ཟླ་རེའི་གསར་འགྱུར།

མཚར་གཏམ། སྡེ་ཚན་དང་པོ།

སོག་པོ་དཔེ་ཆ་བ་གསར་པ།

རཀ་ར་རིན་པོ་ཆེ།

༄༅། །སྔོན་སོག་པོའི་གྲྭ་པ་ཞིག་འབྲས་སྤུངས་དགོན་པར་ནང་ཆོས་སྦྱོང་བར་སླེབས། ཁོང་བོད་སྐད་ཡག་པོ་ཤེས་ཀྱི་མེད་ཀྱང་དགེ་རྒན་གྱིས་རྟགས་གསལ་གྱི་འགྲོ་སྟངས་ཁོ་ནའི་ཐོག་ནས་ཁོང་ལ་བཀའ་མོལ་གནང་གི་ཡོད། ཉིན་གཅིག་རྒན་ལགས་ཀྱིས་ཁོང་ཁྲོམ་ལ་སྔོ་ཚལ་ཉོ་བར་བཏང༌། ཁོང་ཁྲོམ་དུ་འབྱོར་སྐབས་གཡག་གི་ལྕི་བ་ཚོང་མཁན་ཨ་མ་ཞིག་ཐུག་པས། གྲྭ་པ་དེས། ཨ་མ་ལགས། གཡག་གི་བཙོག་པ་ལ་རིན་གོང་ག་ཚོད་རེད། ཅེས་དྲིས། ཨ་མ་དེས། འོ་རྫི། སྐུ་ཞབས་ལགས། འདི་འདྲ་གསུངས་མ་གནང༌། འདི་གཡག་གི་བཙོག་པ་མ་རེད། ལྕི་བ་རེད། ཅེས་ཞུས། གྲྭ་པ་དེས། ཨ་མ་ལགས་ལྕི་བ་ཡིན་ན་བཙོག་པ་མ་ཡིན་པ་ཐལ། ཞེས་རྟགས་གསལ་གྱི་འགྲོ་སྟངས་ཐོག་ནས་དྲིས་པས། ཨ་མ་ལགས་དེ་ནི་རྟགས་གསལ་གྱི་འགྲོ་སྟངས་རྩ་བ་ནས་མཁྱེན་གྱི་མེད་པས། སྐུ་ཞབས་ལགས་དེ་ཐང་ཐང་རང་མི་འདུག་བསམས་ནས། འོ་ཡིན། དེ་ལྕི་བ་ཡིན། བཙོག་པ་མ་ཡིན་ཁྱེད་རང་ཐལ་ན་ཐལ། ཞེས་ལབ་པས་གཡས་གཡོན་གྱི་མི་རྣམས་གད་མོ་དབང་མེད་དུ་ཤོར་ཞིང༌། སོག་པོའི་གྲྭ་པ་དེ་ལ་ཅི་ཡང་ཤོད་རྒྱུ་མ་རྙེད་པར་སྔོ་ཚལ་ཉོ་བར་སོང་ངོ༌། །

བསོད་ནམས་དཔལ་འཛོམས་དགོས་སམ།

རཀ་ར་རིན་པོ་ཆེ།

    ཡང་སོག་པོ་དཔེ་ཆ་བ་དེས་དེ་རིང་ཁ་ལག་ཞིམ་པོ་ཞིག་བཟོ་དགོས་བསམས་ནས། ཚལ་འཚོང་མཁན་ཨ་ཅེ་ཞིག་གི་འགྲམ་ལ་སོང་སྟེ་ཚལ་མང་པོ་ཉོས་ནས་ཕྱིར་ལོག་གྲབས་བྱེད་སྐབས། ཨ་ཅེ་དེའི་སེམས་སུ་དེ་རིང་ཚོང་ཡག་པོ་བྱུང་སོང་བསམས་ཏེ་དགའ་ཐག་ཆོད་ནས། སྐུ་ཞབས་ལགས། ཨ་ལེ་བསྒུག་གནང་དང༌། བསོད་ནམས་དཔལ་འཛོམས་རིན་མེད་ལ་འཁྱེར་གནང༌། ཞེས་ཞུས་པར་སོག་པོའི་གྲྭ་པ་དེས་བསོད་ནམས་དཔལ་འཛོམས་ཟེར་ན་ཚལ་གྱི་མིང་ཡིན་པ་མ་ཤེས་པར། དེ་ལས་ལྡོག་སྟེ་བུ་མོ་ཞིག་འཁྲིད་ཟེར་གྱི་འདུག་བསམས་ནས། ཧུ་ཡི་ཧུ་ཡི། ཨ་ཅེ་ལགས་སྐུ་མཁྱེན། རྣམ་རྟོག་བསླངས་མ་གནང༌། འ་རང་གྲྭ་པ་གྲྭ་རྐྱང་ལ་བསོད་ནམས་དཔལ་འཛོམས་ལས་ཀྱང་ལྷག་པ་བུ་མོ་ལྷ་ཡི་སྲས་མོ་འདྲ་བ་ཞིག་ཡིན་ཡང་དགོས་ཀྱི་མེད་ཅེས་བཤད་པར་ཨ་ཅེ་དེས། འོ་རྫི་སྐུ་ཞབས་ལགས་ངས་ལྷ་ཡི་སྲས་མོ་ཟེར་གྱི་མེད། ཁྱེད་རང་སྐུ་ཞབས་ཡིན་ནའང་སྔོ་ཚལ་བསོད་ནམས་དཔལ་འཛོམས་མཆོད་ཆོག་དང་ཆོག ཚལ་འདི་ཞོ་དང་མཉམ་དུ་མཆོད་ན་ཞིམ་པོ་ཞེ་དྲག་ཡོད་རེད། ཅེས་ཕྲན་བུ་ཞིག་ཕུལ་སྐབས་གྲྭ་པ་དེ་ནི་དེ་བས་ངོ་ཚ་ནས། ཧུ་ཡི༌༌༌༌ཧུ་ཡི༌༌༌༌༌ ཨ་ཅེ་ལགས་ཁྱེད་རང་སྡིག་པ་བསགས་མ་གནང༌། ཞེས་རྗོད་བཞིན་མགྱོགས་མྱུར་ཤག་ཏུ་བྲོས་སོང་བས་དེར་ཡོད་པའི་མི་རྣམས་གད་མོ་ཤོར་རོ། །

མཆོད་ཀོང་ཆེ་བར་གཟིགས་རོགས།

ཆུང་སྒྲོན།

    ཉིན་གཅིག་ཆོས་སེམས་ཅན་གྱི་གྲོགས་པོ་གཉིས་མཆོད་མཇལ་དུ་བསྐྱོད་པ་རེད། གྲོགས་པོ་གཅིག་ལ་དངུལ་གྱི་མཆོད་ཀོང་ཆེན་པོ་ཞིག་འཁྱེར་རྒྱུ་ཡོད་པ་དང་། གཞན་དེར་རྫའི་མཆོད་ཀོང་ཆུང་ཆུང་ཞིག་ལས་འཁྱེར་རྒྱུ་མེད། གཙུག་ལག་ཁང་ནང་འབྱོར་སྐབས་དངུལ་གྱི་མཆོད་ཀོང་ཆེན་པོ་འཁྱེར་བའི་གྲོགས་པོ་དེས་ཁ་འདོན་མ་ཤེས་སྟབས། རྟེན་ཡོད་སར་མཆོད་ཐིགས་རྒྱག་གིན་ལ་སྨོན་ལམ་རྒྱུན་མི་ཆད་པར་འདོན་གྱིན་སོང་བ་རེད། མཆོད་མཇལ་གྲུབ་སྐབས་དངུལ་གྱི་མཆོད་ཀོང་ཆེན་པོ་ཡོད་པ་དེས་རང་གི་གྲོགས་པོའི་སྨོན་ལམ་དེ་དག་ཐོས་པས་བློ་མ་བདེ་བ་ཆགས་ཏེ། ཡང་བསྐྱར་གཙུག་ལག་ཁང་ནང་བསྐྱོད་དེ་རྟེན་གཙོ་ཡོད་སར་བཅར་ཏེ། ལག་གཉིས་ཐལ་མོ་སྦྱར་ནས། དཀོན་མཆོག་གིས་མཁྱེན། ཁ་བདེ་བར་མ་གཟིགས་པར། མཆོད་ཀོང་ཆེ་བར་གཟིགས་རོགས་གནང༌། ཞེས་སྨོན་ལམ་བཏབ་པ་རེད།

ཁུར་པོ་ངས་འཁྱེར་རོགས་ཞུས་ཆོག

དགའ་སོག་དཀོན་མཆོག་རྒྱ་མཚོ།

    ཧ་ཅང་མཐོ་བའི་རི་ཆེན་པོ་ཞིག་གི་སྟེང་རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེར། བགྲེས་སོང་ཞིག་རྒྱབ་ཏུ་ཁུར་པོ་རྡོག་རྡོག་ཅིག་འཁྱེར་ནས་ཕེབས་བཞིན་པ་བོད་མིའི་ཡ་རབས་སྤྱོད་བཟང་ལ་གོམས་པའི་སློབ་བུ་རྒྱ་མཚོས་མཐོང་མ་ཐག ཁོ་པའི་སེམས་ནང་ངས་བགྲེས་སོང་ཁོང་ལ་ཁུར་པོ་འཁྱེར་རོགས་བྱས་ནས། ངེད་གཉིས་མཉམ་དུ་རི་བོའི་ཕ་མཐར་འགྲོ་དགོས་སྙམ་པ་དང་སྦྲགས། བགྲེས་སོང་ཁོང་གི་རྗེས་སུ་བརྒྱུགས་ནས་གུས་ཞབས་དང་བཅས་སྤོ་བོ་ལགས། ཁྱེད་ཀྱིས་རྒྱབ་ཀྱི་ཁུར་པོ་དེ་ང་ལ་སྤྲོད་དང་ངས་འཁྱེར་རོགས་ཞུས་ཆོག ཅེས་ལབ་པར་བགྲེས་སོང་ཁོང་ནི་གདོང་པ་ནག་པོར་འགྱུར་ཏེ་ཁོང་ཁྲོའི་རྣམ་པ་དང་བཅས། སྤྲང་ཕྲུག་ཁྱོད་ག་རེ་ལབ་ཀྱི་ཡོད། རང་ཚོད་བཟུང་ན་ཡག རྒན་ཁོགས་ལ་བརྙས་བཅོས་བྱས་མ་ཡོང་ཨ། ཞེས་བཤད་པར་རྒྱ་མཚོས་ཨ་ཁྱད་མཚར། ངས་སྐད་ཆ་ཡག་པོ་བཤད་ཀྱང་བགྲེས་སོང་ཁོང་འདི་འདྲའི་ཁོང་ཁྲོ་ཟ་དགོས་དོན་གང་ཡིན་ནམ་སྙམ་སྟེ། ལམ་དུ་འགྲོ་ཡིན་བརྟག་དཔྱད་བྱས་མཐར། བགྲེས་སོང་ཁོང་གི་ཁུར་པོ་ཞིག་མིན་པར་ཁོང་རང་ཆུང་བྱིས་པའི་དུས་ནས་ལྷན་སྐྱེས་ཀྱི་ཤ་རྡོག་ཅིག་ཡིན་པ་གཞི་ནས་ཤེས་ཚོར་བྱུང་བས་རང་ཉིད་ངོ་ཚ་དགོས་པ་ཞིག་བྱུང་བ་རེད།

ས་རྡོ་ཡོད་དགོས་བྱུང༌།

དགའ་སོག་དཀོན་མཆོག་རྒྱ་མཚོ།

    ཐེངས་གཅིིག་འབྲོག་པ་ཁ་བདེ་པོ་ཞིག་ཡོད་པ་དེ་ཞིང་པའི་གྲོང་དུ་མར་དང་ཕྱུར་བ་འཁྱེར་ནས་དེ་དག་ནས་དང་བརྗེ་བར་ཡོང་བ་རེད། ཁོ་པ་སྲང་ལམ་ཞིག་དུ་དེ་དག་བརྗེ་ཡིན་སྡོད་སྐབས། ཞིང་པའི་བུ་མོ་ཞིག་དང་ཕྲད་པར་ཁོ་པས་མར་ཕྱུར་དེ་དག་བུ་མོ་དེར་ཚོང་རྒྱུ་བྱས་པ་རེད། བུ་མོ་དེས་མར་ཕྱུར་ནང་སྤུ་མང་པོ་འདུག་པས་རིན་གོང་ཆུང་དུ་གཏོང་རོགས་ཞེས་ལབ་པར་འབྲོག་པ་དེས། རིན་གོང་ཆུང་དུ་གཏོང་རྒྱུ་གཏན་ནས་མེད། མར་དང་ཕྱུར་བ་གཉིས་ནང་སྤུ་ཡོད་དགོས་བྱུང། འོ་མ་ནི་སྤུ་ཅན་འབྲི་མོ་ནས་བཞོས་པ་ཡིན་པས་སྤུ་ནི་ཡོད་ཡོད་པ་རེད། ཁྱེད་ཀྱི་མར་ཕྱུར་འདི་དག་ཚང་མའི་རིན་པར་འབྲུ་རྒྱ་མ་ཉིས་བརྒྱ་ཁྱེར་ཤོག་བརྗེ་པོ་བརྒྱབ་ཆོག ཅེས་བཤད་པར་བུ་མོས་འཛུམ་ཞིག་བསྟན་ནས་རང་ཉིད་ཀྱི་ནང་དུ་ནས་ལེན་པར་སོང༌། བུ་མོས་སྒྱེ་མོའི་ནང་ནས་རྒྱ་མ་བརྒྱ་དང་ལྔ་བཅུ་དང་ས་རྡོ་རྒྱ་མ་ལྔ་བཅུ་བླུགས་ཏེ། རྒྱ་མ་ཉིས་བརྒྱ་ཏག་ཏག་བཟོས་ཏེ་འཁྱེར་སོང་ནས་འབྲོག་པ་དེར་སྤྲད། འབྲོག་པས་ནས་ལ་གཅིག་བལྟས་ཏེ་ནས་འདིའི་ནང་ས་རྡོ་མང་པོ་འདུག ང་ལ་ས་རྡོ་མེད་པའི་ནས་ཤིག་སྤྲོད་རོགས། ཞེས་བཤད་པར་བུ་མོས་ཁྱེད་ཀྱི་མར་ཕྱུར་གཉིས་སྤུ་ཡོད་ཆོག་པ་བཞིན། ངའི་ནས་འདི་ཡང་ས་རྡོ་དང་ལྡན་པའི་ཞིང་ཁ་ནས་བླངས་པ་ཞིག་ཡིན་པས་ས་རྡོ་ཡོད་ཡོད་པ་རེད། ས་རྡོ་མེད་པའི་ནས་ཤིག་ང་ལ་སྤྲོད་རྒྱུ་མེད། ཅེས་བཤད་པས་འབྲོག་པ་དེར་ཅི་ཡང་ཤོད་རྒྱུ་མེད་པར་གྱུར་ཏེ། རང་གི་མར་ཕྱུར་རྣམས་ཕར་སྤྲད་དེ། ས་རྡོ་མང་བའི་ནས་དེ་རྣམས་ཚུར་བླངས་ཏེ་རང་ཡུལ་དུ་ཁྱེར་ནས་ལོག་དགོས་བྱུང་བ་རེད།

དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ།

ཀུན་རྣམ་གྱིས་བསྒྱུར།

    མི་ཞིག་གིས་རང་གི་བོང་བུ་བརླགས་པ་ཤེས་རྗེས་ལམ་སང་ལྷ་ཁང་ཡོད་སར་བརྒྱུགས་སོང་ནས་སྐད་ཆེན་པོས། དཀོན་མཆོག་མཁྱེན། ད་རེས་ཡིན་ན་དཀོན་མཆོག་གི་བཀའ་དྲིན་རང་ཡིན། དེ་མིན་ན་ང་ཚར་ཚར་བ་རེད། དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་སྨོན་ལམ་འདེབས་བཞིན་ཡོད་པ་ཉེ་འཁོར་དུ་ཡོད་པའི་མི་རྣམས་ཀྱིས་ཐོས་མ་ཐག་མི་དེ་ཚོས་ཁོ་པར་བརྗོད་གསལ། འོ་ཛི་བོང་བུ་བརླགས་ནའང་ད་དུང་ཁྱོད་རང་དཀོན་མཆོག་ལ་ཐུགས་རྗེ་ཆེ་ཞུ་དགོས་དོན་གང་ཡིན་ནམ། ཞེས་དྲིས་པར་མི་དེས་ལམ་སང༌། ཡིན་དང་ཡིན། སྟབས་ལེགས་པ་ཞིག་ལ་ངས་དེ་རིང་བོང་བུ་དེར་བཞོན་མེད། དེ་མ་གཏོགས་ང་རང་ཡང་བོང་བུའི་མཉམ་དུ་བོར་བརླག་ཤོར་ཚར་བ་རེད། འདི་དག་ཚང་མ་དཀོན་མཆོག་རང་གིས་གཟིགས་པ་ཐག་ཆོད། བྱས་ཙང་ང་རང་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད། ཅེས་བརྗོད།

ལྐུགས་པ་གསུམ།

ཀུན་རྣམ།

    པཱ་ལགས་ཀྱིས་རང་གི་བུ་ལ་གསུངས་དོན། བུ་དོན་གྲུབ་རང་གཅིག་ཤོད་དང༌། ངས་བུ་ཁྱོད་རང་ཨང་རྩིས་ཡག་ཉེས་ག་འདྲ་འདུག་ཚོད་ལྟ་ཞིག་བྱས་ཆོག ད་ཡག་པོ་བྱས་ནས་ཉོན་ཨ། གཅིག་གི་སྟེང་ལ་གཉིས་བསྡོམས་པ་ཡིན་ན་ཐོབ་གྲངས་ག་ཚོད་རེད་དམ། ཅེས་དྲིས་པར་བུ་དོན་གྲུབ་ཀྱིས་འདི་ངས་བརྩི་ཤེས་མ་སོང༌། ཞེས་ལབ་པར། ཡང་པཱ་ལགས་ཀྱིས། མ་རེད་ཡག་པོ་བྱས་ཉོན་ཨ། འདི་ལས་སླ་པོ་ཞེ་དྲག་རེད། དཔེར་ན་ངའི་སྒང་ལ་བུ་ཁྱེད་རང་གི་ཨ་མ་ལགས་དང་ད་དུང་བུ་ཁྱེད་རང་བསྡོམས་པ་ཡིན་ན་ཁྱོན་བསྡོམས་ཐོབ་གྲངས་ག་ཚོད་རེད་དམ་ལབ་ཀྱི་ཡོད། ལྐུགས་པ། ཞེས་བརྗོད་པར་བུ་དེས་ལམ་སང༌། རེད་པཱ་ལགས། ད་རེས་ངས་ཡག་པོ་ཤེས་སོང༌། དེ་ལྟར་བསྡོམས་པ་ཡིན་ན་ཐོབ་གྲངས་ལྐུགས་པ་གསུམ་རེད། ཅེས་ལན་བཏབ་པ་རེད།

རང་ས་དོར་ནས་གཞན་སར་རྩོད་པ།

བསྟན་འཛིན་བཟང་མོ།

    ནམ་དུས་དགུན་ཁ་ཟིན་པ་དང་དྷ་སའི་འབྱོར་ལྡན་པ་རྣམས་ཁང་པ་གསར་རྒྱག་གི་ལས་བྲེལ་འགོ་ཚུགས། དེ་དང་ལྷན་དུ་གྲོང་པ་ཕན་ཚུན་གྱི་བར་ལ་ས་ཆ་ལག་མཐིལ་ཙམ་རེའི་དོན་དུ་འཁྲུག་འཛིང་རྒྱུན་མི་ཆད་པར་ཡོང་བཞིན་ཡོད། ཉིན་གཅིག་གྲོང་པ་ཁྱིམ་མཚེས་གཉིས་ས་ཆའི་ཐོག་ལ་མ་འཆམ་པར་འཁྲུག་པ་ཆེན་པོ་ཤོར་བ་མ་ཟད། ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བཞིན་ངག་ནས་ཀྱང༌། ས་ཆ་འདིའི་ཆེད་ང་འཆི་སྲོག་ལ་ཐུག་ཀྱང་འགྱོད་པ་སྤུ་ཙམ་མེད། ཅེས་ཧ་ལམ་ལག་འཛིང་གཏོང་ལ་ཉེ་བའི་སྐབས་སུ། ཨར་ལས་བྱེད་མཁན་གྱི་ཁྲོད་ན་ལོ་ན་གང་ཙམ་སོན་པའི་རྒྱ་གར་བ་ཞིག་ཡོད་པ་དེ་ཁོང་ཁྲོའི་རྣམ་པ་དང་བཅས། ཁྱེད་ཚོ་ང་རྒྱལ་འདི་ལྟར་གནང་དགོས་དོན་མི་འདུག གལ་ཏེ་འཐབ་རྩོད་དེ་འདྲ་ཞིག་བྱེད་ཐུབ་ན་ཁྱེད་ཚོའི་དགྲ་བོ་རྒྱ་མིར་བྱོས་དང༌། དེའི་ལག་པར་ཁྱེད་ཚོ་རང་ཉིད་ཀྱི་ས་ཆ་ངོ་མ་དེ་ཡོད་རེད། དེ་མིན་ང་ཚོའི་ས་ཆའི་སྟེང་ལ་ངའི་ས་དང་ཁོའི་ས་ཆ་ཞེས་ཉིན་ལྟར་རྒྱག་རེས་རྒྱག་གིན་བསྡད་ན་དཀའ་ལས་ཁག་རོགས་རེད། ཅེས་བརྗོད་པས་ཁོང་རྣམ་གཉིས་ངོ་གདོང་དམར་པོར་གྱུར་ཏེ་ཁ་ཡང་གྲགས་རྒྱུ་མེད་པར་གྱུར་པ་རེད།

ཨང་དང་པོ་རྒན་ལགས་ཀྱི་བུ་རེད།

སེམས་བཟང༌།

    པཱ་ལགས་ཀྱིས་རང་གི་བུ་ལ་ཡག་པོ་ཞིག་བལྟས་ཏེ། བུ་བློ་བཟང་རང་ག་དུས་ཡིན་ན་ཡང་སློབ་སྦྱོང་ཡག་པོ་བྱེད་ཀྱི་འདུག་པས་ང་རང་སྤོབས་སེམས་དང་དགའ་པོ་འདུག འོན་ཀྱང་ད་རེས་སློབ་ཕྲུག་གཞན་ཚོར་གཟིགས་གསོལ་རག་ཐུབ་སར་ཁྱེད་རང་ལ་མི་ཐོབ་པ་གང་ཡིན་ནམ། ཞེས་གསུངས་པར་བུ་བློ་བཟང་གིས། པཱ་ལགས་ད་རེས་ཀྱི་གཟིགས་གསོལ་དེ་གནང་སྐབས་ངའི་མཚམས་སུ་སླེབས་པ་དང་ཏག་ཏག་རྫོགས་སོང༌། ཞེས་ཞུས། ཡང་པཱ་ལགས་ཀྱིས་བྱས་ན་བུ་རང་ལ་སློབ་ཕྲུག་གཞན་ཚོས་བརྗོད་གསལ་ལྟར་ན། བློ་བཟང་ནི་ང་ཚོའི་འཛིན་གྲྭའི་ནང་སློབ་སྦྱོང་ཡག་ཤོས་དེ་རེད། ཅེས་ལབ་ཀྱི་འདུག་པ་བཞིན་དངོས་གནས་ཡག་ཐག་ཆོད་སྦྱོང་གི་འདུག་ག ཡིན་ནའང་བུ་རང་ལ་ཨང་དང་པོ་ཐོབ་མྱོང་ཧ་ལམ་མེད་པ་ལྟ་བུ་ཆགས་འདུག་པས་ག་རེ་བྱས་པ་རེད་དམ། ཞེས་དྲིས་པར། བུ་བློ་བཟང་གིས་ལམ་སང་ཧང་སངས་སངས་ངང་ནས། ཨང་དང་པོ་ག་པ་ག་པ། པཱ་ལགས། ཨང་དང་པོ་དེ་རྒན་ལགས་ཀྱི་བུ་ཡིན་ཡིན་པ་རེད། ཅེས་བརྗོད།

སྐྱེ་བ་ཕྱི་མ།

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་བསྒྱུར།

    ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འགྲམ་ན་རྐང་ལམ་ཕྲ་མོ་ཞིག་ཡོད་པ་དེར་བཙུན་པ་ཞིག་ཕེབས་བཞིན་པའི་སྐབས། རྔོན་པ་ཞིག་གིས་ཝ་མོ་བསད་པའི་རོ་རང་གི་ཕྲག་པར་ཁུར་ཡོང་བ་དང་ཐུག བཙུན་པ་དེས། འོ་ཛི། ཁྱེད་ཀྱིས་སེམས་ཅན་གྱི་སྲོག་གཅོད་མི་རུང༌། གལ་ཏེ་ཚེ་འདིར་གཅན་གཟན་གྱི་སྲོག་བཅད་པ་ཡིན་ན། སྐྱེ་བ་ཕྱི་མར་རང་ཉིད་གཅན་གཟན་གྱི་སྐྱེ་བ་ལེན་རྒྱུ་ཐག་ཆོད། ཅེས་གསུངས་པར་རྔོན་པ་དེས་བསམ་བློ་ཞིབ་ཙམ་བཏང་རྗེས། སྐུ་ཞབས་ལགས། ད་ལྟ་ཁྱེད་རང་གིས་གསུངས་པ་དེ་རྣམས་བདེན་པ་རེད་དམ། ཞེས་ནན་ཏན་གྱིས་དྲིས་པར། བཙུན་པ་དེས། དེ་ནི་དངོས་གནས་བདེན་པ་ཡིན་དགོས་བྱུང༌། ཞེས་གསུངས་པར། རྔོན་པའི་སེམས་ནང་སྡུག་བསྔལ་ཆེན་པོ་བྱུང་སྟེ། མིག་ཆུ་ཡང་ཤོར།
    དེའི་རྗེས་རྔོན་པ་དེ་གློ་བུར་དུ་ཡར་ལངས་ནས་མདའ་གཞུ་བཀང་སྟེ་ཁ་ཚུར་བསྐོར་ནས་བཙུན་པ་དེར་བཙུགས་པ་དང༌། བཙུན་པ་དེ་ནི་ཞེད་ཐག་ཆོད་ནས། ག་རེ་བྱེད་ཀྱི་ཡོད། ག་རེ་བྱེད་ཀྱི་ཡོད། ཅེས་ལབ་པར། རྔོན་པས་རང་གི་ལུས་པོ་འདར་སིག་སིག་ངང༌། སྐུ་ཞབས་ལགས། ཁྱེད་ཀྱིས་གསུངས་པ་དེ་བདེན་པ་ཡིན་ན། ངས་ཁྱེད་རང་ལ་མདའ་བརྒྱབ་སྟེ་བཀྲོངས་ན་ང་སྐྱེ་བ་ཕྱི་མར་གཅན་གཟན་དུ་མི་སྐྱེ་བར་ཁྱེད་རང་འདྲ་བའི་སྐུ་ཞབས་ཤིག་གི་ལུས་ལེན་ཐུབ་ངེས་རེད། ཅེས་ལབ་བོ། །

གཤིན་རྗེ་ཆོས་རྒྱལ་བསྙུངས་པ།

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་བསྒྱུར།

    ཐེངས་ཤིག་གཤིན་རྗེ་ཆོས་རྒྱལ་བསྙུངས་ནས་མལ་སར་ལུས་པས། གཤིན་རྗེའི་ཡུལ་གྱི་ཨེམ་ཆི་སུ་འདྲ་ཞིག་གིས་ཀྱང་སྨན་བཅོས་དང༌། དེ་བཞིན་རིམ་གྲོ་ཞུས་ཀྱང་ཕན་ཐོགས་མ་བྱུང་བར་བརྟེན། མི་ཡུལ་དུ་ཕོ་ཉ་ཁ་ཤས་ཤིག་ཨེམ་ཆི་མཚན་སྙན་གྲགས་ཅན་ཞིག་འཚོལ་དུ་གཏོང་རྒྱུར་ཐག་གཅོད་བྱུང༌། ཕོ་ཉ་བ་ཚོས། མི་ཡུལ་གྱི་ཨེམ་ཆི་མཚན་སྙན་གྲགས་ཅན་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་བ་ཡིན་མིན་གཤིན་རྗེ་ཆོས་རྒྱལ་ལ་བཀའ་འདྲི་ཞུས་པར། གཤིན་རྗེ་ཆོས་རྒྱལ་གྱིས། དེ་ལས་སླ་པོ་རེད། སྒོ་ཁར་གཤིན་པོའི་རྣམ་ཤེས་མི་བའི་སྨན་བཅོས་ཁང་དང་ཨེམ་ཆི་ཞིག་ཡོད་ན། དེ་ནི་མི་ཡུལ་གྱི་ཨེམ་ཆི་མཚན་སྙན་གྲགས་ཅན་ཞིག་ཡིན་པ་ཐག་ཆོད། ཅེས་བཀའ་སྩལ་ཏེ་བཏང་ངོ༌། །
    དེ་ནས་གཤིན་རྗེའི་ཕོ་ཉ་རྣམས་མི་ཡུལ་དུ་སླེབས་པ་དང་སྦྲགས། ཨེམ་ཆི་གང་སར་བཙལ་པས་སྒོ་ཁར་གཤིན་པོའི་རྣམ་ཤེས་མི་འཁོར་བའི་སྨན་བཅོས་ཁང་ནི་གཅིག་ཀྱང་མ་རྙེད། དེ་ནས་མུ་མཐུད་གང་སར་འཚོལ་བར་སོང་བས། གང་ཙམ་ནས་སྲང་ལམ་ཀྱག་ཀྱོག་ཅིག་གི་ཕུ་ན་སྒོ་ཁར་གཤིན་པོའི་རྣམ་ཤེས་མི་འཁོར་བའི་སྨན་བཅོས་ཁང་ཞིག་རྙེད་པས། གཤིན་ཡུལ་གྱི་ཕོ་ཉ་རྣམས་ཀྱིས་སེམས་པར། ད་འདིའི་ནང་དངོས་གནས་མི་ཡུལ་གྱི་མཚན་སྙན་གྲགས་ཅན་གྱི་ཨེམ་ཆི་ཞིག་ཡོད་པ་ཐག་ཆོད་སྙམ་ནས་དེའི་ནང་དུ་འཛུལ། དེ་ན་ཨེམ་ཆིར་སྒུག་གིན་བསྡད་ཡོད་པའི་ནད་པ་ཞིག་ཡོད་པ་དེར། སྨན་བཅོས་ཁང་དེའི་ཨེམ་ཆི་དེ་སྙན་གྲགས་ཅན་ག་འདྲ་ཞིག་ཡིན་མིན་སྐད་ཆ་དྲིས་པར། ནད་པ་དེས་ཁོང་ཚོར། འདི་ནི་ཁ་སང་དེ་རིང་རང་སྨན་བཅོས་ཁང་གསར་པ་སྒོ་ཕྱེ་མ་ཐག་པའི་ཨེམ་ཆི་ཞིག་རེད་ཅེས་ལབ་བོ། །

ཚོང་པ་དང་སྤྱང་ཀི

ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་བསྒྱུར།

    སྔ་མོ་ཡུལ་ཞིག་ན་ཚོང་པ་གཡོ་ཅན། སེར་སྣ་ཤིན་ཏུ་ཆེ་བ། ཁེ་བཟང་ལེན་མཁས་པོ་ཞིག་ཡོད། དེར་མི་རྣམས་ཀྱིས་མི་ཁྲག་འཐུང་མཁན་དང་། མི་ཤ་བཟའ་མཁན་ཞེས་ཟུར་ཟ་བྱེད་ཀྱི་ཡོད། ཉིན་གཅིག་ཚོང་པ་དེ་མི་མེད་ལུང་སྟོང་གི་ལམ་ཕྲན་ཞིག་བརྒྱུད་ཚོང་ལ་འགྲོ་སྐབས། གློ་བུར་དུ་སྤྱང་ཀི་ཞིག་ཁོའི་སྟེང་དུ་མཆོངས་ཏེ། ཁོ་པའི་སྐེ་ལ་སོ་བརྒྱབ་ནས་བཟུང་བས། ཚོང་པ་དེ་ནི་འཇིགས་སྣང་ཚད་ལས་འདས་པ་སྐྱེས་ཏེ་སྤྱང་ཀི་དེར། ངས་ཚེ་གང་རིང་སེར་སྣ་བྱས་སྟབས་ཟས་ཞིམ་པོ་ཁམ་གང་ཡང་བཟའ་མ་མྱོང་པས། ངའི་ཤ་ནི་དེ་བས་ཞིམ་པོ་མེད་པ་ཐག་ཆོད་པས་ང་གཏོང་རོགས་གནང༌། ཞེས་རེ་བ་ག་ཚོད་བཏོན་རུང༌། སྤྱང་ཀིས་མ་ཉན་པར་ཚོང་པ་དེར། ཁྱོད་སྐྱག་རྫུན་མ་ཤོད། ངས་གོ་ཚུལ་ལ་ཁྱོད་ཀྱིས་མི་ཁྲག་འཐུང་བ་དང་མི་ཤ་ཟ་བཞིན་འདུག་ཟེར་བས། ཁྱོད་ཀྱི་ཤ་མི་ཞིམ་ན་གཞན་སུའི་ཤ་ཞིམ་ཟེར་ནས་ཚོང་པ་དེ་བསད་ནས་བཟས་སོ། །
གོང་གསལ་གསུམ་འདི་རྣམས་ཡོན་ཏན་རྒྱ་མཚོ་དང་གུ་རུ་མཚོས་ཉི་ཧོང་གི་སྒྲུང་ནས་བསྒྱུར།

སྐར་གྲངས་ ༡༠༠ ཐོབ་བྱུང༌།

སེམས་བཟང༌།

    ཨ་མ་བསམ་སྐྱིད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བུ་བསོད་ནམས་ལ་བྱམས་སྐྱོང་ཆེན་པོ་གནང་གི་ཡོད་པ་མ་ཟད། བུ་རང་སློབ་སྦྱོང་ཡག་པོ་བྱས་ན་དེས་འགྲིག་གི་འདུག ཅེས་ནང་ལས་སོགས་གཅིག་ཀྱང་བསྐུལ་གྱི་མེད། གང་ཙམ་ནས་བུ་བསོད་ནམས་ཀྱིས་ལོ་འཁོར་ཡིག་རྒྱུགས་རན་པར་ཨ་མས་རང་གི་བུར་རེ་བ་ཆེན་པོ་བྱེད་ཀྱི་ཡོད་ལ། བུ་རང་ཨང་ཀི་ཐོབ་པ་བྱེད་དགོས་ཞེས་ཡང་ཡང་བརྗོད་ཀྱི་ཡོད། དེའི་རྗེས་བུས་ཡིག་རྒྱུགས་བཏང་ཟིན་པས་ཨ་མས། བུ་ཡིག་རྒྱུགས་གང་འདྲ་བྱུང་སོང་ངམ། སྐར་གྲངས་ག་ཚོད་ཐོབ་བྱུང་ངམ། ཞེས་དྲིས་པར་བུས་ལམ་སང༌། ཨ་མ་ལགས། ངའི་སྦྱངས་འབྲས་ལ་སྐར་གྲངས་ ༡༠༠ ཐོབ་བྱུང་ཞེས་ཞུས་པ་ཨ་མས་ཐོས་མ་ཐག ཨ་མ་ནི་དགའ་ཐག་ཆོད་དེ་རང་གི་བུ་ལ་བསྟོད་བསྔགས་རྫོགས་མེད་བྱས། གང་ཙམ་ནས་ཨ་མས་བྱས་ན་བུ་རང་གི་སློབ་ཚན་ཚང་མར་སྐར་གྲངས་ ༡༠༠ རེ་ཐོབ་པ་རེད་དམ། ཞེས་དྲིས་པར་བུ་དེས། དེ་འདྲ་ག་པ་ག་པ། ཨང་རྩིས་ལ་སྐར་གྲངས་ ༡༡ དང་། ཚན་རིག་ལ་སྐར་གྲངས་ ༢༡ སྐད་ཡིག་ལ་སྐར་གྲངས་ ༢༣ དབྱིན་ཡིག་ལ་སྐར་གྲངས་ ༢༥ སྤྱི་ཚོགས་རིག་གནས་ལ་སྐར་གྲངས་ ༢༠ བཅས་ཁྱོན་བསྡོམས་སྐར་གྲངས་ ༡༠༠ རེད། ཅེས་ཞུས་པར་ཨ་མ་ཧང་སངས་ཏེ་སྡོད་པ་ལས་བྱ་ཐབས་མ་བྱུང་བ་རེད།

ཁྱི་གླེན་པ་ཁོ་ལྟར།

ཀུན་རྣམ་གྱིས་བསྒྱུར།

    ཉིན་གཅིག་ཤེས་ཡོན་ཅན་ཞིག་གིས་ཁྲོམ་དུ་ཤ་ཉོ་བར་སོང་། ནང་དུ་ལོག་ཡོང་སྐབས་རང་གི་ལག་ཏུ་འཁྱེར་ཡོད་པའི་ཤ་དེ་ཁྱི་ལྟོགས་པ་ཞིག་གིས་ཕྲོགས་ནས་བྲོས་ཕྱིན་པ་རེད། ཤེས་ཡོན་ཅན་དེས་ཁྱི་དེའི་རྗེས་འདེད་མ་བྱས་པར་རྒྱང་ནས་ཁྱི་དེའི་རྗེས་ལ་བལྟས་ནས། ཁྱི་དེ་ནི་དངོས་གནས་གླེན་པ་རང་རེད་འདུག ཤ་དེ་རྗེན་པ་རེད། ཁྱོད་ཀྱིས་ཇི་ལྟར་ཟའམ། ཞེས་བརྗོད་ནས་རང་ཁྱིམ་དུ་ལག་པ་སྟོང་པར་ལོག་དགོས་བྱུང༌། ཁྱིམ་དུ་སླེབས་རྗེས་རང་གི་བཟའ་ཟླའི་ས་ནས་དངུལ་བླངས་ཏེ་ཡང་བསྐྱར་ཤ་ཉོ་བར་འགྲོ་རྩིས་བྱེད་སྐབས། བཟའ་ཟླས་ཁང་པ་སྦུག་ལ་འཛུལ་ནས་དངུལ་ལེན་པར་འགྲོ་སྐབས་དངུལ་སྒམ་དེ་རྐུན་པོས་བརྐུས་སྟབས། དངངས་སྐྲག་སྐྱེས་པ་དང་སྦྲགས་དངུལ་སྒམ་རྐུན་པོས་བརྐུས་ཚར་འདུག ཅེས་ངུས་པ་རེད། ཤེས་ཡོན་ཅན་དེས། ཁྱི་གླེན་པ་ཁོ་ལྟར་རེད། དངངས་སྐྲག་དང་ངུ་རྒྱུ་ག་རེ་འདུག དངུལ་སྒམ་གྱི་ལྡེ་མིག་ཁྱེད་རང་གི་སྐེ་རགས་ལ་བཏགས་ཡོད་པ་མ་རེད་དམ། ཞེས་བརྗོད།

ནང་དུ་སླེབས་རྗེས་ཤོད་དགོས།

ཀུན་རྣམ་གྱིས་བསྒྱུར།

    པཱ་ལགས་ཀྱིས་རླངས་འཁོར་གྱི་ལག་འཁྱེར་ཉོས་རྗེས་བུ་ཁྲིད་ནས་ཕྱིར་ཐོན། ལམ་བར་དུ་བུས་རང་གི་མདུན་དུ་དངོས་པོ་ཞིག་ཟགས་པ་དེ་ཡར་བསྒྲུགས་ནས། པཱ་ལགས། གཟིགས་དང་ང་ལ་དངུལ་ཁུག་འདི་རྙེད་བྱུང༌། ཞེས་བརྗོད་པ་དེ་མདུན་གྱི་མི་དེས་ཐོས་རྗེས་ཁ་ཕྱིར་བསྐོར་ནས། འོ་ཛི་དངུལ་ཁུག་འདི་ངའི་རེད། ད་ལྟ་རང་ཟགས་འདུག ཅེས་བརྗོད་པ་དང་དངུལ་ཁུག་དེ་ཕར་བླངས་ཏེ་སོང་ངོ༌།  །དེའི་རྗེས་པཱ་ལགས་དེས་རང་གི་བུ་ལ་གཅིག་གཞུས་ནས། ལྐུགས་པ་ཁྱོད། རྗེས་སུ་དངོས་པོ་རྙེད་ན་ཁྱིམ་དུ་སླེབས་རྗེས་ཤོད་དགོས། ཞེས་གཤེ་གཤེ་ཚོད་མེད་བཏང་བ་རེད། དེའི་རྗེས་ཕ་བུ་གཉིས་མུ་མཐུད་ལམ་དུ་བསྐྱོད་ནས་མི་རིང་བར་པཱ་ལགས་ཀྱིས་གོས་ཀྱི་ཁུག་མའི་ནང་ནས་ཐ་མག་འདོན་སྐབས་རླངས་འཁོར་གྱི་ལག་འཁྱེར་དེ་ཟགས་པ་རེད། བུས་ལྐོག་ཏུ་ཡར་བསྒྲུགས་ནས་སྐད་ཆ་གང་ཡང་ཤོད་མ་ནུས་པར་མུ་མཐུད་བསྐྱོད། རླངས་འཁོར་འབབ་ཚུགས་སུ་སླེབས་སྐབས་པཱ་ལགས་ཀྱིས་རླངས་འཁོར་གྱི་ལག་འཁྱེར་དེ་བོར་བ་ཤེས་པས་དངངས་སྐྲག་ངང་ག་ཚོད་བཙལ་ཡང་མ་རྙེད་པས་ལག་འཁྱེར་དེ་མར་བཏོན་ནས། པཱ་ལགས་རླངས་འཁོར་ལག་འཁྱེར་འདིར་ཡོད། ཅེས་བརྗོད་པར་པཱ་ལགས་ཁོང་ཁྲོ་ལངས་ཏེ། ད་གིན་རླངས་འཁོར་གྱི་ལག་འཁྱེར་འཚོལ་སྐབས་ཁྱེད་ཀྱིས་མ་བཤད་པ་གང་ཡིན་ནམ། ཞེས་བརྗོད་པར་བུ་དེས། པཱ་ལགས་ཀྱིས་དངོས་པོ་རྙེད་ན་ཁྱིམ་དུ་སླེབས་རྗེས་ཤོད་དགོས་གསུངས་བྱུང་བས། དེ་དུས་ཁྱིམ་དུ་སླེབས་རྒྱུ་རེད། ངས་ད་ལྟ་ཁྱིམ་དུ་སླེབས་མ་ཐག་ཞུས་པ་ཡིན། ཞེས་བརྗོད་དོ། །

འབྲོག་པས་ཡི་ཙེ་ཉོས་པ།

འབྲས་སྒོ་མང་མཛོད་དགེ་དགེ་འདུན།

    སྔོན་འབྲོག་རྒན་ཞིག་ལ་གྲོགས་པོ་ལས་བྱེད་ཅིག་ཡོད་པ་དེ་འབྲོག་སར་ངོ་ཐུག་ཏུ་ཡོང་བས་ཁོ་རང་གཉིས་དགའ་སྤྲོ་ཆེན་པོ་བྱུང་བ་རེད། དེའི་དགོང་མོ་གྲོགས་པོ་ལས་བྱེད་དེས། དེ་རིང་ཡིན་ན་འབྲོག་པའི་ས་ཆར་མེད་པའི་ཁ་ལག་ཅིག་བཟོ་ཡི་ཡིན་ཟེར་ནས། ཞོག་ཁོག་ཡག་ཐག་ཆོད་བཙོས་ནས་ཁོ་གཉིས་ཀྱིས་བཟས་པས་ཞིམ་པོ་བྱུང་བ་རེད། འབྲོག་རྒན་དེས། གྲོགས་པོ་ལགས། ཁ་ལག་འདིའི་མིང་ལ་ག་རེ་ཟེར་བ་རེད་དམ། ཞེས་དྲིས་པར་ལས་བྱེད་དེས་ཀུ་རེ་དང་སྦྲགས། འདིའི་མིང་ལ་ཕི་ཙོའོ་ཟེར། ཞེས་ལབ། ཕི་ཙོའོ་ནི་རྒྱ་སྐད་ཡིན་ཞིང་བོད་སྐད་ལ་ཡི་ཙེ་ཟེར། འོན་ཀྱང་འབྲོག་རྒན་ཁོང་གི་དེ་གང་ཡིན་མི་ཤེས་ཀྱང་ད་དུང༌། དངོས་གནས་ཕི་ཙོའོ་ཟེར་བའི་ཁ་ལག་འདི་ཞིམ་པོ་འདུག་ག ཞེས་བརྗོད། དེ་ནས་ཉིན་ཤས་རྗེས་འབྲོག་རྒན་དེ་རྫོང་ཐོག་ཏུ་སོང་ནས་ཚོང་པ་ཞིག་ལ། ང་ལ་ཕི་ཙོའོ་ལྔ་དྲུག་ཅིག་ཚོང་རོགས། ཞེས་ལབ་ཏེ་རྡོག་རྡོག་ལྔ་དྲུག་ཅིག་ཉོས་ནས་དེ་དག་འཁྱེར་ཏེ་འབྲོག་སར་ལོག་ཡོང༌། འབྲོག་སར་སླེབས་སྐབས་མུན་རུབ། ཁོས་རང་གི་ཆུང་མར། དོ་དགོང་ཡིན་ན་ངས་ང་ཚོ་འབྲོག་པའི་ས་ཆར་མེད་པའི་ཁ་ལག་ཅིག་བཟོ་ཆོག ཅེས་ལབ་ནས་ཡི་ཙི་རྡོག་རྡོག་དེ་དག་ཧ་ཡང་ནང་བླུགས་ཏེ་བཙོས་པ་རེད། གང་ཙམ་ནས་ཁ་ཕྱེ་ཏེ་ལྟ་དུས་ཡི་ཙེ་གང་ཙམ་བཞུར་ནས་ལྦུ་སོབ་མང་པོ་ཐོན་ཡོད། དེའི་ནང་ད་དུང་སྒོ་ང་ཙམ་རེ་ལྷག་ཡོད་པ་དེ་དག་ཕོར་པའི་ནང་བླུགས་ཏེ་རང་དང་ཆུང་མ་གཉིས་ཀྱིས་བཟས་པས་ཁ་ལག་རྣམས་ཀྱང་སྐྱུག་དགོས་པ་ཞིག་བྱུང་བས། འབྲོག་རྒན་ཁོང་ཁྲོ་དང་སྦྲགས། ད་རེས་གྲོགས་པོས་མགོ་སྐོར་བཏང་བྱུང༌། ཞེས་བརྗོད་དོ། །

དྲན་རྒྱུ་རྒོད་པའི་རི་མོ་བ།

ཀུན་རྣམ་གྱིས་བསྒྱུར།

    རི་མོའི་ཤེས་ཡོན་ཧ་ཅང་དམའ་པོ་ཡིན་པའི་རི་མོ་བ་ཞིག་ཡོད་པ་དེས། རང་ཉིད་ཀྱི་རི་མོ་དེ་ཙམ་ཡག་པོ་འབྲི་ཤེས་ཀྱི་མེད་ཀྱང་རྒྱུན་དུ་དྲན་རྒྱུ་རྒོད་པོ་ཡོད་པ་མ་ཟད། རང་གི་རི་མོའི་བརྩམ་བྱ་རྣམས་གཞན་ལ་ངོམ་འདོད་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁོའི་རི་མོར་བསྔགས་བརྗོད་བྱེད་མཁན་གཅིག་ཀྱང་བྱུང་མེད་པར་བརྟེན། ཉིན་ཅིག་ཁོས་ཐབས་ཤེས་ཤིག་བཏོན་ནས། རས་དཀར་པོ་ཡུག་གཅིག་འགྲེམས་སྟོན་བྱས་ཏེ་དེའི་སྟེང་མཛུབ་མོ་བཙུགས་ནས་ལྟ་སྐོར་བ་ཚོར། འདི་ནི་བ་ཕྱུགས་གཅིག་གིས་རྩྭ་ཟ་བཞིན་པའི་རི་མོ་ཞིག་ཡིན། ཞེས་འགྲེལ་བརྗོད་བྱས་པར་ལྟ་སྐོར་བ་ཞིག་གིས། རི་མོ་བ་ལགས། རྩྭ་གང་དུ་ཡོད་དམ། ངས་རས་དཀར་པོ་ཞིག་ལས་གཞན་གང་ཡང་མཐོང་གི་མི་འདུག ཅེས་བརྗོད་པར་རི་མོ་བ་དེས། རྩྭ་བ་ཕྱུགས་ཀྱིས་བཟས་ཚར་བ་རེད། ཅེས་བརྗོད། ཡང་མི་དེས། བྱས་ན་བ་ཕྱུགས་གང་དུ་ཡོད་དམ། ཞེས་དྲིས་པར་ཡང་རི་མོ་བ་དེས། ཁྱོད་ཀྱིས་བསམ་པའི་བཀོད་པ་ཤེས་ཀྱི་མེད་དམ། རྩྭ་བཟས་ཚར་རྗེས་བ་ཕྱུགས་ཀྱིས་འདིར་སྡོད་ཀྱི་རེད་དམ། ཞེས་བརྗོད་དོ། །

སྔོན་གླེང༌།

 

སྔོན་མ།
མོན་གླིང་གཡུལ་འགྱེད། (ཚན་པ་གསུམ་པ)
ཕྱི་མ།
མཚར་གཏམ། སྡེ་ཚན་གཉིས་པ།