ཟླ་རེའི་གསར་འགྱུར།

མཐོ་སློབ་ཁག་གི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་བ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་མཐོ་སློབ་ཀྱི་སློབ་མ་རྣམས་ལ་མདུན་ལམ་སློབ་སྟོན་གནང་རྒྱུ་ནི་ཤེས་རིག་ལས་ཁུངས་ཀྱི་རྒྱ་ཁྱབ་ལས་གཞི་ཁག་གི་རྣམ་གྲངས་ཤིག་ཡིན་པ་མ་ཟད། རྣམ་གྲངས་དེ་ནི་ཕྱི་ལོ་ ༢༠༠༨ ནས་བཟུང་དབུ་འཛུགས་གནང་བ་ཞིག་ཡིན། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༡༡ ནས་ ༡༣ བར་ཤེས་རིག་ལས་ཁུངས་ཀྱི་མདུན་ལམ་སློབ་སྟོན་ཚན་པའི་འགན་འཛིན་སྒྲོལ་དཀར་དབང་མོ་ལགས་དང་། ལས་རོགས་པདྨ་ནོར་སྐྱིད་ལགས་གཉིས་ཅན་དྷི་གྷར་དང་། ཇཱ་ལན་དྷར་ས་གནས་གཉིས་སུ་ཆེད་ཕེབས་ཀྱིས་མཐོ་སློབ་འདྲ་མིན་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་བཞིན་ཡོད།
    ཐེངས་འདིའི་འབྲེལ་ཡོད་མདུན་ལམ་སློབ་སྟོན་པ་ལས་བྱེད་གཉིས་ཀྱིས་སློབ་ཕྲུག་རྣམས་ལ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་། གཞུང་འབྲེལ་གནས་ཚུལ་གསར་པ་ཁག་བརྒྱུད་བསྒྲགས་དང་། ལས་རིགས་འདྲ་མིན་ཐོག་ཆེད་ལས་སློབ་སྦྱོང་བྱ་དགོས་པའི་གལ་འགངས་རང་བཞིན། མཐོ་སློབ་ཐོན་རྗེས་མདུན་ལམ་སོགས་ལ་འཆར་གཞི་སྒྲིག་སྟངས། ཤེས་རིག་གི་སློབ་ཡོན་ཐོབ་སྟངས་དང་དེའི་བརྒྱུད་རིམ། ཀུན་སྤྱོད་སློབ་གསོ། ནུས་པ་ལྡན་པའི་སློབ་སྦྱོང་བྱེད་སྟངས་ཀྱི་ཐབས་ལམ། མི་རིགས་ཀྱི་ངོ་བོ་དང་དེའི་འགག་མཚམས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐོར་དང་གཞུང་ཞབས་གསར་པ་ཇི་ལྟར་གསར་འདེམས་བྱ་ཚུལ། རང་ཉིད་ངོ་སྤྲོད་ཀྱི་ལོ་རྒྱུས་མདོར་བསྡུས་ཇི་ལྟར་འབྲི་དགོས་ཚུལ་དང་། བཅར་འདྲིར་ལན་འདེབས་དང་གདོང་ལེན་ཇི་ལྟར་བྱ་དགོས་ཚུལ་སོགས་ཀྱི་བརྗོད་གཞིའི་ཐོག་ལན་སྟོན་གསུང་བཤད་གནང་རྒྱུ་། དེ་བཞིན་སློབ་སྟོན་པ་གཉིས་ནས་སློབ་ཕྲུག་རྣམས་ལ་མདུན་ལམ་དང་རིག་རྩལ་དཔྱད་ཞིབ་དང་འབྲེལ་བའི་ཚོད་ལྟའི་འགེངས་ཤོག་ཤིག་ཀྱང་བཀང་འཇུག་གི་ཡོད་པ་མ་ཟད།
    མདུན་ལམ་སློབ་སྟོན་འཕར་མ་དང་དམིགས་བསལ་དགོས་མཁན་སློབ་ཕྲུག་རྣམས་ལ་སྒེར་སོ་སོར་ཟུར་དུ་ལམ་སྟོན་གནང་གི་ཡོད། བརྙན་འཕྲིན་རྒྱུས་སྟོན་དང་། རུ་ཁག་ཆ་བགོས། གྲོས་བསྡུར། བྱེད་སྒོ། དེ་བཞིན་དྲི་བ་དྲིས་ལན་བཅས་ནི་མདུན་ལམ་སློབ་སྟོན་པ་གཉིས་ཀྱིས་མདུན་ལམ་ལམ་སྟོན་བརྒྱུད་བསྒྲགས་གནང་སྐབས་ཀྱི་སྤྱོད་བཞིན་པའི་ཐབས་ལམ་རྣམས་ཡིན། འདས་པའི་ཆར། ཤེས་རིག་ལས་ཁུངས་ནས་བོད་པའི་མཐོ་རིམ་སློབ་ཕྲུག་མང་ཤོས་གནས་སྡོད་བྱེད་སའི་གྲོང་དང་གྲོང་ཁྱེར་ཆེ་ཁག་བྷ་རོ་ཊ་དང་། ཝི་ཇཱེ་ཝ་ལ། བྷེང་ལོར། མཱེ་སོར། པུ་ནི། ཅན་དྷི་གྷར། དིལླཱི། ཇཱ་ལན་དྷར། ཆེ་ནཱཡི། སིམ་ལ། སྡེ་ར་ལྡུན་བཅས་སུ་སློབ་ཕྲུག་རྣམས་ལ་མདུན་ལམ་དང་འབྲེལ་བའི་ཟབ་སྦྱོང་དང་ལམ་སྟོན་གནང་ཡོད། དེ་བཞིན་མོན་གྷོ་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ལྷོ་ཁུལ་ཡན་ལག་མདུན་ལམ་སློབ་སྟོན་ཚན་པས་ཀྱང་ལྷོ་ཕྱོགས་ཁུལ་དུ་མཐོ་སློབ་འདྲ་མིན་འགྲིམ་བཞིན་པའི་སློབ་ཕྲུག་རྣམས་ལ་མདུན་ལམ་སློབ་སྟོན་གནང་གི་ཡོད།

སྔོན་མ།
དགའ་ལྡན་ཕོ་བྲང་གི་གཟེངས་རྟགས་གནང་བ།
ཕྱི་མ།
༄༅། །འཇམ་དཔལ་དབྱངས་ཀྱི་བསྟོད་པ་གང་བློ་མའི་རྣམ་བཤད་ཤེས་རབ་མིག་འབྱེད།