ཟླ་རེའི་གསར་འགྱུར།

བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཞི་པ་ཚོགས་པ།

༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱིས་གོ་སྒྲིག་འོག བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བཞི་པ་ཚོགས།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་།ཤེས་རིག་དྲུང་ཆེ་འབུམ་རམས་པ་ངག་དབང་རབ་རྒྱས་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་འཛིན་ཚེ་རིང་བསམ་འགྲུབ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས། ཤེས་རིག་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས། དྷ་སྟེང་བོད་ཁྱིམ་གྱི་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། མ་སུ་རི་བོད་ཁྱིམ་གྱི་ཤེས་ཡོན་འགན་འཛིན་པ་སངས་དོན་གྲུབ་ལགས། བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭའི་སློབ་སྤྱི་ཟུར་པ་ཐར་ལམ་སྒྲོལ་མ་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་པ་དང་། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལྷན་ཚོགས་དང་འབྲེལ་བའི་གསུང་བཤད་གནང་དོན།
ང་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་བསྐོ་བཞག་བྱེད་དུས་རང་ཉིད་གདེང་ཚོད་ཅིག་མ་བྱུང་། བཀའ་ཤག་གི་དགོངས་པ་གང་ལ་བཞེས་པ་ཡིན་ན་བསམ་སོང་། སྤྱིར་བཏང་སློབ་གྲྭ་ཁག་ལ་ལས་དོན་མང་པོ་ཞིག་སྤེལ་བ་དང་། གོང་ས་མཆོག་གིས་བཀའ་སློབ་རིམ་པར་གོ་བའི་ཉམས་མྱོང་ཕྲ་ལ་ཕྲན་བུ་ཡོད་པའི་ཡིན་རྒྱུ་རེད། ཚུར་རེ་བ་རྒྱག་དུས་ཚང་མ་མིན་ཟེར་ན་མི་འགྲིག་པ་ལྟ་བུ་ཞིག་འདུག་པས། གནས་སྐབས་རིང་ཁས་ལེན་བྱས་པ་ཡིན།
ང་ཚོས་ཤེས་ཡོན་དེ་གཏན་ཉིན་སློབ་གྲྭ་ཁག་གཅིག་པུ་ལ་མ་ཡིན་པར་རྒྱ་ཆེ་ས་ནས་དགོངས་པ་བཞེས་དགོས་པར་བསམ་གྱིས་ཡོད། ང་ཚོས་སློབ་སྦྱོང་ག་རེ་བྱས་ནས་སྤྲོད་དགོས་ཀྱི་འདུག དམིགས་ཡུལ་དེ་ལ་དགོངས་པ་བཞེས་དགོས། སློབ་ཕྲུག་གི་གྲངས་འབོར་གཅིག་པུ་མ་ཡིན་པར། ས་གནས་ས་ཐོག་ལ་ཤེས་ཡོན་གྱི་ལས་འགུལ་ག་རེ་སྤེལ་རྒྱུ་འདུག་དེ་ལ་དགོངས་པ་བཞེས་དགོས། དེ་སྔོན་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་མི་ངོས་ནས་ཚོགས་འདུ་ལ་བཅར་སྐབས་སློབ་གྲྭ་ཁག་ལ་དགེ་རྒན་མ་འདང་པའི་དཀའ་ངལ་བཤད་དུས། ང་ཚོ་དགེ་མ་འདང་བའི་དཀའ་ངལ་ཡོད་ན་ཤེས་ཡོན་ཡར་རྒྱས་ཇི་ལྟར་གཏོང་ཐུབ་ཟེར་ནས་བློ་ཕམ་བྱུང་། བསམ་བཞིན་དུ་ཡིན་རྒྱུ་མ་རེད་དེ་མ་བརྟགས་མ་དཔྱད་པའི་སྟེང་ནས་ཤོར་འགྲོ་གི་འདུག་བསམ།
བོད་ཀྱི་རིག་གནས་བཅུ་ཡི་ནང་ནས་བཟོ་རིག་དང་། ནང་ཆོས། གསོ་བ་རིག་པ། མང་པོ་ཞིག་སྣང་ཆུང་དུ་ཤོར་ནས་ཉམས་ཆག་ཏུ་འགྲོ་གི་འདུག བཟོ་རིག་ལས་ཤིང་བཟོ་དང་། ལྷ་བཟོ་ལྟ་བུ་སོགས་ལས་རིགས་བྱེད་མཁན་ལ་ཆེ་མཐོང་ཞིག་སྤྲད་ནས་སེམས་ཤུགས་སྤེལ་བ་དང་། མཐུན་རྐྱེན་སྤྲོད་པའི་སྟེང་ནས་ལས་ཀ་བྱེད་རྒྱུ་ག་རེ་འདུག ཉམས་ཆག་དེ་རྒ་བའི་སྡུག་བསྔལ་ནང་བཞིན་རིམ་གྱིས་ཡོང་གི་ཡོད་སྟབས། ཉམས་ཆག་ཕྱིར་མངོན་པའི་དུས་ཚོད་དེ་ལ་འཕྱི་དྲགས་པ་དང་། དེ་དུས་བྱེད་རྒྱུ་མེད་པ་ཞིག་ཡོང་གི་ཡོད། རིག་གནས་བཅུ་དེ་སློབ་སྦྱོང་སྤྲོད་སྐབས་མི་ལ་ཕན་ཐོགས་པའི་ངོ་བོ་སྟེང་ནས་སྤྲད་ན་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་ཡོང་གི་ཡོད། བཟང་སྤྱོད་ཉམས་རྒུད་དུ་འགྲོ་བ་དེ་ཡང་སློབ་སྦྱོང་སྤྲོད་ཕྱོགས་ཤིག་གི་ངོ་འཕྲོད་ཀྱི་ཡོད་སྟབས། སློབ་སྦྱོང་སྤྲད་དེ་གོ་རྟོགས་སེལ་ནས་རང་གི་ལམ་ཁ་ཞིག་འཚོལ་ཐུབ་པའི་སློབ་སྦྱོང་ཞིག་སྤྲོད་དགོས་ཀྱི་ཡོད་པ་རེད་མ་གཏོགས། དུད་འགྲོ་ལ་སློབ་སྦྱོང་སྤྲད་པ་ལྟ་བུ་ཞིག་མ་ཡིན་པ་དགོས་ཀྱི་འདུག ང་ཚོས་ཅི་ཞིག་བཤད་ཀྱང་བཤད་རྒྱུ་མ་མང་བར་ལག་ལེན་བསྟར་བའི་སྟེང་ལ་དགོངས་པ་བཞེས་དགོས་ཀྱི་འདུག ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ་ལྟ་བུ་མ་ཡིན་པར་ལག་ལེན་བསྟར་བ་ལ་འབད་དགོས། ཞེས་གསུངས།
དེ་ནས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། རྣམ་པ་ཚོས་ཤེས་ཡོན་ལྷན་ཚོགས་ཐེངས་བཞི་པ་འདི་གལ་ཆེན་པོར་རྩིས་ཏེ་ས་ཐག་རིང་པོ་ནས་ཆེད་མངགས་འདིར་འཛོམས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸གོང་ས་མཆོག་གིས་དུས་རྟག་ཏུ་སྲོལ་རྒྱུན་གྱི་ཤེས་ཡོན་དང་དེང་དུས་ཀྱི་ཤེས་ཡོན་འདབ་གཤོག་གཉིས་ལྡན་ཡོང་ཆེད་འབད་བརྩོན་གནང་དགོས་པའི་བཀའ་སློབ་ཕེབས་ཡོད། གཞི་རྩའི་ཤེས་ཡོན་སྲིད་བྱུས་གཙོ་བོ་བྱས་པའི་ཐོག་ནས་གཞི་རིམ་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཚོ་འདབ་གཤོག་གཉིས་ལྡན་ཡོང་ཆེད་ཡར་རྒྱས་གང་འདྲ་གཏང་རྒྱུ་ཡོད་དམ། ད་ལྟའི་སྤྱི་ཚོགས་ནང་གླེང་བཞིན་པ་ནི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཚེ་བོད་ཡིག་ཡར་རྒྱས་འགྲོ་གི་ཡོད་དམ། བོད་ཡིག་ཡར་རྒྱས་ཕྱིན་ཡོད་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་པ་དང་བོད་ཡིག་ཡར་རྒྱས་ཕྱིན་མེད་ན་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད་པར་རྩི་བཞིན་འདུག
ཤེས་ཡོན་སྲིད་བྱུས་ནང་བོད་ཡིག་ཡར་རྒྱས་ཕྱིན་པ་ཙམ་མ་ཟད་སྐད་ཡིག་གཉིས་པ་དེ་ཡང་བོད་ཡིག་ལྟར་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པ་དགོས་ཀྱི་ཡོད། དེ་བཞིན་སྐད་ཡིག་གསུམ་པ་དེ་ཡང་འབྲི་ཀློག་ཤེས་པ་དགོས་ཀྱི་ཡོད། ཅེས་ཧ་ཅང་གསལ་པོ་ཡོད་སྟབས། ཨིན་ཇི་སྐད་ཡིག་ཡར་རྒྱས་ཇི་ལྟར་གཏོང་དགོས་སྐོར་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཡིན་ན་བོད་ཡིག་ཡག་པོ་ཡོད་ཤག་རྩི་བཞིན་ཡོད། དེ་བཞིན་ཨིན་ཇི་དང་ཨང་རྩིས། ཚན་རིག་སོགས་དེ་བཞིན་ཡོད་མེད་མི་ཚང་མས་དོ་སྣང་བྱེད་བཞིན་ཡོད། འདི་ལོའི་འཛིན་རིམ་བཅུ་པའི་གྲུབ་འབྲས་ཡག་ཐག་གཅོད་འདུག་ཅེས་གོ་ཐོས་བྱུང་། འདི་ལོའི་དཔེ་སྟོན་སློབ་གྲྭའི་འཛིན་རིམ་བཅུ་པའི་ཡིག་རྒྱུགས་འཕྲོད་ཚད་བརྒྱ་ཆ་བརྒྱ་ལོན་ཡོད་པ་མ་ཟད། ཆ་སྙོམས་ཀྱི་བརྒྱ་ཆ་ཡང་ ༧༥ ལོན་ཡོད་པར་བརྟེན། སྤྱི་ཡོངས་ནས་ཡར་རྒྱས་འགྲོ་གི་ཡོད་པའི་རྣམ་པ་གསལ་པོ་རེད། ང་ཚོས་ད་དུང་མུ་མཐུད་ཡར་རྒྱས་གཏང་དགོས་པ་གང་ཡོད་པའི་སྐོར་རྣམ་པ་ཚོས་ངེས་པར་དུ་དགོངས་པ་བཞེས་རོགས། ཞེས་ཞུ་རྒྱུ་ཡིན། སཾ་བྷོ་ཊ་བོད་སློབ་ཚོགས་པའི་ཁྱབ་ཁོངས་སློབ་གྲྭ་ཁག་གིས་ཕྱི་ལོ་ ༢༠༠༦ ལོ་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། དེ་བཞིན་བོད་ཁྱིམ་གཉིས་ནས་ཀྱང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། ད་ལྟ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུངས་པ་ལྟར། ཤེས་ཡོན་གྱི་ངོ་བོ་དང་ངོས་འཛིན་གང་འདྲ་བྱེད་ཀྱི་ཡོད་དམ། དེ་གཞིར་བཟུང་ལག་བསྟར་བྱེད་ཐུབ་ཀྱི་ཡོད་དམ། ཞེས་གནད་དོན་འདི་ཚོའི་ཐོག་རྣམ་པ་ཚོས་ཏན་ཏན་གོ་བསྡུར་གནང་གི་རེད་བསམས་ཀྱི་འདུག
དེ་བཞིན་༸གོང་ས་མཆོག་གིས་འཛམ་གླིང་སྤྱི་ཡོངས་ལ་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་བཀའ་སློབ་སྩོལ་བཞིན་ཡོད་པ་མ་ཟད། ཤེས་ཡོན་ལམ་ལུགས་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད། ཅེས་པའི་བརྗོད་གཞི་རགས་ཟིན་གཏན་འབེབས་གནང་ཡོད་སྐོར་བཀའ་སློབ་སྩོལ་བཞིན་ཡོད། ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཚན་ཕྱོགས་སྒྲིག་ཡོད་པ་དེ་བོད་པའི་སློབ་གྲྭ་ཁག་གི་ནང་ག་རེ་བྱེད་ཀྱི་ཡོད་རེད། ཅེས་བརྗོད་པ་ཡིན་ན། ང་ཚོའི་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱེད་ཀྱི་མེད། ད་ཆ་ངོ་སྤྲོད་བྱེད་རྒྱུ་ཡིན། ཞེས་བརྗོད་དགོས་བྱུང་ན་ཕྲན་བུ་འཚེར་པོ་ཡོང་རྒྱུ་རེད། དེར་བརྟེན་རབ་བྱུང་ན་ང་ཚོའི་སློབ་གྲྭ་ཁག་གི་ནང་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སྐོར་སློབ་ཚན་ལག་བསྟར་གནང་ཐུབ་པ་ཡིན་ན། ཡག་པོ་ཡོད་རེད་སེམས་ཀྱི་འདུག སློབ་ཚན་དེ་ང་ཚོ་བོད་པའི་སློབ་ཕྲུག་ཚོར་འཇུག་པོ་ཡོད་རེད་དྲན་གྱི་འདུག བོད་པ་ཡིན་པའི་ཆ་ནས་བཟང་སྤྱོད་རང་ཆས་སུ་ཡོད། ང་ཚོས་དུས་རྟག་ཏུ་ཡ་རབས་བཟང་སྤྱོད་སྲུང་བཞིན་ཡོད།
འོན་ཀྱང་སློབ་ཚན་འཁྲིད་ནས་སློབ་ཕྲུག་ཚོར་ངེས་པ་རྙེད་ཐུབ་པ་དང་། མ་འོངས་པར་མི་འཇོན་པོ་ཁོ་ན་མིན་པར་མི་བཟང་པོ་ཞིག་བྱུང་བ་ཡིན་ན། ཤེས་ཡོན་སྲིད་བྱུས་གཞིར་བཟུང་འདབ་གཤོག་གཉིས་ལྡན་ཆགས་ཀྱི་ཡོད། དར་བརྟེན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་འདི་གལ་ཆེན་པོ་རྩི་རོགས་གནང་ཞུ་རྒྱུ་ཡིན། ཨ་རིའི་ཨེ་མོ་རི་གཙུག་ལག་སློབ་གྲྭ་དང་བོད་ཀྱི་དཔེ་མཛོད་ཁང་གཉིས་ཐུན་མོང་གིས་རགས་ཟིན་བཟོས་པའི་ཐོག་ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༧ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་རྟེན་གཞི་བྱས་པའི་ཤེ་ར་ཊོན་གསོལ་མགྲོན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་བགྲོ་གླེང་ལྷན་ཚོགས་ཚོགས་ཡོད། དེར་བརྟེན་ང་ཚོའི་སློབ་གྲྭ་ཁག་གི་ནང་ལག་བསྟར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག ཅེས་ཞུ་རྒྱུ་ཡིན། ཤེས་ཡོན་ལྷན་ཚོགས་རང་དབང་ཡོད་པའི་ཐོག་ནས་སྔར་ལྷག་ཚགས་ཚུད་པོ་ཇི་ལྟར་གནང་དགོས་འདུག ཤེས་ཡོན་སྲིད་བྱུས་ལག་བསྟར་ཚགས་ཚུད་པོ་ཇི་ལྟར་གནང་དགོས་འདུག དེ་བཞིན་མཐོ་རིམ་སློབ་གྲྭར་འགྲིམས་བཞིན་པའི་སློབ་ཕྲུག་རྣམས་ལ་ཆོས་རིག་ལས་ཁུངས་ནས་ནང་ཆོས་ངོ་སྤྲོད་གནང་གི་ཡོད་ཀྱང་དེའི་ཐོག་ཤེས་ཡོན་ལྷན་ཚོགས་ནས་གང་གནང་རྒྱུ་འདུག་དེའི་ཐོག་བཀའ་བསྡུར་གཏིང་ཟབ་པོ་ཡོང་གི་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།
སྤྱིར་ཐེངས་འདིའི་ལྷན་ཚོགས་ཐོག་སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ་དང་། ཤེས་ཡོན་རྟོག་ཞིབ་སྐབས་ཀྱི་རྟོག་ཞིབ་པས་ལམ་སྟོན་གནང་ཕྱོགས་ཀྱི་རྩ་འཛིན་ལམ་སྟོན་དང་འབྲེལ་བའི་སྐོར། ༸གོང་ས་མཆོག་གི་སྲོལ་གཏོད་ལམ་སྟོན་བཞིན་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་སློབ་སྤེལ་གནང་ཕྱོགས་ཇི་དགེའི་སྐོར། བོད་ཁྱིམ་གཉིས་དང་སམ་བྷོ་ཊ་ཁྱབ་ཁོངས་སུ་ཤེས་ཡོན་སྲིད་བྱུས་ལག་བསྟར་ཐོག་ཤུགས་སྣོན་བསྐྱོན་ཕྱོགས་ཇི་དགེའི་སྐོར། གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག་གི་བོད་ཡིག་གནས་ཚད་གོང་མཐོར་གཏོང་ཏབས་ཇི་དགེའི་སྐོར། སྐད་ཡིག་གཉིས་པ་ཨིན་ཡིག་སློབ་ཁྲིད་འགོ་འཛུགས་གནང་རྗེས་ཚགས་ཚུད་གཏོང་ཐབས་ཇི་དགེའི་སྐོར་སོགས་ཀྱི་གྲོས་གཞིའི་ཐོག་བཀའ་བསྡུར་གྱིས་ལག་བསྟར་གནང་ཕྱོགས་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ཀྱི་སྒྲིག་ཞུགས་མ་ཡིན་པའི་ཉམས་ཞིབ་པའི་བྱིས་པའི་འཁྲབ་སྟོན་བརྙན་སྡེར་དབུ་འབྱེད་གནང་བ།
ཕྱི་མ།
བྱང་ཨ་རིའི་གཟའ་མཇུག་སློབ་གྲྭའི་སློབ་དེབ་དབུ་འབྱེད་གནང་།