར་གསུངས། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་གྲྭ་ཁག་དྲུག་བོད་མིའི་སྒྲིག་འཛུགས་ཀྱིས་རྩིས་ལེན་གནང་རྒྱུའི་གནད་དོན་དང་། ལྷག་པར་གཏན་སློབ་ཁག་གི་དགེ་ལས་ཡོངས་ལ་ཐུགས་རྗེ་ལེགས་ཕུལ་ཞུས་གནང་ཡོད། མཐར་སློབ་གྲྭའི་རེག་ཊར་ཚེ་རིང་དོན་གྲུབ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་ལེགས་པར་གྲུབ་ཡོད།
དེ་ནས་ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ཤེས་རིག་དྲུང་ཆེ། སཾ་བྷོ་ཊའི་སྤྱི་ཁྱབ་འགན་འཛིན་བཅས་ལྡི་ལི་བརྒྱུད་བྷག་ཌོ་རར་ཕེབས་ཐོན་གནང་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་རྒྱབ་དཔལ་ལྡན་སྲིད་སྐྱོང་མཆོག་ཀ་སྦུག་ཏུ་ཕེབས་འབྱོར་གྱིས་ཁུལ་དེའི་གཏན་སློབ་ཏུ་འཚམས་གཟིགས་དང་མཇལ་འཕྲད་ཁག་གནང་རྒྱུ་ཡིན།
སྤྱིར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་ད་བར་ཉིན་གྲངས་བརྒྱ་ལྷག་ཙམ་ལས་སོང་མེད་ཀྱང་འཛིན་སྐྱོང་གི་ལས་དོན་དང་འབྲེལ་བའི་གནང་སྒོ་ཁག་ཕྱི་གསལ་ནང་གསལ་གནང་བཞིན་ཡོད་པ་དང་། གཞུང་འབྲེལ་ཕྱོགས་ཕེབས་ཆེས་ཐོག་མ་ཉེ་ཆར་ལ་དྭགས་སུ་གནང་བ་དང་། འབྱུང་འགྱུར་མི་རིང་བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་འཚམས་གཟིགས་སུ་ཕེབས་རྒྱུ་དང་། མང་ཚོགས་དང་སློབ་ཕྲུག དེ་བཞིན་གྲྭ་བཙུན་སོགས་ལ་ཐུག་འཕྲད་ཀྱིས་མང་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་དང་། དཀའ་ངལ་རྣམས་ལ་གདོང་ལེན་དང་སེལ་ཐབས་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གནང་སྒོ་ཁག་ཡུལ་དུས་གནས་སྐབས་ལ་གཞིགས་པའི་འཆར་གཞི་བཟོ་བཀོད་གནང་རྒྱུ་དང་། གཞན་ཡང་གཞུང་འབྲེལ་ཕྱོགས་ཕེབས་སྐབས་མི་མང་དང་སློབ་ཕྲུག གྲྭ་བཙུན་སོགས་ཀྱི་དྲི་བ་དང་བསམ་འཆར་ཁག་ལ་སྐབས་བསྟུན་སོ་སོར་གསལ་བཤད་དང་ལན་འདེབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་བཅས།།