ཟླ་རེའི་གསར་འགྱུར།

བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པའི་ཟབ་སྦྱོང་ལེགས་གྲུབ་བྱུང་བ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༧ ནས་ ༡༡ བར་ཉིན་གྲངས་ལྔའི་རིང་དྷ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་ནང་འདི་ག་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭ་ཁག་གི་མདུན་ལམ་སློབ་སྟོན་པ་རྣམས་ལ་ཟབ་སྦྱོང་གོ་སྒྲིག་ཞུས།
དེ་ཡང་ཕྱི་ཚེས་ ༧ ཉིན་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་ཟུང་དྲུང་སྒྲོལ་དཀར་དབང་མོ་ལགས་ཀྱིས་ཟབ་ཁྲིད་པ་དང་ཟབ་སྦྱོང་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག ཉིན་གྲངས་ལྔའི་རིང་གི་ཟབ་སྦྱོང་སྐོར་ངོ་སྤྲོད་སྙིང་བསྡུས་གནང་གྲུབ་མཚམས། ཨིན་ཌི་ཡ་ཨེཀ་སེ་པི་རེ་ཤེན་ India Expression ཞེས་པའི་ཚོགས་པ་དེའི་ཟབ་ཁྲིད་པ་ལྕམ་སྐུ་ཨུ་ཤ་ཨཱ་ནནྡཱ་ Mrs. Usha Anand ལགས་དང་ལྕམ་སྐུ་ཨ་སི་ཐཱ་ཤར་མ་ Mrs. Astha Sharma ལགས་རྣམ་གཉིས་ངོ་སྤྲོད་གནང་བ་དང་ལྷན། ཚོགས་པ་དེའི་ངེས་སྟོན་པ་སྐུ་ཞབས་ཇི་ཏེན་དར་ནཱག་པཱལ་ Dr. Jitendar Nagpal ལགས་སོགས་ལ་ཤེས་རིག་ལས་ཁུངས་ཀྱིས་ཐུགས་རྗེ་ཆེ་ཞུས་ཡོད།
དེ་རྗེས་ཟབ་སྦྱོང་བ་རྣམས་ནས་རིམ་བཞིན་སོ་སོའི་ངོ་སྤྲོད་གནང་རྗེས་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་མཆོག་གིིས། དེང་དུས་སྤྱི་ཚོགས་ཁྲོད་འགྲན་སེམས་དང་རྣམ་གཡེང་སོགས་ཧ་ཅང་འཁྲུག་ཆ་དོད་པོའི་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་སློབ་ཕྲུག་ཚོར་མདུན་ལམ་ཡང་དག་པ་ཞིག་སྟོན་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། སློབ་ཕྲུག་ཚོས་རང་ཉིད་ཀྱི་མདུན་ལམ་ལ་འཕྲད་བཞིན་པའི་དཀའ་ངལ་སེལ་ཆེད་ཁྱད་ལས་པའི་ལམ་སྟོན་ངེས་པར་དུ་དགོས་པ་དང་། ཁྱད་ལས་པ་དེ་ཡང་སློབ་ཕྲུག་ཚོས་ཡིད་ཆེས་བྱེད་ཆོག་པའི་སེམས་ཐག་ཉེ་པོ་ཞིག་ངེས་པར་དུ་དགོས། དེ་ལྟ་བུ་བྱུང་ན་སློབ་ཕྲུག་ཚོས་རང་གི་དཀའ་ངལ་རྣམས་གསལ་པོར་བརྗོད་ཐུབ་རྒྱུ་དང་། དཀའ་ངལ་དེ་དག་ལ་གཞི་བཅོལ་བའི་ལམ་སྟོན་ཞིག་མདུན་ལམ་སློབ་སྟོན་པས་སྤྲོད་ཐུབ་པ་བྱུང་ན་སློབ་ཕྲུག་ཚོའི་དཀའ་ངལ་རྣམས་སེལ་ཐུབ། ཅེས་གསུངས་པ་མ་ཟད། ལྷག་པར་དྲུང་ཆེས་མདུན་ལམ་སློབ་སྟོན་པ་རྣམས་ལ་དང་དོད་ཆེན་པོའི་ཐོག་ནས་སློབ་ཕྲུག་ཚོ་དང་ཐད་ཀར་འབྲེལ་བ་ཡོད་པའི་སློབ་གྲྭའི་དགེ་ཆེ་རྣམས་དང་། སློབ་དགེ ཕ་ཚབ་མ་ཚབ། དེ་བཞིན་ཉིན་སློབ་ཡིན་ན་ཕྲུ་གུའི་ཕ་མ། དེ་བཞིན་སློབ་གྲྭའི་ལས་བྱེད་རྣམས་དང་གོ་བསྡུར་གནང་སྟེ་ཕྲུ་གུའི་ལུས་སེམས་ཀྱི་འཚར་ལོངས་དང་འབྲེལ་བའི་དཀའ་ངལ་ཡོད་པ་དེ་དག་སེལ་ཐབས་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་དང་། དེ་བཞིན་མདུན་ལམ་སློབ་སྟོན་པ་ཚོས་ཕྲུ་གུའི་མདུན་ལམ་ཐོག་ལམ་སྟོན་བྱ་རྒྱུ་ཙམ་མིན་པར་ཕྲུ་གུའི་བསམ་བློའི་འཕྲོད་བསྟེན་ཡག་པོ་ཞིག་བཟོ་ཐུབ་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས།
ཐེངས་འདིར་དེང་རབས་ཚན་རིག་གི་སེམས་ཁམས་རིག་པ་དང་ནང་ཆོས་ནས་གསུངས་པའི་སེམས་ཁམས་རིག་པ་གཉིས་ཟུང་འབྲེལ་ཐོག་ནས་ཟབ་སྦྱོང་གོ་སྒྲིག་ཞུས་པ་དང་། ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་ནི་ཕྲུ་གུར་ཉེས་རྡུང་གཏོང་རྒྱུའི་ཚབ་ལ་ཐབས་ལམ་གཞན་གང་ཡོད་མེད་དང་། སློབ་ཕྲུག་ནང་ཁུལ་ཐུབ་ཚོད་དང་བརྙས་བཅོས་རིགས་འགོག་ཐབས། ཉལ་ཐ་སོགས་འགོག་ཐབས་བྱ་རྒྱུའི་ཐབས་ལམ་སྐོར་སློབ་ཁྲིད་གནང་བ་དང་།
དེ་བཞིན་ནང་ཆོས་ནས་གསུངས་པའི་སེམས་ཁམས་རིག་པའི་རྣམ་གཞག་སྐོར་ས་རཱ་བོད་ཀྱི་མཐོ་སློབ་ཀྱི་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་ལགས་ཀྱིས་སློབ་ཁྲིད་གནང་བ་དང། ཁོང་གིས་སྒོམ་གྱི་གོ་དོན་དང་དགོས་པ། ཞི་གནས་ལ་བློ་སྦྱོང་ཚུལ། ལུས་རྣམ་སྣང་གི་ཆོས་བདུན་ལྡན་སྐོར། དེ་བཞིན་བློ་སྦྱོང་ཚིགས་བརྒྱད་མ་བཅས་ཀྱི་སྐོར་ལ་སློབ་ཁྲིད་གནང་ཡོད།
གཞན་ཡང་ཉིན་ལྔའི་ཟབ་སྦྱོང་སྐབས་ཟབ་སྦྱོང་བ་རྣམས་ལ་ནང་མོལ་གོ་བསྡུར་བྱེད་རྒྱུ་དང་། ཚན་པ་ཆ་བགོས་ཀྱིས་བགྲོ་གླེང་བྱེད་རྒྱུ། དེ་བཞིན་ཀམ་པུ་ཊར་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་སོགས་ཐབས་ལམ་རིགས་འདྲ་མིན་འོག་ཟབ་ཁྲིད་གནང།
ཐེངས་འདིར་ཟབ་སྦྱོང་དུ་བོད་ཁྱིམ་སློབ་གྲྭ་དང་། སམ་བྷོ་ཊ་བོད་སློབ་ཚོགས་པ། ནང་སྲིད་ཁྱབ་ཁོངས་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་དང་། ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་པ་བཅས་ཟབ་སྦྱོང་བ་ཁྱོན་མི་གྲངས་ ༡༥ མཉམ་ཞུགས་གནང་ཐུབ་པ་བྱུང། འོན་ཀྱང་བལ་ཡུལ་དང་སེ་ལ་ཀུའི་བོད་ཁྱིམ་ནས་མདུན་ལམ་སློབ་སྟོན་པ་རྣམས་ཕེབས་ཐུབ་མེད། ཟབ་སྦྱོང་ཆེད་མཐུན་འགྱུར་གནང་མཁན་སུ་ཝི་ཌེན་གྱི་རོགས་ཚོགས་ SOIR-IM ཡིན་འདུག

སྔོན་མ།
ཀ་སྦུག་གཏན་སློབ་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་མཇུག་བསྒྲིལ་བ།
ཕྱི་མ།
དྷ་ཤོད་བོད་ཁྱིམ་སློབ་གྲྭའི་རྩེད་འགྲན་ཐེངས་ ༢༣ པ་དབུ་འཛུགས་གནང་།