༄༅། །ན་མོ་གུ་རུ་ལོ་ཀེ་ཤྭར་ཡ། བླ་མ་དང་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །དེ་ཡང་འཇང་ཡུལ་མཚར་ར་སྨུག་པོ། ནམ་མཁའི་མཐིང་གི་གཞལ་ཡས། ས་གཞི་ནོར་བུའི་འབྱུང་ཁུངས། ལ་དྲུག་རྩི་ཐོག་བཀྲ་བ། དམན་ཤར་མེ་ཏོག་འཁྲུངས་པའི་ཡུལ་དུ། ཕོ་དྲག་པ་ས་ཐམ་རྒྱལ་པོར། བློན་ཤེས་རབ་གྱི་སྐྱ་རེངས་ཤར། དགོས་འདོད་ལ་ནོར་བུའི་བང་མཛོད། རྐང་འགྲོས་ལ་གནག་རྟ་ར་ལུག མཁར་གཡུ་འབྲུག་ཟིལ་ཆེན་གྱི་རྫོང་དུ་འཇང་ཁྲི་འབུམ་ནང་གི་ཡང་སྙིང་ཁོང་འཁྲུངས་པའི་དུས་སུ་ཡང༌། འགྲན་མེད་ཀྱི་རྒྱལ་པོར་གྲགས་ཤིང༌། གནམ་གྱི་ལྷ་དང་ས་ཡི་ཀླུ་རྣམས་འདུ། དབང་ཆེན་པོ་ཐོབ་པ་གནམ་ཐེའུ་དང་དགའ་རབ་གཉེན་གྱིས་རྒྱལ་བུར་མཚན་གསོལ་མཛད་དོ། །
ཁོང་དགུང་ལོ་བརྒྱད་ཀྱི་དུས་སུ་བདུད་མི་ཆེན་ཨ་ཁྱུང་ཀེ་རུའི་བློན་རྗེ་བདུད་རྒྱལ་མཐོང་དཀར་བཅས་ཕྲལ་དགོས་སུ་ཡོ་ཆགས་སུ་བཏང་ནས། སྐུ་ཆེ་བ་རི་རྒྱལ་ལྷུན་པོ་དང་གསུང་ཆེ་བ་གཡུ་འབྲུག་ངར་སྐད་དང༌། སྙིང་ཁམས་དམར་ཡག་སྟག་ལས་ངར་བ། སྤྱན་མིག་ཉི་ཟླའི་རང་མདངས་ཅན་ལ། ལྗགས་ནི་བར་སྣང་གློག་དང་འདྲ་བས་གཏམ་ཡར་ལབ་ནམ་མཁའི་མཐོ་གསུམ་དང་མར་ལབ་ས་གཞི་ཆེ་གསུམ་ལ་ཁྱབ་བར་བྱས། ཉིན་གཅིག་གདུག་གི་ཡང་སྟེང་ལ་ཁྲི་རིན་ཆེན་གླང་ཆེན་བསྣོལ་བའི་ཡང་སྟེང་དུ་རྔམ་སྟབས་ཀྱིས་ཧོར་འདུག་མཛད་ནས་ཤེས་ཆེན་བློན་པོ་ལ་འདི་ལྟར་གསུངས། ང་མདང་སུམ་མར་གཉིད་ཐུན་སོ་ལ། ལྷ་གོང་མས་ལུང་བསྟན་འདི་ལྟར་བྱུང། ཞེས་གསུངས་བ་དང་དཔའ་བའི་གླུ་འདི་ལྟར་བླངས།
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ལ་ལ་གླུ་ཡི་ལེན་ལུགས་རེད། །རང་ཕྱོགས་མི་ཡི་ཁ་འཛིན་མཛོད། །དགྲ་དཔུང་མ་ཞོག་ཆམ་ལ་ཕོབ། །དགྲ་མཐའ་གྲུ་གུ་སྒྲིལ་སྒྲིལ་གྱིས། །དགྲ་རྒྱུད་རྩ་བ་ཁུང་ནས་ཕུད། །དེ་ནས་ང་ལ་ཉན་རྒྱུ་ལ། །ས་འདི་ས་ངོ་མ་ཤེས་ན། །ས་འདི་འཇང་ཡུལ་གཡུ་རིའི་མདུན། །མཁར་འདི་གཡུ་འབྲུག་ཟིལ་པའི་མིང༌། །ཕོ་ང་དང་ང་ངོ་མ་ཤེས་ན། །རྨུ་རྗེ་ས་ཐམ་རྒྱལ་པོ་ཟེར། །གྲགས་པ་འཛམ་གླིང་བོད་ལ་གྲགས། །གཡུ་འབྲུག་སྔོན་མོའི་སྐད་ཡ་ཡིན། །སེངྒེ་དཀར་མོའི་འགྱིང་ཡ་ཡིན། །དོག་མོའི་ས་དང་མཉམ་ཆགས་ཡིན། །རྒྱལ་པོ་ཆེ་བཞིའི་འགྱིང་ཡ་ཡིན། །ཁྲོས་ན་ཆུ་བོ་སྐེད་ནས་གཅོད། །ཕོ་རབ་སྤྱོད་པ་དར་ལས་འཇམ། །དཀྲུག་མི་བྱུང་ན་སྟག་ལས་ངར། །ཡ་རབས་གཏམ་ཚིག་ཐོལ་གྱིས་ཡོང༌། །ལུང་ཆེན་ཆུ་འབབ་ཁད་ཀྱིས་ཡོང༌། །ཉོན་དང་ཚིག་ལ་དོན་འབྲས་ཡོད། །མདང་སུམ་མར་གཉིད་ཐུན་སོ་ལ།་་་༌།ཁྱོད་ས་ཐམ་ཡུལ་གཞིས་བཟུང་བ་ལ། །གླིང་ཇོ་རུས་གདོང་གནོན་འོང་ཉེན་འདུག། །སང་གི་ཉིན་མའི་སྔ་དྲོ་ནས། །བྱུས་རྒྱལ་ལག་ལ་ནམ་བྱུང་བར། །དམག་བུ་རྟའི་ཡོ་ལངས་གྱིས་ཤིག་གསུངས།་་་༌།ང་མི་སྡོད་ཡར་ཁམས་སྟོད་ལ་འགྲོ། །ཟས་བཅུད་ཕུད་གཡང་དུ་ལོང་ལེ་བྱེད། །དཔུང་རྟེན་གནམ་ཐེལ་ལྷ་དང་འགྲོགས། །སྙོམས་ཆུང་སྡོད་ལུགས་དགོས་པ་མེད། །གནའ་མི་རྒན་གྱི་གཏམ་དཔེ་ལ། །ནུབ་གཡུ་འབྲུག་སྔོན་པོའི་འགྱིང་སྐད་དེ། །ཆབ་དང་མ་འགྲོགས་ཅི་མི་སྲིད། །ཤར་སེངྒེ་དཀར་མོའི་འགྱིང་རྩལ་དེ། །ཆབ་དང་མ་འགྲོགས་ལྟས་ངན་རྒྱུ། །ཡུལ་སྲིད་རྒྱལ་པོའི་ཆབ་འབངས་དེ། །བྱུས་ལག་མེད་ན་ཁས་ཞན་འདྲ། །དགྲ་འདུལ་དཔའ་བོའི་དཔའ་རྟགས་དེ། །སྡང་དགྲ་ལ་མེད་ན་སྡར་མ་ཝ། །སལ་སིལ་མཛངས་མའི་སྤྱོད་འགྲོས་དེ། །ལག་རྗེས་མེད་ན་བ་རྒན་འགྲོས། །ཨེ་རེད་བློན་པོའི་སེམས་ལ་བསྐོར།་་་༌།སང་གི་ཉི་མ་རྩེ་ཤར་ལ། །ལ་ལུང་དམག་གིས་བཀང་ནས་གཏོང༌། །རི་ཐང་རྟ་ཡིས་བཀང་ནས་གཏོང༌། །གཏམ་གོ་ནི་ཨེ་བྱུང་བེར་ཐུལ་བློན། །
ཞེས་ཟེར་ཞིང་ཐུགས་ཁྲོས་པའི་སོ་སྒྲ་ལྡིར། ཨོག་ཚོམ་ཐད་མར་དཀྲུག སྤྱན་རྩ་དམར་ཤིག་ངང་ནས་བཞུགས་སོ། །བློན་བེར་ཐུལ་གྱི་བསམ་པར། རྒྱལ་པོ་ནི་སྔར་ཡིན་ན་རང་ཤེས་སྤྲིན་མེད་ཀྱི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་སྟེང་དུ་སྡོད་པ་བཟང་ཤེས། གཞན་ལའང་ཆ་འཇོག་ཆེ་བ། ལྷག་པར་ང་རང་བེར་ཐུལ་གྱིས་ཅི་ཞུས་སྙན་གྱི་བཅུད་དུ་འཛིན་པ་ཞིག་སྟེ། ན་ནིང་གནམ་ལོ་ནས་རང་གི་བློ་ཚོད་མི་ཟིན་པ་དར་ལྕེ་རླུང་གིས་ཁྱེར་བ་ལྟ་བུ་གཞན་ལ་ཡང་ཆ་འཇོག་མི་བྱེད་ཅིང༌། ནང་དོན་རླུང་ལྟར་མཁའ་ལ་གཏོར། ནང་འཁོར་བཙུན་མོ་སྲས་དང་བཅས་པ་ལའང་བཀའ་བཀྱོན་གྱི་རྣམ་པ་ཁོ་ན་མཛད། ད་ལན་ཡང་རྩོད་མེད་ཀྱི་ཡོ་ལང་ཆེན་པོ་མི་ལེགས་པའི་རྒྱུ་ཡིན་རུང༌། ང་རང་གཅིག་པུས་ཞུས་རུང་ཆ་འཇོག་ཅི་མི་ཤེས། ལྷག་པར་བྱུར་ལྷ་དང་གཡུ་ལྷ་ཐོག་འགྱུར་བཅས་ཁ་བཙན་པས། གྲོས་མཐུན་གྱི་ཇི་བབས་མ་གཏོགས། རང་ཁ་གཅིག་པུས་ཆོད་པ་མིན་བསམས༌ནས། ལུང་པའི་ཕུ་མདའ་ལ་བང་ཆེན་དང་ཡིག་ཆུང་གིས་ཁྱབ་པར་བྱས།
དེའི་སང་འཇང་མི་རྣམས་མཁར་གཅིག་གི་ནང་ནས་ཐོན་པ་ལྟར་ཆུ་ཚོད་སྔ་ཕྱི་མ་གཏོགས་གཞན་སྔ་ཕྱི་མ་འགྱངས་པར་རྒྱལ་པོའི་མཁར་སྒོ་ཉི་མ་སྟོང་ལྡན་གྱི་འགྲམ་དུ་ཚོགས་ནས། དེར་ཇ་ཆང་གི་སྐྱེམས་འཕར་སྐོར་འདྲེན་བྱེད་སྐབས་བློན་བེར་ཐུལ་ཁོང་གིས་རྒྱལ་པོའི་གསུང་བསྒྱུར་བ་དང༌། དམག་མི་བཤོལ་ཐབས་ཀྱི་གཏམ་འདྲ་ཨེ་ཡོང་བསམ་ནས་སྨྲས་པ། ད་འོ་ན་འདིར་ཚོགས་ཀྱི་རྒྱལ་བློན་རྣམས་སྙན་གྱི་དབང་པོ་གཏད་འཚལ། ལྷག་པར་གྲོས་བྱེད་ཀྱི་བློན་པོ་རྣམས། རྒྱལ་པོའི་གསུང་དང་མི་སྡེའི་ཚོགས་དོན་འདི་ལྟར་ཡིན་པས་བསམ་མནོ་འདྲ་སྐོར་ཟེར་ཞིང་ཁོ་རང་གི་ཚིག་གསལ་བྱེད་ངག་ལ་དྲངས་ཏེ་འདི་ལྟར་བླངས་སོ། །
གླུ་མཐོ་གསུམ་དགུང་སྔོན་འབུམ་མཁར་ནས། །ནམ་མཁའི་ལྷ་རྣམས་མཆོད་ཅིང་བསྟོད། །ལས་ཅི་བྱེད་དཀར་པོའི་ཕྱོགས་སུ་བགྲོས། །གླུ་འབྲས་གསུམ་ས་གཞིའི་ས་བརྟན་ནས། །ས་གཞིའི་ཀླུ་རྣམས་མཆོད་ཅིང་བསྟོད། །བྱུས་བརྟན་ཕུར་དཔག་བསམ་ཤིང་ལྟར་ཚུགས། །གླུ་མཁའ་དབྱིངས་བར་སྣང་ཡངས་པ་ནས། །བར་རྟེན་བཙན་གྱི་ལྷ་ཚོགས་མཆོད། །བྱུས་སྔ་ཕྱིའི་བརྟན་ཕུར་ཚུགས་པར་ཤོག། །ལས་ཅི་བྱེད་ཀ་བ་འགྲུབ་པར་ཤོག། །དེ་ནས་ང་ལ་ཚུར་གསོན་དང༌། །ས་འདི་རྒྱལ་པོའི་ཕོ་བྲང་རེད། །གཡུ་འབྲུག་ཟིལ་པའི་མིང་དུ་གྲགས། །ང་དང་ང་ངོ་ལོས་ཀྱང་ཤེས། ། བེར་ཐུར་རྒྱལ་པོའི་བཀའ་བློན་ཡིན། །དེ་ནས་ང་ལ་གསན་རྒྱུ་ལ། །གླུ་སྙན་གྲེ་བ་མ་འགྱུར་ཏེ། །ངག་འཇམ་པོའི་ཚིག་ལ་དོན་འབྲས་སྤྱོད། །གུང་གསེར་ཁྲིའི་སྟེང་གི་ཉི་འོད་ལ། །ཐུགས་ཁྲོས་པའི་མུན་པ་ཕྱོགས་བཅུར་གཡོས། །གསུང་རྔམ་པའི་ཚིག་ལ་འདི་ལྟར་བྱུང༌། །ཡུལ་སྟོང་སྒོ་མཐུན་མཚན་ཁྲ་མོ་ལ། །བྱང་རྒྱ་ཚ་གཡང་དུ་ཨེ་ཁུག་གསུངས། །དམག་བུ་རྟ་ཡོ་ལངས་བྱེད་དགོས་གསུངས། །གསུངས་དེ་ལ་འགྱུར་ལྡོག་ཡེ་མ་མཆིས། །ཐུགས་ཁྲོ་ལོ་བཞེངས་ཏེ་ཞུ་མ་ནུས། །འཇང་ཁ་རའི་མི་སྡེ་གསོག་དགོས་བྱུང༌། །དེ་ཨེ་ཡག་བློན་ཚོགས་བསམ་མནོ་བསྐོར། །རང་རང་བསམ་བློའི་ཞུ་བ་ཕུལ། །མི་མ་འཕྲུལ་གྱི་རྒྱལ་པོ་ལ། །བྱུས་ཡ་ཡོ་འོང་ལེ་མི་དར་ཏེ། །མི་དར་བྱས་ཀྱང་དར་ལེ་མང༌། །འགྱུར་འདོད་ཆུ་ཆེན་སྐེད་ནས་འགྱུར། །ཆུ་ཆེན་སྐེད་ནས་མིའགྱུར་རྒྱུ། །ཆུ་ཚོད་མ་ཟིན་སྐྱོན་གཅིག་བྱུང༌། །བཞུ་འདོད་སྲིད་པའི་གངས་ཀྱང་བཞུ། །གངས་རིའི་རྩེ་ནས་མི་བཞུ་རྒྱུ། །མཐོ་ཚོད་མ་ཟིན་སྐྱོན་གཅིག་བྱུང༌། །ཆག་འདོད་སྡོང་པོ་སྐེད་ནས་ཆག། །ཤིང་སྡོང་སྐེད་ནས་མི་ཆག་རྒྱུ། །སྐྱེ་ཚོད་མ་ཟིན་སྐྱོན་གཅིག་བྱུང༌། །དཔེ་དེ་དང་ཁྱད་པར་ག་ན་ཡོད། །དེ་ནས་དཔོན་པོ་ས་ཐམ་ལ། །ངས་བསམ་དཀར་ལོ་མ་ཁ་ནས་འབུད། །རྫུན་གཡོ་ཟོལ་ཡོད་ན་དཀོན་མཆོག་ཁྲེལ། །ད་ལོའི་བྱུས་ཀྱི་ཡོ་ལངས་འདི། །མི་ཡག་ཨེ་གོ་སྐྱུར་ན་བསམ། །དཔོན་དབུ་འཕང་མཐོ་དུས་མ་གསན་ན། །ཕོ་འདྲ་འདྲའི་གོང་གནོན་བྱུང་ལེ་མང༌། །ཆོས་བཟང་དུས་བསམ་གཏན་མ་བསྒོམ་ན། །བདུད་ནག་པོའི་བར་ཆད་བྱུང་ལེ་མང༌། །ཕོ་དལ་དུས་ལས་ལ་མ་བརྩོན་ན། །འགག་ཐུག་ཉིན་ལྷམ་ཆུང་རྡོལ་བ་མང༌། །ཚྭ་མཚོ་བསྟན་མ་བཅུ་གཉིས་ནི། །སྤྱིར་གངས་ཅན་བོད་ཀྱི་རང་བདག་ཡིན། །སྒོས་གེ་སར་རྒྱལ་གྱི་འཛིན་བདག་རེད། །དེ་ལས་དེ་བཤོལ་ལ་མོ་ཐོངས། །ཁྱོད་ཐབས་ལ་མཁས་པའི་རྒྱལ་མཆོག་གིས། །ཐུན་མོང་རྫུ་འཕྲུལ་བདག་དང་སྡེབས། །བདག་ཅག་འདིར་ལུས་འབངས་རྣམས་ལ། །གསུང་ངག་བདུད་རྩིའི་ཆར་རྒྱུན་གྱིས། །ཅི་འདོད་ཡིད་བཞིན་སྩལ་དུ་གསོལ། །སྐྱེམས་འཕར་བདུད་རྩིའི་རོ་མཆོག་དང༌། །དམར་བའི་ཤ་དང་དཀར་བའི་འབྲུ། །ཐུགས་ལ་སྒྲིལ་བའི་བརྒྱ་ཙམ་ལ། །བྱང་ཚྭ་བྱུང་བའི་དཔེ་སྲོལ་མེད། །ཨེ་རེད་རྒྱལ་པོའི་ཐུགས་ལ་སྐོར། །
ཟེར་ཞིང༌གཞན་མས་ཅི་ཡང་མི་ཟེར་བར་འདུག བར་དེར་རྒྱལ་པོ་ཆེན་པོ་ཐུགས་ཁྲོས་པའི་ངར་དང་བཅས་ནས། བློན་པོའི་ཚོགས་རྣམས་ལེགས་པར་ཉོན་ལ་ཡིད་ལ་བཟུང་འཚལ། བློན་བེར་ཐུལ་གྱི་གཏམ་ལ་ཉན་ན། རང་བྱུས་མ་ཤོར་རབ་ཡིན་ཚུལ་འདུག་རུང༌། སྙོམས་ཆུང་གི་ངང་ནས་རང་མགོ་ཅི་ཚུད་མེད་པར་སྡོད་དགོས་པའི་མི་མིན། ཚྭ་མཚོ་བསྟན་མ་བཅུ་གཉིས་དེ། མི་ངན་ཇོ་རུའི་བདག་འཛིན་ཡིན་འདུག་རུང༌། དེ་མིན་འཛམ་གླིང་མ་བགོས་ཐུན་མོང་ཡིན། ཁ་དྲག་གི་སྒོར་ཚད། སྙོམས་ཆུང་གིས་སྐལ་ཆད་སོགས་བྱེད་ཐབས་མེད། ཇོ་རུས་ཚོད་འཛིན་པ་ལ་ཁག་ཐེག། བརྒྱ་ལ་མི་ངན་བུ་སྡུག་གིས་རྩོད་གྲབས་བྱུང་རུང༌། བསྡོ་མི་འཕེར་བའི་མི་གཅིག་མིན་ཟེར་ཞིང་གླུ་འདི་ལྟར་བླངས་སོ། །
གླུ་ཨ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད།་་་༌།དིང་རི་མི་རྒན་ཁུ་བྱུག་དང༌། །ལྷ་འཁོར་བྱེ་བ་ས་ཡ་བཅས། །རང་བྱུས་བརྟན་ཕུར་མཐའ་རུ་སྐྱོངས། །དེ་ནས་ང་ལ་ཉན་རྒྱུ་ལ། །དམག་དཔོན་བྱུར་ལྷ་དཔོན་པོ་དང༌། །མཚལ་དམར་དཔོན་པོ་ཁེར་སྐྱེས་དང༌། །ཡང་སྒོས་གཡུ་ལྷ་ཐོག་འགྱུར་བཅས། །སྡེ་ཤོག་དམག་དཔོན་ཆེ་དགུ་རྣམས། །ཉོན་དང་འདྲ་མ་ཚིག་གསུམ་ཡོད། །ང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ། །ཁ་འཛིན་གནམ་ལྷ་དཀར་པོ་ཡོད། །འཇང་མི་རབས་བརྒྱད་ཀྱི་ཕ་མཐའ་རུ། །འགྲན་མེད་གནམ་གྱི་རྒྱལ་པོ་ཟེར། །དཔའ་སྟང་མ་ཤ་རློམ་ཟ་མི་གཅིག། །ནམ་མཁའ་ལྷ་ཡི་ལུང་ན་དྲངས། །ཉམས་དཔྱད་ན་ཨ་ཕོ་ང་རང་རེད། །ཉི་ཟླ་རང་འདོད་བཙན་ཞན་འདྲ། །ནམ་མཁའི་འོག་ལ་མ་འདུས་མེད། །ཆུ་ཆེན་འུར་ལ་འབབ་ཆེ་ཡང༌། །རྒྱ་མཚོའི་ཀློང་ལ་མ་ཐེབས་མེད། །རི་བོ་མཐོ་ཚོད་རབ་བརྗིད་ཀྱང༌། །བྱ་བརྒྱའི་གཤོག་གིས་མ་འཁོར་མེད། །གླིང་རུ་རྒོད་གཡེར་ཆེ་གྱུར་ཀྱང༌། །ང་ས་ཐམ་མི་ཐུབ་ཡོང་དོགས་མེད། ། ས་བོན་ནམ་དུས་དཔྱིད་ལ་འདེབས། །མ་ཐེབས་སྟོན་གྱི་དུས་ན་འགྱོད། །དམ་ཆོས་གཞོན་ནུའི་དུས་སུ་བྱེད། །མ་བྱས་འཆི་ཁའི་དུས་སུ་འགྱོད། །དགྲ་བོ་ཕ་སྤུན་འཛོམས་ཉིན་འདུལ། །མ་ཐུབ་རྒྱབ་ཆད་བྱུང་ན་འགྱོད། །བཤོལ་བཤོལ་མང་བས་དོན་གོ་མེད། །ཁྱོད་རྣམས་མ་སྡོད་ལ་མོ་སོང༌། །
ཞེས་གསུངས་ཤིང༌། བློན་པོ་རྣམས་ཀྱིས་ཞུ་མ་ཕོད་པར་རེ་ཞིག་ལུས། །བར་དེར་གཡུ་ལྷ་ཐོག་འགྱུར་ལངས་ཏེ་རྒྱལ་པོའི་སྐུ་ཞབས་སུ་པུས་མོ་བཙུགས་ནས། འགྲོ་ལུགས་དང་དཔའ་བྱེད་ཚུལ། གཞན་མ་བློན་པོ་རྣམས་སྤྲོ་བ་བསྐྱེད་ཕྱིར་གླུ་འདི་ལྟར་བླངས་སོ། །
གླུ་ཨ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་ཡར་མཆོད་གནམ་ཐེལ་ར་དཀར་སྐྱ། །སྟེང་རྗེའི་དབུ་འཕང་དགུང་ལ་བསྟོད། །བར་མཆོད་བར་ཐེལ་ར་ཁྲ་སྐྱ། །བློན་པོའི་ཡིད་རྩ་སྟག་ལས་ངར། །མར་མཆོད་ས་ཐེལ་ར་ནག་སྐྱ། །མི་སྡེའི་གཞི་རླིང་མཚོ་བས་ཆེ། །སྒེར་ལྷ་གཡུ་རི་སྔོན་པོ་མཆོད། །རང་རྒྱུད་རིག་པའི་སྒྲོན་མེ་སྤོ། །བློན་ཆེན་བེར་ཐུལ་སྙན་གསོན་དང༌། །སྙོམས་ཆུང་གཏམ་དེ་དགོས་པ་ཆུང༌། །ཚྭ་མཚོ་བསྟན་པ་བཅུ་གཉིས་དེ། །སྐྱེ་འགྲོ་མ་དགོས་སྤྱི་མ་ཡིན། །གླིང་དཀར་རང་བདག་ཡིན་དོགས་མེད། །ཁོང་སེང་ཆེན་སྙན་པ་རྒྱང་ནས་ཆེ། །གླིང་དཔའ་བདུད་རྒོད་གཡེར་རྒྱང་ན་ཆེ། །འགྲམ་བཅར་ན་ཅི་ཡོད་ངེས་པ་མེད། །ཕོ་རྒོད་སྙིང་རྩ་འདར་མི་དགོས། །འདར་དྲགས་ན་གཞན་གྱི་ཟུར་ནས་ཁྲེལ། །
ཞེས་ཟེར་ཞིང་འགྲོ་བར་ཆས་སྐབས་དེར། མཁའ་འགྲོའི་སྤྲུལ་པ་འཇང་བཟའ་མེ་ཏོག་ཆོས་སྒྲོན་དེའི་ཐུགས་ལ་ད་ལན་ཡོ་ལངས་ཆེན༌པོ་མི་ལེགས་པ་ཁོ་ན་ཡིན་འདུག དེ་བས་བཤོལ་ཐབས་འདྲ་ཨེ་ཡོང་བསམ། ཡབ་ཀྱི་དྲུང་དུ་སོང་ནས།་་་་མི་ཡོང་མི་ལེགས་ཚུལ་གྱི་ཞུ་བ་མང་དུ་ཕུལ། ཡབ་ཀྱིས་གསུངས་པ། བུ་མོ་ཁྱེད་རང་ལ་བཅོལ་བ་ཡོད་ན་བརྩོན་ཆོག མ་བཅོལ་བའི་མི་དྲན་དྲན་མདོག ཀི་ལྷང་ལྷང་སོྭ་ཁྱེར་གྱིས་དགོད་པ་མེད། དེ་བས་ཁ་རོག་སྡོད་གསུངས། ཡང་བེར་ཐུལ་གྱིས་འགྱོད་མེད་ཀྱི་ལས་གཅིག་མ་བྱས་ན་མི་ཡོང༌། ལྷག་པར་འཇང་ས་བདེན་བསམས་ནས་སྨྲས་པ། འཇང་བཟའ་ཆོས་སྒྲོན་གྱིས་གསུངས་པ་ལྟར་ཡིན། སྔོན་ལུང་བསྟན་གྱི་དུས་ཚོད་ཡོ་དཔྱད་སོགས་གང་ནས་བལྟས་ཀྱང་བཀྲ་མི་ཤིས་པའི་དཔྱད་ཚང་འདུག ཡིན་ནའང་ད་རུང་རང་བྱུས་ལག་ན་ཡོད་རིང༌། རྒྱལ་བློན་རྣམས་བཀའ་གྲོས་བྱས་ན་བསམ་ཟེར་ནས་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་རེ་རེ་མ་བླངས་ཀ་མེད་རེད། །རེ་རེ་མ་བླངས་ཚོད་མེད་རེད། །སྐྱིད་ན་ཇ་ཆང་ཚར་གླུ་རེད། །སྡུག་ན་རང་སེམས་གསོ་རོགས་རེད། །གཏམ་རེ་རེ་མི་གཏོང་ཀ་མེད་རེད། །མི་ཆོག་ས་ཐམ་རྒྱལ་པོ་ལ། །ཞུས་པ་བློན་པོས་འཆལ་འདུག་དགོངས། །ཐུགས་དད་མེད་ཅིང་ཐུགས་ཁྲེལ་རྒྱུ། །ཕ་མས་བུ་ལ་བརྩེ་བ་ལྟར། །གཏན་དུ་རྒྱལ་པོའི་བཀའ་དྲིན་ལ། །ད་དུང་སེམས་ཀྱི་མི་བཟོད་འདུག བློན་པོའི་བླ་གནས་སྟག་རིས་ངུར། །རྒྱལ་པོའི་ཐུགས་ལ་ཁྲོ་ལོ་བཞེངས། །བློན་པའི་ཞེ་ལ་ཕྲག་དོག་འདུག །མི་སྡེའི་ཁ་ལ་ཕད་ཤར་འདུག །སྤྱོད་ངན་རང་གིས་བསྒྱུར་བས་ལན། །ཡིན་ཀྱང་ད་དུང་བསམས་མནོ་སྐོར། །རང་བྱུས་ལག་ཏུ་ཡོད་རིང་ལ། །ལྟ་སྤྱོད་ལོག་ལྟ་འཆར་འགྱུར་ཀྱང༌། །ཤེས་རིག་ལྡན་པས་བཅོས་རྒྱུ་ཡོད། །མ་བརྟན་འདུན་མའི་གདན་ས་ཚུགས། །མ་རྫོང་མདའ་མོ་སྐེད་ནས་འདྲོང༌། །ཡོ་གྲང་མཆོག་དཀར་ཀླད་ནས་གྱིས། །རྒྱལ་པོ་ཕོ་བྲང་བཅུད་དུ་བཞུགས། །བློན་པོ་མི་སྡེ་སྔར་ལྟར་ཞོག །འདོ་བ་རྟ་དང་སྲ་ཐང་སྒ། །ཀི་ཁྱེར་སེ་བྱུང་ན་ཐོན་ཆོག་གྱིས། །
ཟེར་བ་སོགས་བཤོལ་ཐབས་ཀྱི་གཏམ་མང་ཙམ་ལབ་ཀྱང༌། རྒྱལ་པོ་ནི་སྙན་གྱི་ཟུར་ལ་འགྲིམས་པ་མ་གཏོགས་ངག་ནུས་ཐོན་པ་ཅི་ཡང་མ་བྱུང༌། སྐབས་དེར། འཇང་མ་ཁྲི་ལྕམ་རྒྱལ་མོའི་ཐུགས་ལ་ཡང༌། འདི་ལོའི་དམག་དང་ཇག་འཁྲུག་ནི་མི་ལེགས་པའི་ངོ་ཡིན། སྔོན་གྱི་ལུང་བསྟན་དུས་ཀྱི་འགྱུར་ཆོད་ཅི་ནས་སྐོར་ཀྱང་བུ་མོ་མེ་ཏོག་སྒྲོན་དང་བེར་ཐུལ་གྱིས་ཟེར་བ་དེ་རང་ཡིན་ཞེས། ཞུ་བ་ཅི་ཕུལ་རུང་མ་གསན་ཅིང༌། བྱུར་ལྷ་དཔོན་གྱིས། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་བཅས་ཁས་བླངས་མི་གསུམ་འགྲོ་བསམ་ན་ཕྱིན་པ་དྲག། རྒྱལ་པོའི་གསུང་དང་གནམ་ལྷའི་ལུང་བསྟན་ལ་བསྟུན་ནས་ཉན་པ་མ་གཏོགས་ཅ་ཅོའི་ཚིག་ལ་གཏད་སོ་ཅི་ཡོད། ཅེས་མཁས་མཁས་ཙམ་ཤོད་པ་ལ་འདི་ལོ་དམག་བཤོལ་བཟང་ཚུལ་ཐད་ཀར་ཞུ་མ་ནུས། སྐབས་དེར་རྒྱལ་པོ་ས་ཐམ་ན་རེ། འཇང་ས་ཐམ་གྱི་ཡུལ་དུ་ཟས་ཀྱི་བྲོ་མཆོག་ལེན་དགོས་ལ། རང་བཞིན་ལོང་གཏམ་གཏད་མེད་ནོར་གསོག་འདོད་ཀྱི་གཏམ་མ་ཡིན་ཞིང༌། གནམ་ཐེལ་གྱི་ལུང་བསྟན་དངོས་ཡིན་པས། བློན་ཚོགས་རྣམས་གཉིས་འཛིན་མི་དགོས། དམག་མང་ཆས་རུང་མི་སྡེ་འཁྲུག་ཆེ་བས། བློན་བེར་ཐུལ་གྱི་ཞུ་བ་ལྟར་ཆ་འཇོག གོང་མངགས་མི་གསུམ་སོང་རྗེས་ལ་ངེད་རང་རྣམས་དམག་མང་གོ་བཤེར་ནས་ཐོན་ཆོག་བྱེད་ཟེར། དམག་མང་རྣམས་གྲབས་གཤོམ་བྱེད་དགོས་ཚུལ་གྱི་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གླུ་གུང་སྔོན་ནམ་མཁའི་རྭ་བ་ནས། །མཁྱེན་ཅིག་དགྲ་ལྷའི་དབུ་འཕང་བསྟོད། །འཇང་ཡུལ་འདོད་དགུའི་ས་ཆ་རེད། །གནའ་མི་རྒན་གྱི་གཏམ་དཔེ་ལ། །ཕུ་གངས་དཀར་འགྲམ་གྱི་བན་བཙུན་རྣམས། །བློ་སེམས་ཀྱི་གསལ་འདེབས་མ་བྱས་ན། །ཆོས་ཡིན་ལུགས་བཤད་པ་ཆགས་སྡང་རྒྱུ། །སྒོམ་ཁ་རོག་སྡད་པའི་གཏི་མུག་སྨྲ། །དམའ་བསམ་མེད་རུ་ཚང་རྡོ་བརྒྱབ་ཀྱིས། །ལས་ལེ་ལེན་གྱི་མི་ཁ་བླ་མར་བབས། །རྫོང་ཁྲ་བོ་རྣམས་ཀྱི་རྗེ་འབངས་རྣམས། །ལས་འདི་བྱས་བྱུས་ཁ་དཔོན་ལ་བབས། །ཕྱི་སྙོམས་ལས་བྱས་པའི་གཡལ་མེད་རྟགས། །འདོད་འཁོར་ཚང་རྩིད་སྐུད་མགོ་བྲག་གི །ཤག་མ་ཁའི་བསྟན་པ་དཔོན་ལ་བབས། །དཔེ་དེ་དང་ཁྱད་པར་ག་རེ་ཡོད། །འཇང་ས་ཐང་ཡུལ་དུ་རྒྱལ་བློན་རྣམས། །ནག་ཕྱོགས་རུ་འཛིན་རྒྱལ་པོར་བབས། །དེ་ཡིན་ལུགས་བཤད་པ་ཁོང་ནས་ཆོད། །དེ་མ་ལོན་ངན་པ་རྒྱལ་པོས་ཁྱེར། །ད་ལན་དམག་འདི་བཤོལ་ཐབས་མེད། །སང་གི་ཉི་མ་རྩེ་ཤར་ལ། །དམག་དཔོན་རེ་རེའི་མངའ་ཞབས་སུ། །ལས་དམག་གོ་མཚོན་འཛོམ་ལེ་གྱིས། །ལྷག་པར་སྔོན་ཞུད་རྒོད་པོ་གསུམ། །ད་ཡང་མ་སྡོད་འགྲོ་རན་རེད། །གཏམ་གོ་ནི་ཨེ་བྱུང་རྒོད་པོ༌རྣམས། །ཞེས་གསུངས་པ་ལྟར། བུ་དཔའ་བོ་རྣམས་མདའ་དར་གྱི་སྐྱེལ་མ་སོགས་ཀྱི་ཟས་བཅུད་གཡང་དུ་ལེན་པ་ལ་བཞུད་དོ། །
དེའི་སྐབས་སུ༌འཛམ་གླིང་མི་ཡི་ཉི་མ། གངས་པ་བོད་ཀྱི་སྐྱབས་གཅིག ནག་པོ་བདུད་ཀྱི་གཉའ་གནོན། ས་བཅུ་གནོན་པའི་སངས་རྒྱས། ས་གནམ་བར་གྱི་ཀ་བ། མུན་པ་འཇོམས་པའི་སྒྲོན་མེ་ཁོང༌། ཧོར་སེར་རྩ་མེད་དུ་བཏང་ནས་ཕོ་བྲང་ཇ་མཁར་ཕྱུག་མོར་གཟིམས་ལ་བཞུགས་པའི་ནུབ་མོ་གཅིག་ནམ་མཁའ་གཡས་ཀྱི་ཕ་རོལ། ནམ་མཁའ་གཡོན་གྱི་ཚུར་རོལ། ནམ་མཁའ་སྤྲིན་ཕུང་སྐྱོགས་མོ་ནས། སྤྲིན་འཇའ་ཚོན་གཉིས་ཀྱི་བར་སྐབས་སུ། མ་ནེ་ནེ་གུང་སྨན་རྒྱལ་པོ་དེ། སེངྒེ་སྒ་མེད་སྲབ་མེད་ཆིབས། སྤྲིན་མི་ལྷ་ཡི་རྒྱབ་བསྐྱོར་བྱས། སྤྲིན་མི་གཟུགས་ཅན་གྱི་ཆིབས་ཁ་ཁྲིད། སྤྲིན་མི་མགོ་ཅན་གྱི་གཡས་རམ་བཏེགས། རིགས་བཞིའི་མཁའ་འགྲོའི་བསྐོར་ནས་ལུང་བསྟན་གསལ་ཚིག་གི་ངག་གསུང་བ་བརྡ་སྤྲོད་ལ་སྦྱར་ཏེ་གླུ་འདི་གསུངས་སོ། །
སྭོ་སྭོ་སྭོ་སྭོ་ལྷ་སྭོ་སྭོ། །གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གནས་ལྔ་གར་བཞུགས་གཞལ་ཡས་ནས། །རིགས་ལྔ་མཁའ་འགྲོ་བདེ་ཆེན་ལྕམ། །རྟག་ཏུ་གུས་པས་ཕྱག་འཚལ་ལོ། །དུར་ཁྲོད་བརྒྱད་ཀྱི་ས་ཕྱོགས་ནས། །ཡུལ་ཆེན་ཤེས་རབ་ཕར་ཕྱིན་མ། །འགྲོ་དྲུག་ཡོངས་ལ་སྤྱན་གྱིས་གཟིགས། །དྲིན་ཆེན་ས་ལམ་བགྲོད་པར་ཤོག །དེ་ནས་ང་ལ་གསན་རྒྱུ་ལ། །ས་འདི་ས་ངོ་མ་ཤེས་ན། །རང་ཡུལ་མཐོང་བ་ཀུན་སྨོན་རེད། །སྐུ་མཁར་ཇ་མཁར་ཕྱུག་མོ་རེད། །ང་དང་ང་ངོ་མ་ཤེས་ན། །ནེ་ནེ་གུང་སྨན་རྒྱལ་མོ་ཟེར། །རིགས་བཞི་མཁའ་འགྲོས་བསྐོར་ནས་ཡོད། །བདེ་ཆེན་ལམ་སྣ་འདྲེན་མཛད་མ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་དེ། །དཀར་མོ་བཞིན་བཟང་ཡལ་ལེ་ཡོད། །སྟོང་ཉིད་ཡིད་བཞིན་འཆར་མཛད་མ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་ཡོད། །སེར་མོ་འཛུམ་ཞལ་ཁྱུག་སེ་ཁྱུག །རྟོག་པའི་དྲ་བ་འཛོམས་མཛད་མ། །པདྨ་རིགས་ཀྱི་མཁའ་འགྲོ་ཡོད། །དམར་མོ་གར་སྟབས་ལྡོག་སེ་ཡོད། །ཅིར་སྣང་ཆོས་སྐུར་སྟོན་མཛད་མ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་ཡོད། །ལྗང་མོ་བྲོ་བརྡུང་ཁྲབ་སེ་ཡོད། །མཁའ་འགྲོ་འབུམ་གྱི་གཙོ་མོ་ང༌། །གླིང་བཞི་མུན་པ་གསལ་ལེ་ཡིན། །གེ་སར་རྒྱལ་པོའི་བཀའ་སྡོད་ཡིན། །ལེགས་ཉེས་བཏང་འཛིན་བྱེད་མི་ཡིན། །ཁ་ལག་ལྟར་དུ་ནེ་ནེ་ཡོད། །ལུས་གྲིབ་མ་ལྟར་དུ་ནེ་ནེ་ཡོད། །གེ་སར་དགྲ་འདུལ་རྒྱལ་པོ་དང། །ནེ་ནེ་སྣང་གསལ་སྒྲོན་མེ་གཉིས། །ཐབས་ཤེས་མདའ་གཞུ་ལྟ་བུ་ཡོད། །བླང་དོར་ལུང་ཚིག་འདི་ལ་གསོན། །ཇོ་རུ་མ་ཉལ་ཇོ་རུ་ལོངས། །འཇིག་རྟེན་གཏམ་གྱི་ཁ་དཔེ་ལ། །ཆོས་པ་ཉལ་ན་སེམས་ཉིད་ཉལ། །སེམས་ཉིད་ཉལ་ན་འདྲེན་དོན་འཆོར། །འདྲེན་དོན་འཆོར་ན་དམྱལ་བར་འགྲོ། །བུ་དཔའ་བོ་ཉལ་ན་མདའ་མགོ་འཆོར། །མདའ་མགོ་ཤོར་ན་དགྲ་མགོ་ལངས། །དགྲ་མགོ་ལངས་ན་བྱུས་མགོ་འགྱེལ། །དམག་བུ་རྟའི་ལས་བཀོད་གྲབས་གཤོམ་གྱིས། །བྱུས་རན་ལེ་མ་ཚད་ཕྱིས་ལེ་རེད། །འཇང་གཡུ་ལྷ་ཐོག་འགྱུར་མགོ་བྱས་ཀྱི། །དམག་སུམ་བརྒྱ་དྲུག་ཅུ་རྩེབས་ནས་འདུག །བདུད་རྒྱལ་བ་ཐོད་དཀར་མགོ་བྱས་ཀྱི།། དམག་སུམ་བརྒྱ་དྲུག་ཅུ་རྩེབས་ནས་འདུག །འབྲུག་སྒྲའི་དཔལ་ལྡན་མགོ་བྱས་ཀྱི། །དམག་སུམ་བརྒྱ་དྲུག་ཅུ་རྩེབས་ནས་འདུག །ཁོ་དམག་དཔོན་གསུམ་གྱིས་མགོ་བྱས་པའི། །ལས་དམག་སྟོང་དང་བརྒྱད་བཅུ་དེ། །མཐོ་ནམ་མཁའ་དར་གྱིས་འགེངས་ཤིང་འདུག །དར་ལ་སུམ་འཕྲུ་འཛུགས་ཅིང་འདུག །དམའ་ས་གཞི་ར་ལ་བྱེད་ཅིང་འདུག །ར་མ་གཞི་ལྕགས་སྤྲོད་ཅིང་འདུག །མི་འཛོམས་རྟ་འཛོམས་ཁྲིགས་སེ་འདུག །ཁས་ལེན་སྟག་མོ་ངར་ཞིང་འདུག །མདུང་བཟུང་གོག་ཁྱུ་ཤར་ཤར་རེད། །ཕུབ་བཟུང་རྒོད་པོ་མཆོང་མཆོང་རེད། །ཟས་ཀྱི་བྲོ་མཆོག་ཁྱེར་གྲབས་འདུག །ཟས་ཀྱི་བྲོ་མཆོག་ཁྱེར་ཟེར་ན། །ཕྱི་རེས་གངས་པ་བོད་ལ་གནོད། །དེང་སང་ཇོ་རུའི་གཏམ་ལ་རྩོད་ལུགས་ཡོད། །སྐོར་ལ་གོང་དཀར་སེམས་ལ་སྐོར། །ཕོ་རྩོད་རྩོད་གཏམ་ལ་རྩོད་ལུགས་ཡོད། །དཔོན་རྩོད་རྩོད་བྱུས་ལ་རྩོད་ལུགས་ཡོད། །བྱུས་བསྟན་པའི་རྩ་བ་མ་ཚུགས་ན། །ཡུལ་གྲུ་བཞིའི་འདུན་མ་སུ་ལ་རེ། །སང་གི་ཉི་མའི་སྔ་དྲོ་ལ། །དགྲ་ཕར་བརྒྱབ་ལས་ལ་ཅི་ཡང་བཟང༌། །ནོམ་ཚུར་ལེན་གཡང་དུ་ཁུག་ལེ་ཡིན། །ལྷ་དམག་དཀར་པོའི་ལས་བཀོད་གྱིས། །སྤྱིར་ས་ཐམ་རྒྱལ་པོའི་བཀའ་བློན་ལ། །རྒོད་གྲགས་པ་མ་ཐོབ་གཅིག་ཀྱང་མེད། །ཡང་སྒོས་གཡུ་ལྷ་ཐོག་འགྱུར་དེ། །ལས་ཅི་བསམ་འདུན་མ་འགྲུབ་ངེས་ཡིན། །འཇང་ས་ཐམ་ཡུལ་དུ་འགྲོ་ཉིན་ལ། །གཞན་པའི་དགྲ་དང་འདྲ་ལེ་མིན། །ཁག་ཐག་ཆོད་ས་ཐམ་ཡུལ་དུ་ཡོད། །གྲོས་བཟང་པོའི་བཙན་མཁར་ཟིན་ལེ་གྱིས། །
ཞེས་གསུངས་ཤིང་མི་སྣང་བར་གྱུར། དེ་ནས་སང་ཉིན་འཛམ་གླིང་ཆོས་ཀྱི་རྒྱལ་པོོ་ཁོང་གིས་མ་ནེ་ནེའི་ལུང་བསྟན་དང༌། འཇང་ས་ཐམ་གྱི་དམག་སླེབས་ཚུལ། གླིང་དམག་ཆས་དགོས་ཚུལ་གྱི་གླུ་འདི་འགགས་མེད་རྡོ་རྗེའི་རང་སྒྲ་བཞེངས་ཏེ་གསུངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །རྗེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ང་སྐྱེས་བུའི་བློ་ཡི་རྫི་བོ་མཛོད། །འོག་མིན་ཆོས་དབྱིངས་ཕོ་བྲང་ནས། །དུས་གསུམ་རྒྱལ་བ་རྒྱ་མཚོ་དང༌། །ནེ་ནེ་གུང་སྨན་རྒྱལ་མོ་བཅས། །མི་འབྲལ་སྤྱི་བོའི་གཙུག་ཏུ་བཞུགས། །དེ་རིང་སྐྱེས་བུའི་ཁ་འཛིན་མཛོད། །གངས་ཅན་བསྟན་པ་མཐའ་རུ་སྤེལ། །དེ་ནས་ང་ལ་ཉན་རྒྱུ་ལ། །འབྲུག་མོ་མ་ཉལ་འབྲུག་མོ་ལོངས། །གཡོ་ས་མ་ཉལ་གཡོ་ས་ལོངས། །མདང་སུམ་གཉིད་ཀྱི་ཐུན་སོ་ལ། །ནེ་ནེས་ང་ལ་ལུང་ཞིག་བྱུང༌། །ནེ་ནེ་གུང་སྨན་རྒྱལ་མོ་ཡིས། །འཇང་ས་ཐམ་ལས་དམག་སླེབས་འདུག་ཟེར། །གླིང་ལྷ་སྡེའི་ཅི་བསམ་འགྲུབ་པའི་སླད། །གླིང་ཚོ་ཆེན་ལྷ་དམག་ཆས་ཤོག་གྱིས། །ལུང་བསྟན་གསལ་ཚིག་འདི་ལྟར་བྱུང༌། །མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ན། །གདོང་གཅེས་ཕྲུག་དགྲ་ལྷ་རྩེ་རྒྱལ་ཡོད། །མི་དེ་ཡང་མ་འདུག་འཛོམས་ཤོག་གྱིས། །རང་འོག་ལས་དམག་ཁྲིགས་སེ་གྱིས། །རྒོད་འཕྲུ་ཅན་གྱི་ཁ་ལོ་བསྒྱུར། །མུ་ནེ་ལྷ་རྫོང་ཕྱུག་མོ་ན། །གདོང་ཨ་ཁུ་ག་ནེ་གོམས་པ་ཡོད། །མི་དེ་ཡང་མ་སྡོད་འཛོམས་ཤོག་གྱིས། །མཁར་མི་འགྱུར་གའུ་གསེར་རྫོང་ན། །གསེར་པའི་ཉི་འབུམ་དར་ལུ་ཡོད། །མི་དེ་ཡང་མ་སྡོད་འཛོམས་ཤོག་གྱིས། །རང་འོག་ལས་དམག་ཁྲིགས་སེ་གྱིས། །མཁར་མི་འགྱུར་རྒྱ་ནག་ལྡིང་རྫོང་ན། །འོམ་བུའི་ཨ་ནུ་དཔའ་སེང་ཡོད། །མཁར་མི་འགྱུར་འབུམ་སྡེ་སྲོག་རྫོང་ན། །མུ་སྤྱང་རིན་ཆེན་དར་ལུ་ཡོད། །མི་དེ་གཉིས་མ་སྡོད་འཛོམས་ཤོག་གྱིས། །རང་འོག་ལས་དམག་ཁྲིགས་སེ་གྱིས། །དཀར་རུའི་སྟོང་འཁོར་བཅུ་གཉིས་དེ། །ཆེ་རྒྱུད་གླིང་གི་ཚ་ཞང་ཡིན། །གསེར་འཕྲུ་ཅན་ལ་སྟོང་ཚོ་དགུ། །ནག་རུའི་སྟོང་འཁོར་བཅུ་གཉིས་དེ། །འབྲིང་རྒྱུད་གླིང་གི་ཚ་ཞང་ཡིན། །ལྕགས་འཕྲུ་ཅན་ལ་སྟོང་ཚོ་བདུན། །དེ་ཚོ་མ་སྡོད་འཛོམས་ཤོག་གྱིས། །རང་འོག་ལས་དམག་ཁྲིགས་སེ་གྱིས། །མི་འགྱུར་གཡུ་རྫོང་སྔོན་པོ་ན། །འདན་མ་ཁྲི་གཅེས་བསམ་འགྲུབ་ཡོད། །མཁར་མི་འགྱུར་ཕོ་རོག་སྙིང་རྫོང་ན། །སྟག་རོང་དཔོན་པོ་ཁྲོ་ཐུང་ཅན། །མཁར་མི་འགྱུར་ཕོ་བྲང་སྟག་རྩེ་ན། །སྐྱ་ལོ་སྟོན་པ་རྒྱལ་མཚན་ཡོད། །མཁར་མི་འགྱུར་སྨྱུ་གུ་འབུམ་རྫོང་ན། །སྒར་སྡེ་སྒྱོགས་ཀྱི་ལྡེ་མིག་ཡོད། །གཡུ་འཕྲུ་ཅན་ལ་སུམ་བརྒྱ་ཡོད། །རང་འོག་ལས་དམག་ཁྲིགས་སེ་གྱིས། །མོན་འཇང་གཉིས་ཀྱི་ས་མཚམས་ཀྱི། །མཁར་མི་འགྱུར་རྒོད་ཚང་ཁ་ལེབ་ན། །དཔའ་ལའི་མི་སྤྱང་དཀར་པོ་ཡོད། །མཁར་མི་འགྱུར་གླག་མོ་ཁེར་རྫོང་ན། །གུང་པ་བུ་ཡི་ཁྲ་སྐྱ་ཡོད། །དེ་ཡང་མ་སྡོད་འཛོམས་ཤོག་གྱིས། །ནག་པོ་བདུད་ཀྱི་ཤོག་གསུམ་ནས། །བདུད་བློན་ཨ་ནུ་ཕྱིང་སྔོན་ཅན། །ལྗང་སྲས་ཟླ་ཁྲི་སྨིན་དྲུག་དང༌། །རྒྱ་གར་མ་ཎི་ཕ་ལ་བཅས། །སྡིག་སྤྱོད་ཤན་པ་དམར་པོ་སོགས། །བཀའ་བགེགས་པའི་ས་རེ་འགྲོ་དགོས་ཡོད། །མི་དེ་ཡང་མ་སྡོད་འཛོམས་ཤོག་གྱིས། །རང་འོག་ལས་དམག་ཁྲིགས་སེ་གྱིས། །སྲོ་མ་མ་སྡོད་མགྱོགས་པར་སོང༌། །མངགས་པའི་མི་དང་འཕངས་པའི་མདའ། །གར་བཏང་གོ་ཆོད་ཡོང་ལེ་གྱིས། །
ཞེས་གསུངས་པས་སྲོ་མས་གླིང་སྟོད་སྨད་བར་གསུམ་ལ་ཀི་བཏང༌། ཁྲིམས་རྔ་བརྡུངས། དུང་འབུད་བཞིན་ཡོད། ཉི་མ་ལ་ཕག་ཏུ་མ་སོང་ཙམ་དུ་ཤན་པས་སྲོ་མ་ཡོང་བ་མཐོང་སྟེ། མི་རྟའི་དཔྱད་སོགས་སྲོ་མ་ཡིན་པར་ཤེས་ནས། རེ་ཞིག་གང་ཡིན་བརྟགས་པ་དང༌། གདོང་བསུ་བར་ཕྱིན་པས། སྲོ་མས་རྒྱལ་པོའི་གསུང་ཅི་ཡོད་རྣམས་བཤད་པ་དང༌། ཤན་པའི་བསམ་པར་རྒྱལ་པོའི་གསུང་ཡིན་འདུག་རུང༌། ང་ཕྱིན་རུང་རྒྱལ་མཆོག་ཁོང་གི་དཔུང་ཡ་མི་ཕན་པའི་ཁར། བློན་པོ་རྣམས་ཀྱི་ཕྲག་དོག་དང༌། ངན་སྨྲས་མི་ཡོང་བའི་གཞི་མེད། ད་རེས་སོང་ཡང་དོན་གོ་མི་ཡོང་བསམས། འགྲོ་མ་འདོད་པ་དང༌། སྲོ་མའི་བསམ་པར་ཤན་པ་མི་འགྲོ་བ་དཔའ་བདུད་རྣམས་ཀྱིས་ངན་སྨྲས་ཡོང་བའི་དོགས་པ་ཞིག་འདུག་རུང༌། ཨ་ལན་མེད་པར་ལོག་ན་མི་ཡོང་བསམས་ནས་སྨྲས་པ། འོ་ན་ཤན་པ་དམར་པོ་ལགས། ཁྱོད་ཕོ་རབ་སྐོར་ཤེས་ཡིན་ཟེར་ན། རྒྱལ་པོའི་བཀའ་བཅག་མི་རུང༌། ཐུགས་ཁྲེལ་ན་འདི་ཕྱི་གཉིས་མེད་ཡིན། དེ་བས་རང་རེ་འགྲོགས་ནས་ཕྱིན་ན་མི་ལེགས་སམ་ཞེས་ཟེར་བར་ཤན་པའི་བསམ་པར། ད་རེ་ཞིག་སྲོ་མའི་གསུང་ལྟར་མ་སོང་ན་རྒྱལ་པོའི་ཐུགས་ལ་ཅི་འཁྲུང་ཅི་ཤེས། རྒྱལ་པོ་ཐུགས་ཁྲེལ་ན་མི་ལེགས་སམ་བཞིན་སྲོ་མ་ལ། དོ་ནུབ་འདིར་སྡོད། སང་སྔ་བར་རང་གི་ལས་དམག་དང་བཅས་འགྲོ་འོང་ཟེར། སང་ཉིན་དེར་འདུ་ར་སྟག་ཐང་ཁྲ་མོར་དཔའ་རྟུལ་དེ་དྲག་རྣམས་རང་རང་གི་དཔུང་དང་བཅས་ཁྲ་ལམ་མེར་ཚོགས་འདུག་པ་དེར་ཤན་པ་དང་སྲོ་མ་བཅས་སླེབས་ཙ་ན། འདམ་མས་མཐོང་ཞིང་ཡིད་ལ་ཤན་པ་འདི་སྔར་ཕུང་ཚབས་དེ་ཙམ་བྱས། དགྲ་མི་ཤ་ཟོས་པའི་ཁ་དམར་འདི་དང་སྡེབས་ནས། ལས་ཅི་ལ་ཐུག་རུང་དམག་ལ་མི་འགྲོ་བསམས། མ་དགའ་ལོག་གེ་བསྡད་པའི་སྐབས་དེར་གདོང་ག་ནེ་གོམས་པས་རྒྱལ་པོའི་གསུང་བསྒྱུར་བ་དང༌། འཇང་ས་ཐམ་གྱི་དམག་སླེབས་ཚུལ་ངག་རྟ་དལ་བ་རིང་མེད་ལ་དྲངས་ཏེ་འདི་ལྟར་བླངས་སོ། །
གླུ་ཨ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་རྒྱལ་བ་རྒྱ་མཚོའི་ཞབས་ལ་འདུད། །སྐྱེ་མེད་ཆོས་སྐུར་གསོལ་བ་འདེབས། །འོད་གསལ་ལོངས་སྐུ་ཐུགས་རྗེས་བཟུང༌། །ཐུགས་རྗེའི་སྤྲུལ་སྐུས་བྱིན་གྱིས་རློབས། །འགགས་པའི་སྐྱོན་ཡང་བསལ་དུ་གསོལ། །བར་ཆད་མེད་པར་མཛད་དུ་གསོལ། །ས་འདི་འདུ་ར་སྟག་ཐང་རེད། །དེ་ནས་གླིང་དཀར་ལྷ་སྡེ་རྣམས། །གསན་ཟེར་ཏེ་འདྲ་མ་ཚིག་གསུམ་ཡོད། །འདི་གང་སྐྱོབ་པའི་དཔོན་པོ་དང༌། །ཕྱི་མ་འདྲེན་པའི་བླ་མ་སྟེ། །གསལ་སྒྲིབ་མེད་པའི་རྒྱལ་མཆོག་ལ། །ལྷ་གོང་མས་ལུང་བསྟན་གནང་ལེ་ལ། །འཇང་ས་ཐམ་དམག་སྣ་སླེབས་འདུག་ཟེར། །ཟས་ཀྱི་བྲོ་མཆོག་ཁྱེར་མི་ལ། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང༌། །བདུད་ཆེན་རྒྱལ་བ་ཐོད་དཀར་དང༌། །འབྲུག་སྒྲའི་དཔལ་ལྡན་རྒོད་པོ་གསུམ། །ཁས་ལེན་སྔོན་ལ་ཐོན་འདུག་གསུངས། །དེ་ནས་ཚོ་ཆེན་ལྷ་སྡེ་རྣམས། །ས་ཐམ་སྐྱེ་རྒྱུས་ག་འདྲ་ཡོད། །རྫོང་བཙན་པོའི་སྐྱེ་རྒྱུས་ག་འདྲ་ཡོད། །བར་གླིང་སྐྱེ་རྒྱུས་སུ་འདྲ་ཡོད། །ཨ་ཁུ་ན་སོ་སླེབས་པ་འདི། །མི་རྒྱུད་ཆད་པའི་རྒད་བུ་རེད། །ཡིན་ཀྱང་བསམ་པའི་རྟོགས་བརྗོད་ལ། །ཕར་འགྲོའི་དམག་གི་འགྲོ་ལུགས་དང༌། །ཚུར་འོང་སྟང་མ་ངོམས་ལུགས་བཅས། །རྒད་པོའི་སེམས་ལ་ཝ་ལེ་ཡོད། །ཡང་སྒོས་གཡུ་ལྷ་ཐོག་འགྱུར་ཁོ། །མདའ་མིན་ཐོག་མིན་འཕེན་མི་ཡིན། །གཞུ་མིན་བྲག་མིན་འཐེན་མི་ཡིན། །ཐབས་ཞི་བའི་སྒོ་ནས་མ་ཐུལ་ན། །དྲག་པོའི་སྒོ་ནས་ཐུབ་ས་མེད། །གཏམ་གོ་ནི་ཨེ་བྱུང་གླིང་རུའི་སྡེ། །
ཞེས་ཟེར་བ་དང༌། སེར་པོ་ཧོར་གྱི་གྲལ་འགོ་ནས། དཔའ་བཟང་ཤན་པ་དམར་པོ་དེ། མགོ་ར་ཆེན་སྐྲ་མདུན་ཅིག་བརྒྱབ། རུ་ཆུང་རུ་སྐྲ་མདུད་ཅིག་བརྒྱབ། བྱི་རུ་རྡོ་རྗེ་མདུད་ཅིག་བརྒྱབ། ཨོག་ཚོམ་ར་ཕོ་མདུད་ཅིག་བརྒྱབ། ཝ་ཞྭ་མགོ་གཉིས་མགོ་ལ་གྱོན། དམག་འགྲོ་ལུགས་དང་གཏམ་ཤོད་པའི་གླུ་ངག་རྟ་འབྲེལ་རིང་འབྲེལ་ཐུང་ལ་དྲངས་ཏེ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །ངང་ཡག་ཐེལ་མོ་སྤུན་དགུ་མཁྱེན། །ཤན་པའི་ལྕོགས་ལ་དམར་པོ་མཁྱེན། །ས་འདི་ས་ངོ་མ་ཤེས་ན། །ཡུལ་གླིང་མཐོང་བ་ཀུན་སྨོན་རེད། །ང་དང་ང་ངོ་མ་ཤེས་ན། །ཨ་ཆེན་ཧོར་གྱི་ས་ཆ་ནས། །སེར་པོ་རག་དུག་མཁར་དགུ་ནས། །མཛོ་མོ་རུ་རྫོང་ནང་བཅུད་ནས། །ཡ་ཟི་ཆགས་པའི་སྔ་མ་རེད། །གུར་སྟོང་ཤོང་ཕུབ་པའི་ཀ་བ་རེད། །གསོན་ཟེར་ལེ་དམ་ཆོས་མི་འདུག་སྟེ། །འདྲ་ཨེ་ཆགས་ཚིག་གསུམ་ཤན་པས་ཞུ། །འཇང་ཕྱི་ནང་རྒྱུས་དེ་ང་རང་ཆེ། །སྔར་དུས་ཡིན་པའི་དུས་ཚོད་ན། །འཇང་དང་ཧོར་སེར་ཉ་རིང་ཡིན། །ངོ་ཤེས་མནའ་ཤག་འབེལ་ལེ་ཡིན། །རྨུ་རྗེ་ས་ཐམ་རྒྱལ་པོ་དེ། །མི་མ་འཕྲུལ་གྱི་རྒྱལ་པོ་ཡིན། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང༌། །དཔའ་ལིང་དཔའ་བོ་ཐོག་འགྱུར་བཅས། །མདའ་འཕངས་ནམ་མཁའི་ཐོག་དང་འདྲ། །གཞུ་འཐེན་ལེ་རྡོ་རྗེའི་བྲག་དང་འདྲ། །ཨོག་ཚོམ་ཐོགས་པའི་མི་གསུམ་ཡོད། །བྱུར་ལྷ་དཔོན་པོ་ཨོག་ཚོམ་ཅན། །སེ་རིག་རྒད་པོ་ཨོམ་ཚོམ་ཅན། །སྡེ་རྒན་ཨ་ཁུ་ཁ་མཁས་གསུམ། །ཁྲོས་ན་ཤི་བདུད་ངར་ཆས་ཡིན། །འགྲན་ན་དམར་ཡག་སྟག་བས་ངར། །ཡང་སྒོས་གཡུ་ལྷ་ཐོག་འགྱུར་ཁོ། །ཐབས་ཞི་བས་ཁ་བསླུས་མ་བྱུང་ན། །དྲག་པོས་ཁུལ་ནས་ཐུབ་ས་མེད། །ང་ཤན་པ་སྔོན་དུ་འགྲོ་རྒྱུ་བྱེད། །གཡུ་ལྷ་ཁ་བསླུས་དྲོངས་ངེས་བྱེད། །ལག་ལེན་སྟང་མ་ལོན་ངེས་བྱེད། །ཨེ་ཟེར་ལྟོས་ལ་མི་ཟེར་ཉོན། །གླིང་རུའི་ཐུགས་ལ་དེ་ལྟར་ཞོག །
ཅེས་ཟེར་བ་དང༌། འདན་མ་གློ་བུར་དུ་ངར་ལངས་ཏེ་སྨྲས་པ། འོ་དེ་ལྟར་བརྩོན་པའི་ཆེ་བསྟོད་དང་ཡིན་མཁས་དཔའ་འདོད་ཀྱི་གཏམ་མང་དུ་འདུག་རུང༌། དམག་ཕར་འཛིང་ལ་ཆ་རྒྱུས་དོན་ཡོད་པ་གཅིག་པུས་ཆོག་པ་མིན། སྟང་མ་འདི་བྱས་རྒོད་པོ་སུ་ཡིན་དགྲ་བོ་གདོང་ཐུག་ན་ཤེས། འཐབ་རོགས་འཛིང་རོགས་མ་ནུས་ཀྱི་དགོས་པ་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ཚངས་པ་དཀར་པོའི་སྡེ་ཚོགས་མཆོད། །གླུ་ལེན་པ་ཚངས་པའི་དབུ་འཕང་བསྟོད། །ངག་འགུགས་པ་སྐུ་ལྷ་གཉན་ཆེན་མཆོད། །ཚིག་ཐུ་བ་ཀླུ་རྒྱལ་གཙུག་ན་མཆོད། །འདན་མའི་ཅི་བསམ་འགྲུབ་པར་ཤོག །སྟོང་དབྱེར་མེད་ཁ་ལོ་ཆོས་ལ་བསྒྱུར། །འགྲོ་དྲུག་བདེ་ལ་འཁོར་པར་ཤོག །ས་འདི་ས་ངོ་མ་ཤེས་ན། །འདུ་ར་སྟག་ཐང་ཁྲ་མོ་རེད། །ང་འདྲ་ང་ངོ་མ་ཤེས་ན། །འདན་ས་ཁྲི་གཅེས་བསམ་གྲུབ་ཡིན། །དཔའ་རྒྱ་ཚ་གླིང་ལ་བཞུགས་པའི་དུས། །སྒར་ཁྱིལ་ལེར་གྲོས་རྭ་འཛིན་ཉིན་མོ། །དང་པོ་རྒྱ་ཚས་གསུང་ཞིག་བྱོན། །འདི་གྱིས་ལས་བཀོད་འདན་མས་བྱེད། །གཏམ་ཚིག་གསུམ་ལབ་པ་ངོ་སོ་མཐོ། །གོམ་གསུམ་ཕྱིན་ཀྱང་ས་ཆོད་ཆེ། །དེང་དུས་དུས་ཀྱི་དང་པོ་ལ། །གུང་རྒྱལ་པོའི་གསུང་དེ་མ་གྲགས་པར། །སྡུག་བཙོན་པའི་ཁ་བཀོད་བཏང་ནས་བྱུང༌། །ང་འདན་མས་ཚིག་གཅིག་མ་ལབ་པར། །སྡུག་བཙོན་པའི་ཁ་བཀོད་བཏང་ནས་བྱུང༌། །ཡིན་བསམ་པའི་རྣ་བའི་ཟུར་ལ་མེད། །ས་ཐམ་འཇང་གི་རྒྱལ་པོ་ལ། །ཕོ་རྒོད་དཔའ་ཆེན་མང་གྱུར་ཀྱང༌། །འཐབ་ས་ཡོད་པ་ཀུན་ཤེས་རེད། །རྟ་རྒོད་མྱུར་མགྱོགས་ཡོད་གྱུར་ཀྱང༌། །རྒྱུགས་ས་ཡོད་པ་ཀུན་ཤེས་རེད། །ཡང་སྒོས་གཡུ་ལྷ་ཐོག་འགྱུར་ཁོ། །ང་འདན་མས་མི་ཐུབ་ཡོང་དོན་མེད། ། ང་འདན་མ་སྔོན་ལ་འགྲོ་བས་ཆོག །གཡུ་ལྷ་རྒོད་ཞན་བལྟས་ནས་ཡོང༌། །གནམ་ཡག་བང་ཁ་མྱུལ་ནས་ཡོང༌། །ཨེ་རེད་གླིང་རུས་ཐུགས་བསམ་སྐོར། །ཅེས་ཟེར་ཞིང་ངར་ལངས་པའི་སྐབས་དེར། ཤན་པས་གཏམ་ལན་གྱི་གླུ་འདི་བླངས་སོ། །
གླུ་ཨ་ལ་ཐ་ལ་ལ་ལ་རེད། །ཐ་ལ་གླུ་ཡིན་ལེན་ལུགས་རེད། །བདེ་མོའི་ངག་ལམ་འཆད་རོགས་མཛོད། །ས་འདི་ས་ངོ་མ་ཤེས་ན། །སྔར་དུས་རྐང་པས་མ་བཅག་ཀྱང༌། །ད་དུང་སྡོད་མལ་ལྷ་ལུང་རེད། །འདུ་ར་སྟག་ཐང་ཁྲ་མོ་རེད། །ང་དང་ང་ངོ་མ་ཤེས་ན། །ཧོར་དཔའ་བཟང་ཤན་པ་རྨེ་རུ་རྩེ། །སེམས་མཚར་བྱས་ཀྱང་ཤན་པ་ང༌། །སྐྱིད་ཟེར་བ་ཧབ་སྟེ་རྒོད་དོགས་མེད། །ཟ་མ་མོ་ཡི་ཡ་ཚུལ་རེད། །སྡུག་ཟེར་བ་ཤུགས་ཀྱིས་ངུ་དོགས་མེད། །སྐྱེས་པ་ཕོ་ཡི་ཡ་ཚུལ་རེད། །ང་བྱུས་ཤོར་ཧོར་གྱི་བཙོན་པ་ལ། །ཁྱོད་མའི་དཔའ་གཏམ་དགོས་པ་མེད། །ས་ཐམ་འཇང་གི་རྒྱལ་པོ་ལ། །འདན་མས་འཛིངས་ནས་ཨེ་ཐུབ་ལྟོས། །ང་ཤན་པའི་སེམས་ཀྱི་བསམ་ཚུལ་ལ། །ངར་རྒྱུས་འདན་མ་རྒོད་ཞན་འདྲ། །གཡུ་ལྷ་ཐོག་འགྱུར་མི་ཐུབ་བསམ། །བྱང་ཐང་ཡངས་མོ་ལོག་གི་མདན་མ་རྒོད་ཞན་འདྲ། །དམར་གཡང་བྲག་ལ་འགྲོ་ལེ་མིན། །འབེན་བཞག་སྟེང་གི་སྐྱེན་པོ་དེ། །སྔོན་པོའི་ཁྲབ་ལ་འགྲོ་ལེ་མིན། །གཞིས་བུད་མེད་དཀྱིལ་གྱི་གཏམ་བཟང་དེ། །བྱུས་ཆེན་ཁྲོམ་ལ་འགྲོ་ལེ་མིན། །གཉེན་བྱམས་པའི་མདུན་གྱི་ཁ་པོ་དེ། །དགྲ་ནག་པོའི་ཐོག་ཏུ་ཁུར་ལེ་མིན། །དེ་ཟེར་ཡང་ཟེར་ལ་བདེན་པར་གོ །ང་བཙོན་པའི་ཐོག་ཏུ་འགྲོ་འགྲོ་དེ། །དཔུང་ཆེན་གཡུལ་ངོ་ཨེ་བཟློག་ལྟོས། །གཏམ་དེ་ཚོ་འདན་མའི་ཡིད་ལ་ཟུངས། །
ཞེས་ཟེར་ཞིང༌། གཞན་ཡང༌འདན་མས་ཤན་པ་འདི་དང་ཕོ་སུ་རེད་ཀྱི་ཚད་གཅིག་མ་བལྟས་པར་དམག་འགྲོ་སོགས་ཡོང་ཐབས་མེད་བསམས་ཤིང༌། ཤན་པ་ལ་གཏམ་གྱི་ལན་དུ་གླུ་འདི་བླངས་སོ། །
གླུ་ཨ་ལ་ལ་ལ་ཨ་ལུ་རེད། །ཨ་ལ་ངག་གི་འགུགས་གླུ་རེད། །གླུ་རྒྱབ་རྟེན་རྒྱལ་བ་རིགས་ལྔས་མཛོད། །མདུན་བསུ་རིག་འཛིན་ཕོ་མོས་མཛོད། །གླུ་སྣ་མ་དང་མཁའ་འགྲོས་དྲོངས། །སྟོང་དབྱེར་མེད་མཁའ་འགྲོ་ཆོས་ལ་བསྒྱུར། །ཆོས་འབྱུང་དཀར་པོས་ལམ་སྣ་དྲོངས། །དེ་ནས་ང་ལ་ཉན་རྒྱུ་ལ། །ཧོར་སེར་པོའི་བཙོན་པ་དམར་རྒྱ་བ། །ཁྱེད་བདེན་རང་བདེན་ནོ་དམར་རྒྱ་བ། །ཕོ་ལ་ལས་བརྗེད་དུས་ལ་ལས་དྲན། །བྱ་ལ་ལ་འཕུར་དུས་ལ་ལ་བབས། །ང་འདན་མས་མ་བཟུང་བརྗེད་ལེ་རེད། །ཁྱོད་ཤན་པས་གསལ་འདེབས་དྲན་ལེ་རེད། །སྨ་གླིང་ཁུག་པ་སྒར་གྱིས་མནན། །རྨ་ཆུའི་ཁུག་པ་ཁྲག་ལ་བསྒྱུར། །གཡུ་སྦྲ་རེ་བས་ཤ་གདན་བྱས། །ཇ་རྫོང་སྨུག་པོའི་ཟུར་བཞི་བཀོག །གཡུ་སྒོང་སྔོན་པོ་བྲག་ལ་བརྡབ། །བཞེངས་པའི་མཁར་རྫོང་འདན་དང་བྲལ། །སྐྱེས་པའི་མི་རྣམས་གྲི་རུ་བཀུམ། །སེང་ལྕམ་འབྲུག་མོ་བཙན་འཕྲོག་བྱས། །ཆགས་མེད་དྲི་ཟའི་གྲོང་ལྟར་བཅོམ། །ཡང་སྒོས་འབུམ་པའི་ཞལ་ལུ་དཀྲོངས། །མ་བྱས་ལས་ལ་གཅིག་ཀྱང་མེད། །དེ་བྱེད་མི་གཡོ་མི་ཤན་པ་ཡིན། །ཚེས་བཅོ་ལྔའི་ཟླ་བ་ཤར་བའི་ཚེ། །རྒྱ་ཚའི་ཞལ་རས་དྲན་ཐེངས་རེ། །དྲན་ཐེབས་རེ་ལ་མཆི་མས་གནོང༌། །ཁྱོད་དང་ང་གཉིས་རྩེད་མོ་རྩེ། །ཁྱོད་ཤི་ན་འགྱོད་པ་མཚར་ལེ་ཡོད། །ང་སེང་ཆེན་རྒྱལ་པོའི་ཆོས་བློནཡིན། །ང་ནི་ཤི་ཡང་འགྱོད་པ་མེད། །བྱས་ཆེ་ན་རིན་ཆེན་སྲོག་ལ་བབས། །གཏམ་ཟེར་ཡང་ཟེར་དེ་བདེན་པ་རེད། །དཔའ་རྒྱ་ཚའི་ཞལ་རས་མ་དབང་པའི། །གོང་དཔོན་པོས་མགོ་འདྲེན་ཡོང་སྙམ་མེད། །ང་མི་རྒན་ཡིད་ལ་སེམས་རླུང་འཁྲུགས། །ད་ཐོན་ཤོག་ཐོན་ཤོག་དམར་རྒྱ་བ། །
ཞེས་ཟེར་ཞིང་ངར་བའི་སྐབས་སུ། སྲས་དགྲ་ལྷ་རྩེ་རྒྱལ་དེ་ལ་འདན་མའི་ཚིག་གིས་རྐྱེན་བྱས་ནས་ཡབ་ཞལ་ལུ་ཐུགས་ལ་འཕྲེང་ཞིང༌། གློ་བུར་དུ་ཐུགས་ཁྲོས་དེ་སྨྲས་པ།
སྭོ་སྭོ་སྭོ། གླུ་ཨ་ལ་ལ་ལ་ཐ་ལུ་རེད། །ཨ་ལ་ངག་གི་འགུགས་གླུ་རེད། །སྐྱབས་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །ས་འདི་ས་ངོ་མ་ཤེས་ན། །སྨ་ཡུལ་གླིང་གི་ས་ཆ་རེད། །ང་དང་ང་ངོ་མ་ཤེས་ན། །འབུམ་པའི་དགྲ་ལྷ་རྩེ་རྒྱལ་ཡིན། །མིང་ཆེ་བ་དགུང་དུ་དྲག་ཞན་འདྲ། །དོན་རྣོ་ངར་ཕ་མེད་དྭ་ཕྲུག་རེད། །དྲིན་ཕ་མ་མེད་པའི་བུ་ཕྲུག་ནི། །གཏམ་ཚིག་གསུམ་ལབ་ཀྱང་ཚིག་འཕང་དམའ། །གོམ་གསུམ་འགྲོ་ཡང་ས་ཆོད་ཆུང༌། །རང་ལས་ཞན་པས་ཕག་ན་འཕྱང༌། །འཁོར་རྟེན་མེད་པའི་རླུང་དང་འདྲ། །མཁོ་བའི་ཚིག་བཟང་སུ་ཡིས་སློབ། །གཏམ་སྙན་པ་ཤོད་མཁན་སུ་ཡང་མེད། །མི་དགོས་ངན་ཚིག་ཀུན་གྱིས་སྟོན། །དཔའ་ཞལ་ལུའི་དགྲ་ཤ་མ་ལོན་པའི། །དགྲ་སྟག་ལྤགས་མགོ་ནས་མ་ཐུལ་ན། །དེ་ཡིན་འབུམ་པའི་དགྲ་ལྷ་ང༌། །རྫོང་འབུམ་ཆུང་ནང་དུ་རྒས་ན་ཕངས། །གཏམ་གོ་ནི་ཨེ་བྱུང་གླིང་རུའི་སྡེ། །
ཞེས་གསུངས་ཤིང་ཤན་པ་ལ་ཐུགས་ཁྲོས་པའི་ངང་ནས་གླུ་དེ་ལྟར་བླངས་པས། དེའི་རྒྱབ་དཔའ་མོ་ཨ་སྟག་ཀླུ་མོས་སྨྲས་པ། འོ་ན་གླིང་དཀར་དཔའ་རྟུལ་དང་སྲས་དགྲ་ལྷ་བཅས་གསོན། ཡང་སྒོས་ཧོར་ཤན་པ་ཉོན་དང༌། གླིང་ཚོ་ཆེན་ལྷ་སྡེའི་བྱུས་ཀྱི་འགྱུར་ཚོད་བྱུས་བཙོན་པ་ལ་མ་བབས། ཁ་བདེ་བས་མི་ཚེ་འཁྱོལ་བ་མིན། དོན་དམ་པའི་དཔའ་གཏམ་ཡིན་ན། ཨེ་ཡག་ཁྱེད་རང་བསམ་བློ་བསྐོར་འཐབ་ཡ་དཔའ་མོ་ངས་ཀྱང་ཡོང་ཟེར་བའི་སྐབས་དེར། འཛམ་གླིང་སེང་ཆེན་རྒྱལ་པོས། ཚོ་ཆེན་ལྷ་སྡེ་དཀར་པོ་དང༌། ཡང་སྒོས་སྲས་དགྲ་ལྷ་འདན་མ་བྱང་ཁྲ་བཅས་ཉོན། ང་འགོག་ཚ་གླིང་གི་ཇོ་རུ་དགྲ་ལན་མེད་དུ་གཏོང་བའི་མི་ཞིག་མིན། ཧོར་ཤན་པ་འདི་གོང་མ་ལྷ་ནས་ཡོང་སྐབས་སྨོན་ལམ་འདེབས་ཚུལ་གྱིས་སྐྱེ་ས་ལོག་པ་མ་གཏོགས༌དོན་དུ་ཕུ་ནུ་དང་ཁྱད་མེད་པས། བསད་ན་སྤྱི་ཆོས་གླིང་ལ་གཏམ་ངན་པའི་གཞི་ཡིན། ཡང་སྒོས་སྨུག་པོ་གདོང་ལ་མི་ལེགས་པའི་གཞི་ཡིན། རྒྱུ་མཚན་ཡོད་པས་ཉོན་ཅིག་གསུངས་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ཐ་ལ་རེད། །གླུ་ཨ་ལ་ངག་གི་འགུགས་གླུ་རེད། །ས་འདི་ས་ངོ་མ་ཤེས་ན། །འདུ་ར་སྟག་ཐང་ཁྲ་མོ་རེད། །ང་དང་ང་ངོ་མ་ཤེས་ན། །སྨར་ཁམས་གླིང་གི་ས་ཆ་ནས། །ཇོ་རུ་ཕྱོགས་བཞིའིདགྲ་འདུལ་རེད། །ང་ཇོ་རུའི་དགྲ་ལ་ཐུལ་དུས་མེད། །འཇང་ས་ཐམ་ཕར་དམག་སླེབས་འདུག་ཟེར། །ཟས་ཀྱི་བྲོ་མཆོག་ཁྱེར་འདུག་ཟེར། །ཕུ་ནུ་སྟག་གཟིག་ཁ་སྤྲོད་ལ། །བསམ་པ་མི་གཅིག་ཡོང་དོགས་མེད། །ཡང་སྒོས་འདི་ལོའི་ཕར་དམག་འདི། །ལེགས་ན་ཕུག་བདེ་འཕྲལ་སྐྱིད་རེད། །བློ་སེམས་འདུན་མ་འགྲུབ་ལེ་རེད། །ནམ་མཁའ་དབུ་བྱས་ས་གཞི་ལ། །ཧོར་ཤན་པ་མེད་ན་མེད་ཐབས་མེད། །ཤན་པ་སྔོན་ལ་འགྲོ་དགོས་ཡོད། །ནེ་ནེས་ང་ལ་ལུང་བསྟན་ཡིན། །དེ་ཚོ་གླིང་གི་ཡིད་ལ་ཟུངས། །ཞེས་གསུངས། དེ་ནས་ད་དུང་།
ཁྱོད་འདན་མ་མ་སྡོད་རྟ་སྒ་སྒྲོན། །དམག་ཡ་གིའི་འགྲམ་ལ་ཕར་ཕར་རྒྱུགས། །དཔའ་རྒྱ་ཚའི་ཞལ་རས་མཇལ་ནས་ཡོང༌། །ལས་སྐྱིད་སྡུག་གཏམ་གཅིག་ཡོང་ངེས་ཡིན། །ཧོར་སྡིག་སྤྱོད་ཤན་པ་རྨེ་རུ་རྩེ། །ཡིན་རིག་གཏམ་ཞིག་ཡོང་ངེས་ཡིན། །དེ་ནས་གླིང་དཀར་དཔའ་རྟུལ་རྣམས། །བྱུས་ཕྱི་ནང་ལག་ལེན་བྱེད་མི་རྣམས། །དམག་ཁྲ་བོ་སྒར་གྲ་སྒྲིག་གྲབས་གྱིས། །ལོ་གསུམ་བདུད་བློན་བཙོན་ལ་བཟུང༌། །དགུང་ཉི་ཟླ་མི་མཐོང་ཁྱིམ་ལ་ཆུག། །ཁྱོད་རང་བྱས་རང་གི་སྟེང་དུ་ཡོང༌། །སེམས་དགའ་རུ་བསམ་མམ་སྡུག་ཏུ་བསམ། །ད་མ་སྡོད་ཤེད་ཆེན་བུ་གཉིས་ལོངས། །ཁྲ་ཧོར་པས་བྱིལ་ཆུང་བཟུང་འདྲ་གྱིས། །གཏམ་གོ་ནི་ཨེ་བྱུང་གླིང་རུའི་སྡེ། །
ཞེས་གསུངས་པས་གླིང་རྒན་མི་རྣམས་དགའ་དྲག་ནས་ཕྱག་འཚལ་བ་སོགས་བྱས། ཁྲོ་ཐུང་ཁ་སྐྱེངས་ནས་རེ་ཞིག་ཐོམ་མེར་ལུས། དེ་ནས་བསམ་བློ་ཞིག་ལ་གླིང་མི་གཞན་རྣམས་ནི་རྟ་སྒ་སྤྲོད་པ་མི་འདུག །ངས་སྔོན་ལ་སོང་ནས་སྒར་ཡ་གིའི་གཏམ་བཟང་ངན། ལྷག་པར་རྒྱ་ཚ་སྐུ་དངོས་ཡོད་ན་འདན་མའི་ཞོར་བཏེགས་པའི་གཏམ་ཞིག་དམོས་བསམ་འཕྲལ་དུ་སོང་ཞིང་ལྷ་སྒར་ལ་ཤར་རྒྱག་འགྲོ་རྩིས་ལ། ལྷ་རྣམས་ཀྱིས་ནང་དུ་ཕྱིན་མི་ལྡོག་པ་དང་གཟུགས་བཟང་བ་ཡོད་པའི་སྟབས་ཀྱིས་ཉེ་བར་འགྲོ་མ་ཕོད་ཅིང་རྒྱང་ནས་མཇལ་དར་ཕུལ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་ངག་གི་འགུགས་གླུ་རེད། །གླུ་ལེན་པ་དགུང་སྔོན་དབྱངས་སུ་ལེན། །ངག་འགུག་པ་གཡུ་འབྲུག་སྐད་དུ་ལེན། །ཚིག་འཐུ་བ་རྒྱ་མཚོའི་གླིང་ལ་འཐུ། །ཀ་ལའི་ལྷ་ཐང་གཡས་ཟུར་རེད། །སྒར་འདི་ལྷ་སྒར་རྔམ་ཟིལ་ཅན། །ལས་སྨོན་དག་པའི་མཇལ་ལུགས་ལ། །ང་དཔོན་པོ་ཁྲོ་ཐུང་སྐལ་ངོ་ལ། །དར་དཀར་སེར་སྔོན་པོ་ཡུག་མཐུད་དགུ། །ཁྱེད་ལྷ་དམག་དཀར་པོའི་མཇལ་རྟེན་མཛོད། །དེ་ནས་མོས་པའི་ཞུ་བ་ཡོད། །མ་ཡེངས་སྙན་གྱི་དབང་པོ་གཏོད། །ཕོ་སྐྱེ་ལུས་ཐོབ་པའི་ཡང་རྩེ་ལ། །མ་བཞི་དཔོན་པོ་ཁྲོ་ཐུང་ལ། །འདི་ལོ་དམག་ལ་འགྲོ་ལེ་ལ། །མི་ལ་དཔའ་བའི་སྲོག་ཁེབ་ཞུ། །མཚོན་ལ་རྣོ་བའི་ངར་ཆུ་བླུད། །ལས་ཅི་བསམ་འགྲུབ་པའི་སྡོང་གྲོགས་མཛོད། །སྨར་ཁམས་གླིང་གི་ས་ཆ་རུ། །ཟོག་ནོར་བུ༌ཆུ་སྲིན་གྲེ་བའི་བཅུད། །ངར་ཚེར་མ་ཙནྡན་ཤིང་གི་སྡོང༌། །གླིང་གེ་སར་འཛམ་གླིང་བོད་ཀྱི་ལྷ། །འདི་མིན་པ་ཡུལ་ཁམས་གཞན་དག་ན། །ཡོད་བསམ་པ་སེམས་པའི་ཟུར་ལ་མེད། །ཡིན་ཀྱང་འདི་ལོའི་གྲོས་འཛིན་ལ། །གུང་དཔོན་པོའི་བཀའ་བཀྱོན་བློན་ལ་བབས། །དོན་བདེ་མོའི་ངག་ལ་མཁོ་ངེས༌པའི། །སེམས་ཤེས་བྱའི་སྐྱ་རེངས་མ་ཤར་ན། །བློ་མུན་དུ་འཁྲིགས་ནུས་མི་ཤེས་འདུག། །སྒོས་ཞལ་ལུ་ཧོར་གྱིས་དཀྲོངས་ལེ་དེ། །ལུས་འདོམ་གང་ཧོར་གླིང་ས་ཆ་རུ། །གནས་ས་ཕུང་བཞིན་དུ་གཏོར་ཞན་འདྲ། །སེམས་གོང་དཀར་ཆོས་ཉིད་རང་མདངས་དེ། །སྟེང་དག་པ་ལྷ་རུ་བཞུགས་ཡོད་ཟེར། །དེ་ཡོད་ན་ཞལ་མཇལ་ཨེ་འོང་ལགས། །ཚིག་འབྲས་བུའི་གནས་ལུགས་མི་ཤེས་ཀྱང༌། །བདེན་ངེས་པའི་གཏམ་ཞིག་ཞུ་དགོས་བསམ། །གླིང་འདན་མའི་སྐྱིད་སྡུག་བཤད་དགོས་བསམ། །དོན་འབྲས་མེད་ཡོང་ལུགས་དེ་ལྟར་ཡིན། །རྐྱེན་ཕྱི་ནང་བར་ཆད་སེལ་བར་ཤོག། །
ཅེས་ཟེར་ཕྱག་འཚལ་ནས་ཡུད་ཙམ་དེ་གར་གནས། ངག་ཟུར་གྲུབ་པའི་ལན་ཚིག་འབྲས་ཐོས་པ་ཙམ་མ་བྱུང༌། བར་དེར་དཔའ་རྟུལ་གཞན་རྣམས་ཀྱང་ལྷ་སྒར་ལ་ཡ་མཚན་དང་མོས་པའི་སྒོ་ནས་ཐམས་ཅད་དགའ་སྤྲོ་དཔག་མེད་ཐོབ། འདན་མ་ངེས་པར་རྒྱ་ཚ་དངོས་དང་མཇལ་ཨེ་ཡོང་བསམ་དགའ་སྐྱིད་ཟུང་འབྲེལ་སྒོ་ནས་ཕར་ཙམ་སོང་བས། ཤར་ཕྱོགས་ཀྱི་ནམ་མཁའ་ལ་སྤྲིན་ཁ་དོག་སྣ་ཚོགས་འཇའ་ཡི་ཕུང་ལྟར་གསེར་དངུལ་དང་སྤུག་དང་ཟངས་མའི་མདངས་བཞི་ལྡན་དུ་འཚར་བས་མེ་ཏོག་འདབ་མ་ལྔ་པར་ཆར་ཆེན་བབས་ཤིང༌། དེའི་ཚེ་སྤྲིན་གྱི་དབུས་སུ་སྤྲིན་དཀར་གྱི་ཕུང་པོ་མཆོད་རྟེན་གྱི་དབྱིངས་ལྟ་བུ་དེའི་དཀྱིལ་དུ་རྒྱ་ཚའི་སྐུ་དངོས་འདྲ་བ་ཕྱེད་ཙམ་མཐོང་ཞིང༌། གཞུ་རིས་ཀྱི་དབྱིབས་ལྟ་བུའི་ན་བཟའ་བཅས། ཞལ་རས་ཉ་རྒྱས་དུང་ཟླ་ལྟ་བུར་འཛུམ་ཞིང༌། འདན་མ་ལ་ཅེ་རེར་གཟིགས་ནས། འདན་མ་ཡང་རྒྱ་ཚ་མཇལ་བའི་དགའ་སྤྲོ་དཔག་མེད་ཐོབ་ཅིང་ཕྱག་གྱང་འགྱེལ་བ་ལྟར་འཚལ་སྐབས་དེར། རྒྱ་ཚས་འདན་མ་ལ་ཞལ་གཏམ་སྡུག་བསྔལ་རང་གྲོལ་ངག་རྟ་ལྷའི་བསིལ་སྙན་ལ་དྲངས་པ་འདི་གསུངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །སྐྱབས་ཆོས་སྐུའི་སངས་རྒྱས་ཀུན་ཏུ་བཟང༌། །ལོངས་སྐུ་བདེ་གཤེགས་རིགས་ལྔ་དང༌། །སྤྲུལ་སྐུ་རིགས་གསུམ་མགོན་པོ་བཅས། །ཐུགས་བརྩེ་བས་འགྲོ་བ་ཡོངས་ལ་གཟིགས། །སེམས་དཀར་པོ་ཆོས་ཀྱི་ཞིང་ས་རུ། །གསོལ་འདེབས་གཡུ་འབྲུག་ཁ་ནས་ལྡིར། །བྱིན་རླབས་ཆར་པ་བབས་པར་ཤོག། །དེ་ནས་ང་ལ་ཉན་རྒྱུ་ལ། །ས་འདི་ས་ངོ་མ་ཤེས་ན། །སྨར་ཁམས་གླིང་གི་ས་ཆ་རེད། །ཡུལ་ལུང་མཐོང་སྨོན་རྒྱང་གྲགས་རེད། །ང་དང་ང་ངོ་མ་ཤེས་ན། །དགུང་སྔོན་འཇའ་ཡི་གུར་ཁྱིམ་འདིར། །སྐད་ལྷང་ལྷང་སྒྲོག་པའི་ཆོས་ཚིག་ཅན། །སྔར་དུས་འབུམ་པའི་རྒྱ་ཚ་རེད། །ད་དུས་ལྷ་ཕྲུག་གཞོན་ནུ་རེད། །དུས་དེ་རིང་ས་གཞི་བསྲ་བརྟན་སྟེང༌། །ལྷ་མར་མེ་མཛད་ཀྱི་རྗེས་འཇུག་ལ། །ཐབས་ཤེས་རབ་འཕྲུལ་གྱི་མེ་ལོང་ཅན། །དོན་འགྱུར་མེད་འདན་མ་བྱང་ཁྲ་ཁྱོད། །ལས་སྒྱུ་མའི་འཁྲུལ་སྣང་བྱེད་མི་ལ། །ངེས་དོན་གོ་ན་བརྡ་གཅིག་ཡོད། །མ་ཡེངས་རྣ་བའི་དབང་པོ་གཏོད། །ཅི་སྣང་སེམས་ཀྱི་ཆོ་འཕྲུལ་ལ། །སྐྱིད་སྡུག་སྐྱོ་ཤས་ཡིད་མུག་སོགས། །བར་སྣང་སྟོང་པའི་འཇའ་དང་འདྲ། །བདེན་འཛིན་གྲུབ་པ་ལར་གྱིས་མེད། །ཁྱོད་འདན་མ་བློ་སེམས་ངར་མི་དགོས། །ཡང་སྒོས་འཛམ་གླིང་སེང་ཆེན་དེ། །སངས་རྒྱས་བཀའ་ཡིས་མངགས་ལེ་རེད། །ཐར་ལམ་སྟོན་པའི་བླ་མ་འདྲ། །དམ་ཚིག་མ་ལགས་ཅི་གསུངས་སྒྲུབས། །ཚངས་པའི་ལུང་ན་གྲགས་ལེ་ལ། །དགྲ་འདུལ་དཔའ་བོ་གཟུགས་སུ་གྲུབ། །སངས་རྒྱས་བསྟན་པའི་སྲོག་ཤིང་འཛུགས། །ངག་འཁྱལ་ཐུགས་འཁྲུལ་ཡོད་མི་སྲིད། །གསུང་ལ་གྱེན་ལྡོག་ཞུ་མི་འཚལ། །རང་སེམས་རྩ་བ་མ་རྟོགས་ན། །ང་རྒྱལ་དྲག་པོས་དགོངས་པ་འཁྲུག། །འདི་ཕྱིའི་བདེ་བ་ག་ལ་འགྲུབ། །ཕྱི་མ་འབྲས་བུ་དམྱལ་བ་སྤྱོད། །དཀོན་མཆོག་རིན་ཆེན་རྣམས་གསུམ་ལ། །མི་བདེན་མ་སྙམ་བློ་སེམས་གཏོད། །སངས་རྒྱས་ཆོས་ལ་ཡིད་གཉིས་སྤོངས། །རྒྱུ་འབྲས་གཉིས་ལ་ཐེ་ཚོམ་སྤོངས། །རྒྱ་ཚ་གླིང་ལ་ཡོད་དང་མཚུངས། །རྒྱ་ཚ་ང་ཉིད་དྲན་པའི་དུས། །འབྲལ་མེད་སྙིང་ནས་གསོལ་བ་ཐོབ། །བྱིན་རླབས་ཉེ་རིང་མེད་པར་ཡོང༌། །རྒྱ་ལ་ཤན་པ་བསད་ཟེར་ན། །གླིང་རུ་རྨེ་མིང་ཐོག་རྒྱུ་རེད། །ཕྱི་རེས་གངས་པ་བོད་ལ་གནོད། །དེ་བས་འདན་མ་བསམ་བློ་སྐོར། །འདན་མའི་འཐབ་རོགས་ཡོང་ངེས་ཡིན། །དོན་དེ་འདན་མའི་རྣ་བར་ཟུངས། །
ཞེས་གསུངས་པས། འདན་མའི་བསམ་པར་རྒྱ་ཚ་དངོས་ཀྱི་གསུང་ཡིན་འདུག་རུང་ཤན་པ་ངེད་གཉིས་ཡུན་རིང་པོ་བློ་གཅིག་ཐབས་མེད་ཀྱང༌། ད་ལན་མི་བྱེད་ཐབས་མེད་ཡིན་སྙམ། དེ་ནས་གླིང་དམག་རྣམས་ཀྱི་ཉིན་ལམ་གཅིག་གི་ས་ནས་ཧོར་ཤན་པ་སྔོན་ལ་བརྫངས་ཤིང་འཇང་དམག་རྣམས་སྒར་གྲ་སྒྲིག་པའི་ཐོག་ཏུ་སླེབས་ཅིང༌། འཇང་མི་རྣམས་ཀྱི་མཐོང་བས་བྱང་ཤར་མཚམས་ནས་ཐལ་བ་འཕྱུར་ཞིང་མི་དམར་རྟ་དམར་གཡབ་ལེ། །གསེར་ཁྲབ་སེར་རྨོག་གྱོན་པ། །འཁོར་གསུམ་སྤྲིན་རྨོག་འཁྲིགས་ས། །མདུང་དམར་མེ་ལྕེ་མཆེད་འདྲ་ཁུར་བ་ཞིག་ཐེ་ཚོམ་མེད་པར་བསླེབས་བྱུང་བས། །ལ་མོ་གཡུ་ལྷ་ཐོག་འགྱུར་དེ་གནམ་ཡག་སྔོན་པོ་ལ་ཆིབས། །བྱང་བུ་ལྷ་རྒྱུན་ལུས་ལ་གྱོན། །ནོར་ནུ་རྩེ་གསུམ་མགོ་ལ་གྱོན། །འཁོར་གསུམ་བསྐོར་རྒྱང་ངེར་ཐོན་ནས་མདའ་མགོ་འཕུར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་ཡར་མཁྱེན་གནམ་ཐེལ་དཀར་པོ་མཁྱེན། །བར་མཁྱེན་བར་ཐེལ་ཁྲ་བོ་མཁྱེན། །མར་མཁྱེན་ས་ཐེལ་ནག་པོ་མཁྱེན། །མཁྱེན་གཟིགས་དཔའ་བོའི་སྡོང་གྲོགས་མཛོད། །ཨ་ཀྱང་མཚར་གྱི་ཆེ་བ་ལ། །མི་མེད་ཡུལ་ལ་མི་ཞིག་བྱུང༌། །མ་ཤི་ཁ་འཁྱར་གང་འདྲ་ཡིན། །རྟ་མེད་ཡུལ་ལ་རྟ་ཅིག་བྱུང༌། །རྟ་ཤི་རྟིལ་ཐོར་གང་འདྲ་ཡིན། །མགོ་འཁོར་མི་ཡི་ཡོང་ལུགས་ལ། །ཞམ་ཆེན་པ་ཞིག་ངེས་ཀྱི་གྱོན། །རྐུན་མ་ཡིན་ན་ཧམ་པ་ཆེ། །ཇག་པ་ཡིན་ན་དཔུང་རེ་ཉུང༌། །སྡིག་པའི་ན་བུན་ཐུ་ལུ་ལུ། །ས་གང་གི་ཕྱོགས་ནས་ཡོང་ལེ་ཡིན། །ལམ་སྐྱ་རིང་བརྒྱུད་ནས་ག་རུ་འགྲོ། །ཕ་ས་མ་འཁུར་གང་འདྲ་ཡོད། །གཉེན་དང་ཉེ་བ་གང་འདྲ་ཡོད། །མགོ་འཛིན་དཔོན་པོ་གང་འདྲ་ཡིན། །རྒྱབ་ལ་ཕར་དཔུང་གང་འདྲ་ཡོད། །མི་ཡོང་ཁ་མེད་སུ་ཡིས་དེད། ཁྱོད་དེ་རིང་གསོན་རེས་འཁོར་ལེ་རེད། །
ཅེས་ཟེར་ཞིང་མདའ་འདོན་ཚད་པའི་སྐབས་དེར། ཤན་པས་སྨྲསཔ། ཁོ་རེ་སྔོན་པོ་གཡབ། ཁྱོད་ཀྱི་མདའ་ལ་བསྲིང་ལོང་ཡོང༌། ལྷོད་ཙམ་གྱིས་ལ་ངའི་གླུ་འདི་ཉོན་ཟེར་ཞིང་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་མོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །ཡིན་རྒྱུ་ཅན་གྱི་མི་ཞིག་ཡིན། །ཁུང་དང་ཉེ་བ་ལོས་ཀྱང་ཡོད། །རང་རྒྱུད་ཤེས་པ་བཀྲ་ལེ་ཡིན། །འ་ཆེན་ཧོར་གྱི་ས་ཆ་ལ། །རྒྱལ་པོ་མཆེད་གསུམ་གྱིང་ཡ་ཡིན། །མ་ཡིན་ཟེར་ཀྱང་ཤན་པ་ཡིན། །ཐིང་ཤིང་རྒྱལ་གྱི་བུ་སྐལ་ཁྱོད། །ཨ་ཁ་མི་ཡི་མཚར་ལུགས་ལ། །རྐང་པས་ཡོས་དཀར་བྲེལ་ལུགས་དང༌། །ལག་གྱི་ཆོག་དཀར་རྒྱང་ལུགས་ལ། །རྡོ་ཐུང་ང་རྒྱལ་ཆེ་ལུགས་ལ། །དེ་འདྲ་ལར་གྱི་དགོས་དོགས་མེད། །བསམ་བློ་ལེགས་པར་བཏང་ནས་སུ། །ཚིག་གསུམ་གྲབ་ལེན་མ་བྱས་ན། །དགྲ་གཉེན་ཤན་ཞིག་འབྱེད་ལུགས་མེད། །གོམ་གསུམ་གོམ་གཅིག་མ་སོང་ན། །སྒོ་ཐེམ་ལ་མོ་ཐེབས་དོགས་མེད། །ཁྲ་ཆུང་མིག་གིས་མ་བལྟས་ན། །ས་གནམ་གྱེད་གོ་ཤེས་དོགས་མེད། །ང་ཡོང་ལེ་ཡོང་ལུགས་བཤད་པས་ན། །ཁ་སང་ཉི་མའི་ཡར་སྟེང་ལ། །གུར་གཡང་གནམ་གྱི་རྒྱལ་པོ་དེ། །གསུང་ཞལ་ལྟའི་ཟུར་ནས་འདི་འདྲ་བྱུང༌། །ས་ཐམ་འཇང་གི་ཕར་དམག་དེ། །ཟས་བཅུད་ལེན་དུ་འགྲོ་འདུག་ཟེར། །དམག་དཔོན་གཡུ་ལྷ་ཐོག་འགྱུར་གྱིས། །རུ་སྣེ་ཁས་ལེན་བྱས་འདུག་ཟེར། །ཤན་པ་མ་སྡོད་སོང་ཞིག་གསུངས། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང༌། །སྟེང་མ་ལྷ་ནས་དམ་ཚིག་གཅིག །ཚངས་པ་དཀར་པོའི་སྲས་སྐལ་དུ། །མེ་ཏོག་འདབ་མ་གཅིག་ལ་ཐུག །མཐུན་སེམས་འདུན་མ་ཆིག་སྒྲིལ་གྱིས། །མི་འགྱུར་གཏམ་གཅིག་ཞོག་ཤོག་གསུངས། །དེས་ན་འགོག་མོའི་ཇོ་རུ་ཁོས། །ཕུང་བཤིག་སྟ་གྲི་ཀུན་ལ་བྱས། །བཀྲ་ལག་ཟེར་མ་རླུང་ལྟར་བྲན། །རྒྱ་ཚ་ཞལ་དཀར་མགོ་བྱས་པའི། །རྒོད་པོ་འགའ་རེ་ཧོར་གྱིས་བསད། །སེང་ལྕམ་འབྲུག་མོས་གཙོ་བྱས་པའི། །མཛངས་མ་འགའ་རེ་ཧོར་གྱིས་ཁྲིད། །དེང་སང་དུས་ཀྱི་ཁུག་སོ་ལ། །འགོག་ཚའི་བུ་སྡུག་ཇོ་རུ་ཁོས། །ནག་པོ་བདུད་ལ་ཐོད་མདའ་སྤྲད། །བདུད་སྡེ་དཀར་ནག་ཆོས་ལ་བསྒྱུར། །ཤ་ཟ་བདུད་ཀྱི་དམག་དང་སྡེབས། །དེང་སང་ཧོར་ལ་ཡོང་རྒྱུ་ཟེར། །འཇང་ས་ཐམ་དམག་རོགས་སླེབས་པའི་དུས། །ཇ་འདྲེན་ཆང་གུས་བྱེད་མི་ཡིན། །སྐོར་ན་སེམས་ཆུང་ཚང་ལེ་རེད། །མ་བཞུགས་གཡུ་ལྷ་ཕེབས་གྲབས་གྱིས། །འ་ཆེན་གུར་དཀར་སྐུ་ཞབས་སུ། །ཇ་ཆང་ལོངས་སྤྱོད་སྐྱེམས་ཞུ་བྱེད། །རྟ་མཛོ་དར་གྱི་འབུལ་བ་བྱེད། །དེ་ནས་དཔུང་རྒོད་མཉམ་སྒྲིག་གྱིས། །གླིང་དཀར་སེར་བས་བཅོམ་འདྲ་བཟོ། །གཏམ་དེ་ཚོ་ཡན་ལ་ལབ་རྒྱུ་མེད། །
ཅེས་ཟེར་ཅིང་ལྷོད་ཀྱི་སྡད་པས། གཡུ་ལྷའི་སེམས་ལ་མི་འདིའི་ཟེར་ལུགས་ལ་མགོ་གཡོག་ཞིག་ཡིན་ནམ་བསམས་ཀྱང་གང་ཟེར་བལྟ་བའི་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་མོ་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །ས་ཐམ་འཇང་གྱི་ས་ཆ་ལ། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ཟེར། །ས་ཐམ་རྒྱལ་པོའི་བཀའ་བློན་ལ། །སྡེ་ཁྲ་བོ་ཁྲ་ཤོག་སྣ་འདྲེན་ཡིན། །ཡིན་ལུགས་བཤད་ན་དེ་ལྟར་ཡིན། །དེ་ནས་ཧོར་ཕྲུག་དམར་པོ་ཁྱོད། །གཏམ་ཕུག་མེད་རྫུན་གཏམ་ཁ་ཤོར་འདུག །ཁྱོད་ཧོར་སེར་གུར་དཀར་རྒྱལ་པོ་དེ། །སྔར་གཏམ་ཡིན་ནམ་ད་ཡོད་ཡིན། །ཁྲ་མ་འཆོལ་ལ་ཡིད་མ་ཆེས། །ཐག་རིང་རྣ་བའི་གོ་ཆོད་ལ། །དམར་པོ་མེ་ཡི་ཚ་ངད་དེ། །ཟིལ་པ་རླུང་གྱི་འཇོམས་འདུག་ཟེར། །མང་པོ་གཏམ་ལོང་ང་ལ་མེད། །ཐུ་རུ་སྙིང་མེད་ཚེར་མགོ་ལ། །དམར་ཡག་ཉན་པ་བཅོལ་རེ་ཆུང༌། །རྡ་ལི་ངར་སྐད་ཤོར་བ་ལ། །གཟིག་ཐིག་ལེ་ཉན་པ་རྒོད་རེ་བྲོ། །ཁྱོད་ཙམ་ཚིག་གི་བཤད་བཤད་ལ། །གཡུ་ལྷས་བདེན་འཛིན་ཨ་རེ་མཚར། །མི་དགོས་གཏམ་འདི་ཞོག་ལ་ཐོངས། །ས་ཐམ་མི་ཧྲག་རྟ་ཧྲག་ལ། །ཝ་ཕྲུག་དཔུང་རོགས་དགོས་ལེ་མིན། །དེ་གོ་ན་གོང་དཀར་དཀྱིལ་དུ་ཞོག །དེ་རིང་ཉི་མའི་གདོང་གང་ལ། །ཕར་ལ་གོམ་གང་བཏང་དོགས་མེད། །བཏང་ན་གཡུ་ལྷ་ཡིན་དོགས་མེད། །ཧོར་ཕྲུག་ཤོར་ན་བྱུས་ཤོར་རེད། །
ཧོར་ཕྲུག་ཟིན་ན་བྱུས་ཟིན་རེད། །དམར་པོ་བཙུགས་པ་བྲག་གི་འཕེན། །གཡུ་ལྷ་མ་འཕང་ཐོག་གྱི་འདའ། །སྡིག་དང་སྲོག་གི་སྒྲེལ་ལུགས་ལ། །ཁྱོད་དགའ་རུ་བསམ་མམ་སྡུག་གོ་བསམ། །
ཞེས་ཟེར་ཞིང་སྔོན་ལས་ཀྱང་ངར་ཆེར་སོང་ཞིང༌། ཤན་པའི་བསམ་པར་མདའ་སོགས་འཕང་པ་ན་ཐོག་དང་དབྱེར་མ་མཆིས་པས་དགོས་པ་མེད་བསམ་སྨྲས་པ། ཁོ་རེ་གཡུ་ལྷ་ཐོག་འགྱུར། ས་ཕྱོགས་གང་སྐད་ཀྱིས་དྲིས་ན་ཤེས། བདེ་མོ་གཏམ་གྱི་ཡིན་ལུགས་འཆད་ལོང་མེད་པ་ངང་ཐུང་བྱས་ན་ཨེ་ཡག ང་ཤན་པ་དམར་པོ་ལ་ཡ་ཟི་དཔོན་གྱིས་ཁྱེད་གདན་ཞུ་ལ་མངགས་ལེ་ཡིན། ཁྱེད་རང་ང་ལ་མདའ་གྲི་སོགས་ཅི་བྱས་ཀྱང་ངས་ལན་མི་འཇལ་ཐག་ཆོད་ཡིན། རྟ་ཁྲབ་འཁོར་གསུམ་དང་བཅས་པ་ལེན་ནུས་ན་ཁྱེད་རང་ཅི་བྱེད་གྱིས་ཟེར། ང་ཤན་པ་སྲོག་བཅད་ཀྱང་ཁེད་རང་གི་ལག་ཏུ་ཡོད་བསམ་བློ་མ་བཏང་བར་བྱ་བ་ཆེས་ན་ནམ་ཕུག་ཅི་ཡོང་མི་ཤེས། ལྷག་པར་གུང་དཀར་རྒྱལ་ལ་ང་འབུམ་ཚོ་གཅིག་ལས་ལྷག་ངེས་ཡིན་མི་དགོས་པའི་གྱོད་གཞི་འདིང་ན། རྗེ་ས་ཐམ་རྒྱལ་པོའི་དྲུང་དུ་ལོག་སྐབས་ཀྱང་སྡེ་གཉིས་ཁ་འཐབ་ཟོས་པའི་མི་ངན་དཔའ་ཐལ་རང་ལ་སོང་བས་ལང་ཤོར་ཅན་གསུངས་ཤིང་ཐུགས་མི་ཁྲེལ་བའི་ངེས་པ་མེད། དེ་བས་ད་དུང་འདྲ་ཨེ་འདུག་ང་ཤན་པའི་གླུ་ལ་ཉོན་ཟེར་ཞིང༌། ངག་རྟ་འབྲེལ་རིང་འབྲེལ་ཐུང་ལ་དྲངས་ནས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡ་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་མོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །ཐེ་མོ་ཧོར་གྱི་ས་ཆ་ནས། །ཡ་ཟིའི་གུར་དཀར་རྒྱལ་པོ་ཡིས། །བལྟ་ན་དཔྲལ་བའི་མིག་དང་འདྲ། །ལབ་ན་འཕྲིན་སྐྱེལ་ལྕེ་དང་འདྲ། །གཅེས་པ་ཁོག་པའི་སྙིང་དང་འདྲ། །འགྲོ་ན་བྱིན་པའི་ཉ་དང་འདྲ། །ཁ་ལག་བར་གྱི་ཐུར་མ་འདྲ། མཆོག་དཀར་གྱོང་ཤིང་ཐུག་པ་འདྲ། །རྒྱ་བོད་བར་གྱི་གསེར་ཟམ་འདྲ། །ཨ་ཡོད་ནང་གྱི་ད་ཡོད་རེད། །སྒོ་ངའི་ནང་གི་སེར་ཐིག་རེད། །ར་མགོའི་ནང་གི་མིག་རྡོག་རེད། །སྡང་བའི་དགྲ་ལ་ངོམ་རྒྱུ་ཡིན། །བྱམས་པའི་གཉེན་ལ་སྨོན་རྒྱུ་ཡིན། །ཁ་གཏམ་མེད་པའི་སྣ་ཐུག་དང༌། །མ་བྲིས་གོང་གི་བྲེལ་ལེ་གཅིག །ངེད་གཉིས་བར་ལ་ཡོང་དགོས་མེད། །ཕོ་དགའ་རེས་དགྲ་ལ་དགྲ་རྒྱུད་འཛིན། །ཕོ་འགའ་རེ་གྲོགས་ཀྱི་མཁན་པོ་ཡིན། །དམག་འགའ་རེ་མགྲོན་དུ་བོས་ཟེར་ན། །མགྲོན་འགའ་རེ་ནོར་བུ་སྒོ་སྐྱེལ་ཡིན། །ཡག་བསམ་ན་མདའ་དེ་ཕོངས་ལ་ཤོག །དེ་ནས་ཉོན་དང་སྔོན་པོ་གཡབ། །ཆབ་ཆུ་བོ་སྒྲོལ་བ་གསེར་ཟམ་ཡིན། །མཁར་ཁྲ་བོའི་ལམ་ངོ་བཙས་པ་ཡིན། །མི་སྐད་རིགས་འཆད་ས་ཐུགས་ནས་བྱང༌། །ཁྱོད་མ་འདུག་ཡ་ཟི་མཁར་ལ་འགྲོ། །ཁྱོད་ཚང་ས་ཐམ་རྒྱལ་པོ་ལ། །སྐུ་ཆེ་བའི་རྒྱལ་སྲས་ཡོད་ཟེར་ན། །ཁ་འདུན་མ་འོས་ལེ་ངེད་ལ་ཡོད། །ཡ་ཟིའི་སྲས་མོ་གུར་ལོ་མཚོ། །ཐུགས་རྒྱ་དར་བཞིན་དུ་འཇམ་ལེ་ཡོད། །མཛེས་གངས་རི་བཞིན་དུ་སྤམ་ལེ་ཡིན། །ཁྱོད་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས། །སེམས་ཁྲོ་བ་ཞི་ཞིང་ལྷོད་དེ་སྡོད། །
ཅེས་ཟེར་ཞིང་གླུ་དར་ལྟར་བླངས་ནས་རྟ་ལས་བབས་འཁོར་གསུམ་བཀྲོལ་ཞིང་སྡོད་པའི་ཚུལ་གྱི་ཐང་དུ་བསྡད་སོང་བས་གཡུ་ལྷའི་བསམ་པར་མི་འདིའི་བདེན་ངེས་པའི་གཏམ་ཅིག་ཡིན་ནམ། ཅི་ཟེར་རྟགས་པའི་གཏམ་ཞིག་ད་དུང་བྱེད་དགོས་བསམ་སྨྲས་པ། འོ་ན་ཤན་པ་རྨེ་རུ་རྩེ་ཡིན་ཟེར་གཏམ་ཁ་གཅིག་ལྕེ་གཉིས་རྐུན་མ་མི་ཡི་བཟུང་བ་འདྲ་བའི་ཚིག་ལབ་མི་འདི་ལེགས་པར་ཉོན་ཅིག་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །འཕུར་རྩལ་ཅན་གྱི་ཁྱུང་ཕྲུག་ལ། །གཤོག་མི་ངོམས་ཟེར་ཡང་འགྱོད་རྒྱུ་མེད། །སེམས་ཕུ་ཐག་ཆོད་པའི་བན་བཙུན་ལ། །མི་རྒྱབ་ཟེར་ཡང་འགྱོད་རྒྱུ་མེད། །ཕོ་རྒོད་པོས་རང་བྱུས་འཛིན་ལེ་ལ། །མི་བྱ་མེད་ཟེར་ཀྱང་འགྱོད་རྒྱུ་མེད། །ཁྱོད་ཁ་ཙམ་གཏམ་གྱི་མགོ་འཁོར་ལ། །དེ་མ་ཟེར་ཟེར་ཀྱང་འགྱོད་རྒྱུ་མེད། །མདའ་ཉག་ཕྲན་ཐོག་མར་རང་འགྲུབ་ནི། །འཕེན་ངེས་ཁྱོད་ལ་འཕེན་རྒྱུ་ཡིན། །ཁྱོད་སེར་པོའི་རྒྱལ་བློན་འཁོར་བཅས་དེ། །འབྲུག་འུར་སྒྲ་ཆེ་ཡང་སྟོང་སྒྲ་རེད། །འཇའ་རི་མོ་ལེགས་ཀྱང་ཡུན་གཅིག་ཡིན། །མི་ཡིན་པའི་ཡིན་དོགས་ངོ་རེ་ཚ། །ར་གན་གསེར་དོགས་ཡིད་རེ་མུག །དོག་མོའི་གཡུ་མདོག་ཁ་རེ་སྐྱེངས། །ཞ་ཉེའི་དངུལ་མདོག་སྐྱུགས་རེ་བྲོ། །ཤན་པའི་དཔའ་གཏམ་ཞེ་རེ་ཁྲེལ། །གུར་དཀར་ཆེ་བསྟོད་སྙིང་རེ་རྗེ། །མི་མང་དར་ཚུལ་སྣང་བ་མཐོ། །བདེན་ངེས་གཏམ་ཞིག་ལབ་རྒྱུ་ཡོད། །ན་ནིང་རྣ་བའི་གོ་ཚུལ་ལ། །ཧོར་རྗེ་གུར་དཀར་འགོ་བྱས་པའི། །རི་ཐང་རྒྱལ་ཁག་བཅུ་གཉིས་དེ། །གཅིག་མེད་སྟོང་པར་སོང་འདུག་ཟེར། །དེ་ནས་ཉོན་དང་དམར་པོ་སྐྱ། །གུར་དཀར་ཁྲི་བཙུན་གཙུག་ཡག་དང༌། །ཧོར་རྗེའི་རྒྱལ་ཕྲུག་དགུ་པོ་འདི། །བར་སྣང་སྟོང་པའི་འཇའ་གཟུགས་ལ། །འདུན་མ་ཅི་འདྲ་ལེན་རྒྱུ་ཡིན། །འཇང་བཟའ་མེ་ཏོག་ཆོས་སྒྲོན་དེ། །འགྲན་མེད་ཡེ་ཤེས་མཁའ་འགྲོར་གྲགས། །སྟོང་པའི་སྣ་འདྲེན་ཧམ་པ་ཆེ། །གཏམ་སྐད་ཆ་ལབ་ཚད་རྫུན་གཏམ་རེད། །སྤྱང་ཐོང་སྐྱ་རིང་ལམ་ལ་ཆས། །གཡང་དཀར་ཤ་ཡིས་ནོམ་སྤྲོད་བྱུང༌། །མ་ཟོས་སྤྱད་ཐོང་ཡིན་དོགས་མེད། །ལ་རིང་ཚོང་པ་ལམ་ལ་ཆས། །ནོར་བུའི་ཆབ་བུ་མགྲོན་དང་འཕྲད། །མ་འཁྱེར་ཚོང་པ་ཡིན་དོགས་མེད། །རྔོན་པ་སྡིག་ཅན་ལུང་ལ་འགྲོ། །ཕོ་ཤེན་ཤྭ་བའི་ཁྱུ་དང་ཐུག །མ་བསད་རྔོན་པ་ཡིན་དོགས་མེད། །འཇང་ཕྲུག་གཡུ་ལྷ་དམག་ལ་ཆས། །དགྲ་སྣ་ཟོན་ཁྲིད་གླུ་མི་བྱུང༌། །མ་བསད་གཡུ་ལྷ་མིན་རྟགས་གྱིས། །ཧམ་ཆེན་ཁ་ཕོ་མ་མཐོ་ཞིག །ཤེས་ན་ཕྱག་རྒྱ་ཆེན་པོ་སྒོམ། །མ་ཤེས་མ་ཎི་པདྨེ་སྒྲོངས། །ཨ་བ་རེ་ལ་སྙིང་རེ་རྗེ། །སྡིག་ཅན་བུ་ལ་ང་འདྲ་ཞིག །ཚེ་ཟད་མི་ལ་ཁྱོད་འདྲ་ཞིག །
ཅེས་ཟེར་ཅིང་ངར་བའི་ཚུལ་གྱིས་མདའ་འཕངས་ཚད་པའི་སྐབས་དེར། ཤན་པས་སྨྲས་པ་འོ་ན་གཡུ་ལྷ་ཐོག་འགྱུར་ཁྱེད་བསམ་བློ་ལེགས་པར་སྐོར། ཧོར་ཡ་ཟི་གནམ་གྱི་རྒྱལ་རྒྱུད་གླིང་བཞི་དབང་དུ་སྡུད་མི། འབྱུང་བཞི་རང་དབང་ཐོབ་མི། འཛམ་བུ་གླིང་ལ་འགྲན་མེད་ཁོང་ལ་དགྲ་ཡ་བཙུག་ན་ཡག་རྒྱུ་མེད། ང་ཤན་པ་དམར་པོའི་སྙིང་ཚིག་ལ་རྒྱབ་མ་ལོག་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །དཔའ་བཟང་ཤན་པ་དམར་པོ་ངས། །གླུ་གཅིག་འབྲེལ་རིང་འབྲེལ་ཐུང་ལེན། །འབྲེལ་རིང་ལྷ་ཡི་ངོ་སོ་བསྟོད། །འབྲེལ་ཐུང་དགྲ་བོ་གཉའ་ནས་གནོན། །བསམ་དཀར་ཤེལ་དཀར་སྤྲོད་ས་ཡིན། །ན་ཀྱང་མ་ངར་ཕ་ཡི་བུ། །བློ་སྔོན་ནས་དྲན་ན་མཁས་པ་ཟེར། །རྒྱབ་ནས་འགྱོད་ཚེ་ཕྱིས་པོ་ཡིན། །འཇང་གྱི་ས་ཐམ་རྒྱལ་པོ་ལ། །གུར་དཀར་རྒྱལ་གྱི་བསྟུན་ལེ་ཡིན། །ནམ་མཁའི་རྒྱན་ལ་རྒྱ་མཚོ་འོས། །རི་བོའི་རྒྱན་ལ་རྩི་ཤིང་འོས། །ས་ཐམ་འཇང་གྱི་རྒྱལ་པོ་ལ། །མངའ་ཐང་ཆེ་བ་ཆ་མཆིས་ཀྱང༌། །ད་དུང་གུར་དཀར་དོ་བ་མེད། །ཤན་པ་རྫུན་མའི་གྲལ་ལ་བཞག །ཧོར་སེར་སྟོང་པའི་ཞིང་ལ་དྲངས། །ཁ་གཏམ་བདག་མེད་ཆ་མ་ཆོས། །དཔྱོད་པའི་མདུན་གྲོས་ཧ་མ་ཧུར། །ཡང་ན་བསམ་པ་འཆོལ་ལེ་རེད། །ཡང་ན་ཕུང་གཞི་བསྐྱོད་ལེ་རེད། །ཤན་པ་གསོད་པ་མི་དཀའ་སྟེ། །དགྲ་ཡ་ཧོར་ལ་བྱེད་པ་འདི། །མི་ཡག་ལས་ཀྱི་བདེན་གཏམ་ཡིན། །ཅི་བྱེད་གཡུ་ལྷའི་ལག་ན་ཡོད། །མི་སྡོད་ད་ལྟ་འགྲོ་རྒྱུ་གྱིས། །ཕོ་རབས་འདུན་མ་ནང་དུ་གྱིས། །དགྲ་མཐའ་ཅི་ཡོད་ཐབས་ཀྱིས་བཅོམ། །བསམ་བློ་བཞི་གསུམ་བཅུ་གཉིས་ཐོངས། །བློ་རྩེ་ཉི་ཤུ་རྩ་ལྔ་བསྐོར།་་་༌།ད་མ་བཞུགས་གཡུ་ལྷ་ཕེབས་རྒྱུ་གྱིས། །གཏམ་དེ་ཚོ་ཡན་ལ་ལབ་རྒྱུ་མེད། །ཚིག་ལོག་པས་ཞུས་ན་ངོམས་རྒྱུ་མེད། །ངོ་ཤེས་ན་སྙིང་གཏམ་ཚིག་གསུམ་ཡིན། །
ཞེས་ཟེར་ཞིང་གླུ་དེ་ལྟར་བླངས། བག་ཕེབས་ནས་མི་རྟ་གཉིས་རང་སར་གོང་ལྟར་བསྡད་པས། གཡུ་ལྷའི་བསམ་པར་བདེན་ངེས་རང་ཡིན་ན་ཁོ་རང་ཟེར་བ་ལྟར་གྱོད་གྱི་གཞི་འདིང་བས་ཧ་ཅང་ཐལ་ཡོང་ཁེབ་ཆེ་སྙམ། མདའ་གཞུ་རྣམས་རང་སར་བསྡུས་ཤིང་རྟ་ལས་བབས། ཤན་པའི་མདུན་དུ་ཡར་ཡོང་ནས་གཏམ་གླེང་ཞིབ་རྒྱས་བྱས་པའི་མཐར། ལྷའི་འཁྲུལ་དྲན་པ་ལྟ་བུའི་གཡུ་ལྷ་དེ་ཡང་མགོ་འཁོར་ཞིང་ཉེ་བར་ཤན་པ་དང་སྡེབས་ནས་འགྲོ་རྩིས་གྱིས་དམག་དཔོན་གཞན་མ་གཉིས་ལ་ཡང་བློ་གྲོས་མཐུན་གཅིག་ཀྱང་མེད་པར་རང་ཐག་བཅད། བདུད་རྒྱལ་བ་ཐོད་དཀར་དང་འབྲུག་སྒྲ་དཔལ་ལྡན་རྒོད་པོ་ཁྱེད་གཉིས་ཀྱི་དམག་དཔོན་འགྲོ་སྡོད་དང༌། མགོ་འཛིན་ང་རང་གི་བྱེད་པ་ལྟར་མཛོད་ཅིག ང་ཤན་པ་དང་བསྡེབས་ནས་ཧོར་དུ་ཕྱིན། བྱ་དགའ་དང་སྣ་གཏད་འཇུ་ཁ་བླངས་ནས་འཕྲལ་དུ་སླེབས་ཡོང༌། ཞག་མ་གསུམ་ཁོང་དུས་འཁོར་ངེས་བྱེད་ཟེར། བདུད་རྒྱལ་བ་ཐོད་དཀར་གྱིས་བདེན་དུ་བཟུང་ཞིང༌། ཁ་མཁས་དང་བསྟུན་པ་མ་གཏོགས་བློ་ཕུག་ཏུ་ང་རྒྱལ་གྱིས་ཆགས་སྡང་ཡོད་པར་བརྟེན་གཡུ་ལྷ་ཐོག་འགྱུར་ཧོར་ལ་ལོངས་སྤྱོད་སྙོགས་རིང༌། སྟང་མ་དང་ཚྭ་ཁ་འཕྲལ་དུ་བླངས་ཤིང་རྒྱལ་པོའི་དྲུང་དུ་མྱུར་བར་ཕྱིན་ན་ངོ་སོ་ཆེ་བསྟོད་ཡོང་བསམ་སྨྲས་པ། དེ་ལྟར་ཨ་བུ་རང་གིས་ཟེར་བ་ལྟར་འབུམ་དམག་གི་དཔུང་དང་འཇུ་ལེན་བྱ་དགའ་ཕྱག་རྟགས་ཞུ་གསོལ་བཞེས་ནས་མྱུར་དུ་ཕེབས་མཛོད་ཅིག ངེད་རྣམས་འདི་གར་ཞག་ལྔ་བཞི་གང་རུང་སྡོད་དགོས་བྱུང་ཡང་བསྡད་ཆོག་ཟེར། འབྲུག་སྒྲ་དཔལ་ལྡན་དེ་སྤྱིར་གྱི་རྒྱུད་ཆེ་བ་དང་སྒོས་སུ་ཁོ་རང་ཞི་འཇམ་པས་ཐམས་ཅད་ལ་མི་དགའ་བ་ཅིག་ཀྱང་མེད། ལྷག་པར་བསམ་པ་བཟང་པོ་གསེར་དང་འདྲ་བའི་བསམ་བློ་ལ། གཡུ་ལྷ་སོང་ན་ངེད་རྣམས་ཀྱིས་གཞིས་གོ་ཨེ་ཆོད་ཀྱང་མི་ཤེས། ཁོ་རང་ཡང་དགྲ་ཡུལ་གྱི་མཚམས་འདི་ལྟ་བུར་དམག་དཔོན་ཁ་བྲལ་བའི་དཔེ་མེད་བསམ་སྨྲས་པ་འོ་ན་ཨ་མཉེས་རང་གིས་ལྟོས་མཛོད། ངས་བསམས་ན་འདི་ལྟར་ཡོད། སྤྱིར་གྱི་རྒྱལ་པོའི་བཀའ་ལ་རང་རེ་རྣམས་མངགས་པའི་ཟས་བཅུད་ལོངས་ཤོག་གསུངས་པ་མ་གཏོགས་ཧོར་དང་སྐྱིད་སྡུག་ཆིག་སྒྲིལ་སྐོར་ཤོག་གསུངས་པ་མེད། ཡང་སྒོས་ཐག་རིང་གི་གཏམ་ལ་བཞག་ཡོད་མེད་ཇི་ལྟར་ཡང་ཧོར་ཡུལ་རྩ་མེད་དུ་སོང་ཟེར་བའི་གཏམ་ཐོས་ནས་ལོ་གསུམ་འགྲོ། ལར་ནས་རང་ཡང་དོན་མེད་པའི་མི་འདི་ཅི་ཡིན་མི་ཤེས་པས་ང་རང་རྣམས་ད་དུང་མ་འཐོར་བར་མངགས་པའི་སྟང་མ་དེ་བླངས། མྱུར་དུ་ལོག་ལ་མི་དྲག་གམ་ཟེར། གཡུ་ལྷས་སྨྲས་པ། བུ་རང་ན་ཚོད་ཆུང་བའི་བློ་རེད། དེ་ཙམ་དགོས་དོགས་མེད། སྤྱིར་བློ་དང་གཞུ་མོ་ཐབས་ཀྱིས་ཁུག་ཟེར་བའི་དཔེ་ལྟར་ཧོར་དང་འདུན་མ་གཅིག་སྒྲིལ་བྱུང་ན་བྱུས་གྲུ་བཞི་རང་གི་ལག་ཏུ་ཡོད་ཅིང་རྒྱལ་པོའི་ཐུགས་ལ་མི་བབས་མིན། ཁྱེད་རྣམས་གཞི་གོ་ཆོད་པར་གྱིས་ལ་འདིར་ཤོག་གསུངས་ཏེ་གནམ་གཡག་སྔོན་པོ་ལ་ཆིབས་ནས་ཤན་པ་དང་སྡེབ་རླུང་འཁོར་བ་ལྟར་ཕེབས་སོ། །དེར་གླིང་སྒར་ནས་འདན་མ་དེ་ཡང་ཤན་པ་སོང་རྗེས་ངར་གྱིས་བསྐྱོད་པ་ལྟ་བུ་ཡོང་བའི་ལམ་བར་ཐུག་ཅིང་རྒྱང་ཙམ་སོང་རྗེས་གཅིག་གིས་གཅིག་ལ་ཁ་ཤགས་དང་དཔའ་གཏམ་ཤོད་རེས་བྱེད་བཞིན་སོང་བས། མཐར་གླིང་དཀར་དུ་བསླེབས་པ་ན་གཡུ་ལྷ་བློ་མི་བདེ་པ་དང་དངངས་འཚབ་ལྟ་བུ་བྱུང་རུང་བྱེད་ཐབས་མ་བྱུང༌། བཙོན་པའི་ཚུལ་དུ་ལག་གཉིས་བསྡམས་ཤིང་སྐེ་ལ་ཐག་པ་ནག་པོས་ཁྱི་ཁྲིད་པ་ལྟར་རྒྱལ་བློན་རྣམས་ཀྱི་དྲུང་དེར་ཁྲིད་ནས་སླར་ཡང་ལག་གི་བཀྱིག་ཐག་བཀྲོལ་ཞིང་ཤ་ཆང་གི་བཙོན་ལྟོ་སྤྲད་བསྡད་པའི་བར་དེར། རྒྱལ་བློན་རྣམས་ཀྱི་ནང་ནས་མ་བཞིའི་དཔོན་པོ་ཁྲོ་ཐུང་དེ་གྲལ་གྱི་དབུས་ནས་ལངས་ཤིང་གཡུ་ལྷ་ལ་ངན་ཚིག་ཤགས་འདེབས་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སེ་བོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །སྲིད་པ་ཁོ་མོའི་རོང་རྫོང་ནས། །དབྱར་དགུན་མེད་པ་ཁ་བ་འབབ། །སྟོན་དཔྱིད་མེད་པར་བུ་ཡུག་འཚུབ། །ལྷ་བྱ་གོང་མོས་གཤོག་གུར་ཕུབ། །འདྲེ་བྱ་སྲེག་པའི་ཚ་རག་འཐེན། །མི་མིང་བོས་ན་འདྲེ་མོ་ལངས། །ཕྱི་མིང་བོས་ན་ཝ་མོ་རྒྱལ། །ཕོ་རོག་སྙིང་རྫོང་ནང་བཅུད་ལ། །མ་བཞིའི་དཔོན་པོ་ཁྲོ་རྒྱལ་ཟེར། །དབུ་ནག་བོད་ཀྱི་ས་ཆ་ན། །སྐུ་ཆེ་བ་འཛམ་གླིང་རྒྱལ་པོ་ཡིན། །ཐབས་སུ་མཁས་ཟེར་ན་ང་རང་མཁས། །དེ་ཡན་ལ་མི་གཅིག་ཡོང་དོགས་མེད། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དེ། །ས་གནམ་གྱེར་སྒོའི་སྐད་ཆ་ལ། །ས་ཐམ་རྒྱལ་པོའི་བཀའ་བློན་དེ། །བཅར་ན་སྙིང་མེད་ཀླད་ཡུ་འཁོར། །མནོ་ཆུང་རླུང་གིས་ཁྱེར་ལ་ཁད། །ཁྲབ་གཤམ་སུ་ལུ་དཀྲུག་དཀྲུག་རེད། །དར་འཕྲུ་རླུང་གིས་བསྐྱོད་ལེ་རེད། །ཁྱོད་འཇང་ཡུལ་མཐིལ་ནས་ཡོང་ཉིན་མོ། །དཔའ་འདོད་གང་འདྲ་བསྟན་ལེ་ཡིན། །ཡིན་མདོག་ཅི་འདྲ་བྱས་ལེ་ཡིན། །དེ་ནས་རྒྱལ་པོ་སེང་ཆེན་ལགས། །བྱུས་མགོ་ཐབས་ཀྱི་ཟིན་ལེ་རེད། །རྒོད་མིང་ཐོབ་པའི་གཡུ་ལྷ་ཁོ། །བཅར་ན་ལྟད་མོ་མ་ཆེ་སྟེ། །འདོ་བ་གནམ་ཡག་སྔོན་པོ་དེ། །གཞན་མའི་རྟ་ལས་ཡག་ལེ་འདུག །འདི་འདྲ་ཨ་ཁུའི་ནོམ་དུ་ཞུ། །གུ་གུ་རྟ་ཡི་གཏོད་རོགས་བྱེད། །ཡོད་ན་ཡོད་མཆོག་རྟ་གཅིག་རེད། །ད་ལན་ཨ་ཁུའི་གཏམ་ཞུས་ལ། །རྒྱལ་པོའི་ཐུགས་ཀྱི་བཅུད་དུ་བཞུགས། །ཞེས་ཟེར་ཞིང་གླུ་དེ་ལྟར་བླངས་པས། གཡུ་ལྷའི་བསམ་པར་མི་འདིའི་དཔའ་གཏམ་བཤད་བཤད་སྡར་མ་བཙོན་ཐོག་དཔེ་ལྟར་མི་འདྲ་རུང༌། བྱ་ཐབས་ནི་མི་འདུག་སྙན་ངོ་ནག་ལོང་ངེ་བྱས་ནས་སྨྲས་པ། འོ་ན་གླིང་གི་རྒྱལ་བློན་རྣམས། གསོན་དང་ཞུ་རྒྱུ་འགའ་རེ་ཡོད་ཟེར་ཞིང་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །ལྷ་ཡར་མཁྱེན་དགུང་སྔོན་རྭ་བ་ནས། །མེ་ཤེལ་ཉི་མའི་སྤྱན་མིག་ཅན། །བར་མཁྱེན་བར་སྣང་རྭ་བ་ནས། །གསལ་སྒྲིབ་མེད་པའི་མཐུ་རྩལ་ཅན། །མར་མཁྱེན་ས་གཞིའི་རྭ་བ་ནས། །ཆུ་ཤེལ་ཟླ་བའི་སྤྱན་མིག་ཅན། །མི་འབྲལ་སྤྱི་བོའི་གཙུག་ཏུ་བཞུགས། །ཡེ་ཤེས་སྤྱན་གྱིས་ཨེ་གཟིགས་ལ། །ལས་ནག་པོའི་ས་ལ་མ་སྲིད་པའི། །འབྲུག་ཕོ་ཐོང་འདྲ་བའི་གཡུ་ལྷ་ལ། །བུང་བ་འདྲ་བས་སྐད་ངར་འགྲན། །མི་ཡོང་ལས་ལ་གཅིག་ཀྱང་མེད། །ས་ཐམ་དྲུང་དུ་སྡོད་པའི་དུས། །གསེར་ཁྲི་གནོན་པའི་རྒྱལ་པོ་ཡིན། །དེང་སང་བྱུས་ཀྱི་ཁྱེར་སོ་ལ། །སྐེ་ཐག་ནག་ཤ་ལེ་བཙོན་པའི་གྲལ། །ན་ས་འཆི་ས་དུར་ས་གསུམ། །གཤིན་རྗེའི་ཁྲོམ་ལ་གར་བཏབ་རེད། །ཚེ་རོགས་སྡོད་མལ་གནས་ཁང་གསུམ། །སྔོན་མའི་ལས་ལ་གར་བཀོད་རེད། །ཨ་རེ་མཚར་ཀྱང་འགྱོད་པ་མེད། །ཡང་སྒོས་རྨུ་རྗེ་ས་ཐམ་རྒྱལ། །རྒྱལ་ས་ཕལ་གྱིས་དོ་ཟླ་མེད། །ཉིན་གཅིག་འཆར་བའི་ཉི་མ་དེ། །ཐེབས་རེ་འབུད་པ་ཀུན་ཤེས་རེད། །ལན་གཅིག་ཐོབ་པའི་མི་ལུས་འདི། །དུས་མཐའ་འཆི་བ་ཀུན་ཤེས་རེད། །གཏམ་ངན་བརྙས་བཞག་ཁུར་གོང་ལ། །ཐངས་རེ་སྲོག་དམར་མ་ཆད་ལོ། །མ་བཞིའི་ཁྲོ་རྒྱལ་ཡིན་ནོ་ཟེར། །སྙིང་རྩ་་སྡར་མ་ཝ་ལས་ཤེས། །རྟ་བཟང་འདྲ་འདྲ་གཡབ་ན་ཤེས། །གོ་མཚོན་ཕུབ་ཐོགས་མདའ་མདུངས་སོགས། །རྒོད་པོའི་ལུས་ལ་ཡོད་ན་ཨང༌། །ཕོ་སུ་རེད་ཚད་ཅིག་བལྟས་ན་གསལ། །སྲོག་དམར་བཅད་ཀྱང་འགྱོད་པ་མེད། །
ཅེས་ཟེར་ཞིང་ངར་བའི་སྒོ་ནས་གཞན་མ་ཆས་མ་འཛོམ་པར་འགྲམ་དུ་བཙོན་ལྟོ་སྤག་སྟག་ཡོད་པ་དེ་བླངས་ནས་བརྒྱབ་པས། ཁྲོ་ཐུང་གི་འདན་པར་ཕོག་ཅིང་ཁྲི་ཐོག་ཏུ་མ་ཚུགས་པར་གན་རྐྱལ་ལོག་ནས་འགྱེལ་བྱུང་བས། རྗེ་བློན་ཐམས་ཅད་བཞད་མའི་ཐིག་པའི་ངང་ནས་ཁྲོ་ཐུང་བརྒྱལ་སངས་ཤིང་གདོང་པ་དམར་ཕྱུར་རེ། ཚིག་པ་ཟ་བའི་གནས་སུ་གྱུར་ཀྱང་བྱ་ཐབས་མེད་པར་རེ་ཞིག་ལུས། དེའི་ནུབ་རྒྱལ་བློན་རྣམས་ད་རུང་དམག་དཔོན་གཉིས་ཡོད་པས་ཐབས་ཅི་དྲག་ཟེར་བའི་བཀའ་གྲོས་ཀྱི་སྒོ་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་ཁོང་གི་འདི་གྱིས་གསུངས་གླུ་འདི་ལྟར་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །གནས་སྤྱི་གཙུག་ཚངས་པའི་སྒོ་འབྱེད་ནས། །ཁྲི་པད་མ་བརྩེགས་པའི་གདན་སྟེང་ན། །སྐུ་མཚན་དཔེའི་རང་འོད་གཟི་འབར་བས། །མགོན་སྲིད་པའི་གདུང་སེལ་འོད་དཔག་མེད། །གླིང་སྐྱེས་བུས་གུས་པས་གསོལ་བ་འདེབས། །འགྲོ་དྲུག་འཁོར་བའི་གནས་ནས་དྲོངས། །ལམ་བར་དོའི་འཇིགས་པ་བསལ་དུ་གསོལ། །གླིང་དཀར་པོའི་དཔའ་བདུད་བརྒྱད་ཅུ་རྣམས། །ཡང་སྒོས་དགྲ་ལྷ་རྩེ་རྒྱལ་དང༌། །གསེར་བའི་དཔོན་དང་འོམ་བུའི་དཔོན། །མུ་སྤྱང་མི་ཁྲི་རྟ་འབུམ་བཅས། །མཐོན་པོ་རི་ཡི་འགྲམ་དུ་ཡོད། །དམའ་མོ་ཆུ་ཤིང་འགྲམ་དུ་ཡོད། །སེམས་སྟོང་ཉིད་འོད་གསལ་ཅིར་སྣང་ལ། །དགྲ་གཉེན་དོགས་པ་ལར་ནས་མེད། །སངས་རྒྱས་བསྟན་པའི་སྲོག་ཤིང་ལ། །རེས་འགའ་དྲག་པོའི་སྐུ་རུ་སྟོན། །རང་ལུས་འདོམ་གང་མཛུབ་རྩེར་ཁྱེར། །ཤུགས་སྐྱེད་ལུས་ཀྱི་ངལ་དུབ་བསང༌། །སེམས་མི་བདེ་ཚེར་དོང་བཙོན་ཉལ་བྱས། །བདུད་ནག་པོའི་བསྟན་པ་ཐབས་ཀྱིས་བརླགས། །ཚེ་འདི་ལ་ཞེན་པ་མ་མཆིས་ཀྱང༌། །ནོར་དཔག་མེད་གླིང་པའི་དོན་ཕྱིར་བླངས། །གཏིང་ཕྱི་རེས་གངས་པ་བོད་ལ་ཕན། །ད་ལྟ་རྒྱལ་པོའི་སྟང་མ་རེད། །བདུད་ཆེན་རྒྱལ་བ་ཐོད་དཀར་དང༌། །འབྲུག་སྒྲ་དཔལ་ལྡན་རྒོད་པོ་གཉིས། །སུ་རེད་ཁ་བསླུས་གྱིས་ལ་ཤོག།།མི༌དྲག་བྱས་ཀྱང་ཤན་པ་དྲག། །ཡོད་ན་དེས་ཆོག་ཤན་པ་རེད། །མེད་ན་དེས་ཕུང་ཤན་པ་རེད། །གཏམ་ཚིག་གསུམ་གླིང་གི་སྤྱི་ཚིག་ཡིན། །ཤན་པ་སྔོན་སྔོན་སྔོན་ལ་རྒྱུག །གླིང་དཀར་ལྷ་སྡེའི་ཕར་དམག་རྣམས། །བྱང་ལུང་སྐྱ་མོའི་མདོ་རུ་སྡོད། །སང་ཉིན་ཉི་མ་རྩེ་ཤར་ལ། །བྱང་ལུང་སྐྱ་མོའི་མདོ་རུ་འགྲོ། །སྒར་མ་བཏབ་ཁྲིགས་སེ་འཁོད་ནས་འགྲོ། །རུ་གྲལ་སྒྲིགས་ལམ་ལ་ཤར་སེ་འགྲོ། །ཡིད་སྐྱོ་མོའི་ལམ་ལ་མ་སོང་ན། །སེམས་དགའ་བའི་ཟོག་དང་འཕྲད་དོགས་མེད། །དེ་ཟེར་ལེ་གངས་པའི་གཏམ་ལ་ཡོད། །འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ནི། །གླིང་སྒར་སྟོད་ལ་ཁྲིད་ནས་སོང༌། །གླིང་ཆེ་རྒྱུད་ཚང་ནས་རྟ་མི་གསུམ། །འབྲིང་རྒྱུད་ཚང་ནས་རྟ་མི་གསུམ། །ཆུང་རྒྱུད་ཚང་ནས་རྟ་མི་གསུམ། །རྟ་མི་དགུ་ཡི་ཁྲིད་ལ་སོང༌། །ཡབ་རྗེ་སེང་བློན་རྒྱལ་པོ་ལ། །འཇང་གླིང་འཁྲུག་རེས་ནམ་ཕྱེད་བར། །བཙོན་པའི་གྲལ་ལ་ཞོག་མཛོད་གྱིས། །འཇང་རྟ་གནམ་ཡག་སྔོན་པོ་ནི། །རེ་ཞིག་ཨ་ཁུས་བདག་རྒྱུ་གྱིས། །ཕྱིས་བྱ་བ་བྱུས་འགོ་ལེན་ཉིན་མོ། །ཁོ་རང་གཡུ་ལྷའི་ལག་ལ་སྤྲོད། །དེ་བར་ཨ་ཁུས་བདག་རྒྱུ་བྱེད། །སྒ་འཁོར་ལྕམ་སེ་ད་ལྟ་ཁྲིད། །དེ་ནས་གླིང་དཀར་དཔའ་བདུད་རྣམས། །མ་བྲེལ་མ་ངར་ལྷོད་ཅིང་འགྲོ། །དེ་རིང་ཤན་པ་སྔོན་ལ་སོང༌། །བར་ཆད་མེད་པའི་བསྐྱེལ་མ་དང༌། །བསམ་དཀར་འགྲུབ་པའི་སྨོན་ལམ་འདེབས། །ང་དང་གོང་མ་ལྷ་ཡིས་འདེབས། །སྤྱི་ཚིག་ཡིན་པས་འགྲུབ་པར་ཤོག །
ཅེས་གསུངས་པའི་ཆོས་གླུ་དེ་ལྟར་བླངས་པས། དཔའ་རྟུལ་རྣམས་ཡིད་གཅིག་ཏུ་རྒྱལ་པོའི་གསུང་ལ་མངོན་པར་བསྟོད་ཅིང༌། དེ་ལྟར་ལེགས་སོ་བཀྲ་ཤིས་གཡང་ཆགས་པའི་གྲོས་ཚིག་རྒྱལ་པོས་གསུངས་པ་དེ་ལྟར་རང་བྱེད་ཟེར་ཞིང་ཐམས་ཅད་དགའ་དགའ་བྱེད། དེའི་སང་ཉི་མ་ཤར་བ་དང་ལྷན་དུ་རྟ་ཁལ་རྣམས་ཁྲིགས་སེ་བྱས། གུར་རྣམས་འུབ་སེ་བསྡུས་ཤིང་ལམ་དུ་ཆས། བྱང་ལུང་དེའི་མདོ་རུ་བསྡད། ཤན་པ་ནི་རྟ་དམར་ཆུང་དེ་ཡི་སྟེང་དུ་ཐོན། འཇང་དམག་ཡོད་པའི་ས་རུ་སོང་ངོ༌། །དེར་འཇང་དམག་རྣམས་རུ་བསྒྲིགས་ཤིང་བསྡད་པའི་ས་རུ་སླེབས། བདུད་རྒྱལ་བ་ཐོད་དཀར་དེ། རྟ་འདོ་བ་དམར་པོ་དེའི་གོང་དུ་ཐོན་ཞིང༌། ཤན་པའི་གདོང་བསུ་བ་འདྲ་ཞིག་བྱས་བས། རྒྱང་ཙམ་ནས་གང་ཟེར་བལྟ་བའི་གླུ་འདི་བླངས་སོ། །
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལིན་ལུགས་རེད། །གནམ་ཐེལ་དཀར་པོ་ར་དཀར་སྐྱ། །ས་ཐམ་དབུ་འཕང་མཐོ་བར་མཛོད། །བར་མཁྱེན་བར་ཐེལ་ཁྲ་བོ་སྐྱ། །འཇང་བདུད་ཕྲུག་བསྟན་པ་དར་བར་ཤོག །མར་མཁྱེན་ས་ཐེལ་ནག་པོ་སྐྱ། །ང་བུ་སྡུག་ངོ་སོ་མཐོ་བར་མཛོད། །ས་འདི་ས་ངོ་མ་ཤེས་ན། །བྱང་ལ་སྐྱ་མོའི་གཡས་ཟུར་རེད། །ང་དང་ང་ངོ་མ་ཤེས་ན། །འཇང་ཡུལ་མཚལ་ར་སྨུག་པོ་ན། །དེ་ཡོད་ནང་གི་དེ་དྲག་ལ། །མདེའུ་བཞིན་དུ་བསྟུན་ལེ་ཡིན། །མདའ་སྨྱུག་བཞིན་དུ་བསལ་ལེ་ཡིན། །དགྲ་མི་ཐུབ་ཆམ་ལ་འབེབ་མི་ཡིན། །གཉན་མ་ནུས་རེ་བ་བྱས་པ་ལ། །བདུད་ཆེན་རྒྱལ་བ་ཐོད་དཀར་ཟེར། །སྟག་དམར་མི་ཤ་ཟ་དང་མཚུངས། །གཡུ་འབྲུག་མཚོ་ལ་སྨིན་དང་མཚུངས། །གསེར་ཁྲབ་ཅན་གྱི་བདག་པོ་ཡིན། །རྒྱལ་པོ་ས་ཐམ་སྐུ་ཞབས་ལ། །དཔའ་ཁས་བླངས་བྱས་ནས་ཐོན་ལེ་ཡིན། །ས་དྲོ་མོའི་ཐོག་གི་ནོར་བུ་ཡིན། །གཉེན་ཕ་སྤུན་ནང་གི་མར་དཀར་ཡིན། །སྡང་དགྲ་བོའི་སྟེང་གི་ཤི་བདུད་ཡིན། །དགྲ་ཕར་ལ་མི་བརྒྱབ་གཅིག་ཀྱང་མེད། །ཁ་སང་བྱུང་བའི་དམར་པོ་སྐྱ། །དེ་རིང་བྱུང་བའི་དམར་པོ་སྐྱ། །ཚུར་ཆས་ཡོང་ལུགས་གང་འདྲ་ཡིན། །འཇང་བུ་གཡུ་ལྷ་ཐོག་འགྱུར་དེ། །ཕེབས་སམ་འབྱོན་འཁྱིལ་གང་འདྲ་ཡོད། །དོ་ནུབ་སང་གོང་ཚུན་སྟབས་ལ། །དམག་དཔོན་ཞལ་བཟང་ཨེ་འཁོར་ལགས། །དེ་ནས་ཉོན་དང་དམར་པོ་གཡབ། །ཁེར་འགྲོ་ཆིག་སྡོད་མང་ལུགས་འདི། །ཧ་ཅང་ཡིད་ཅིག་མ་ཆེས་བྱུང༌། །དམའ་དམྱལ་བའི་གཏིང་དུ་ལྷུང་ཡང་སྲིད། །མགོ་དར་འཕྲུ་ལྕམ་སེ་ཤོར་ཡང་སྲིད། །གཏམ་གོ་ནི་ཨེ་བྱུང་དམར་པོ་སྐྱ། །གོ་ན་རྣ་བའི་བདུད་རྩི་ལ། །མ་གོ་གླུ་ལ་སྐྱོར་རྒྱུ་མེད། །གཏམ་དེ་ཚོ་ཡན་ལ་ལབ་རྒྱུ་མེད། །
ཅེས་གླུ་དེ་ལྟར་བླངས་པས། ཤན་པའི་བསམ་པར། མི་འདིའི་ཟེར་ལུགས་ཀྱིས་བྲོས་ན་ཨ་དྲག་བསམ། སྨྲ་ན་ངག་བདེ་མགོ་བསྐོར་བ་ལ་མི་དཀའ་བསམ་སྨྲས་པ། འོ་ན་དམག་དཔོན་གཡུ་ལྷ་ཐོག་འགྱུར་དེས་གསུང་འཕྲིན་ཚིག་གསུམ་སྤྲོད་རྒྱུ་ཡོད་ཟེར་ཅིང་གླུ་འདི་ལྟར་བླངས་སོ།།
གླུ་ཐ་ལ་ཐ་ལ་ལ་ལ་རེད། །ཨ་ལ་གླུ་ཡི་ལེན་ལུགས་རེད། །མ་བྲེལ་མ་བྲེལ་ལྷོད་དེ་བཞུགས། །དོན་ཆེན་བསྒྲུབ་ན་ངང་གིས་སྲིངས། །གཏམ་སྙན་དགོས་ན་རྣ་བས་ཉོན། ང་དང་ང་ངོ་མ་ཤེས་ན། །དཔའ་བཟང་ཤན་པ་དམར་པོ་ཟེར། །ཧོར་ཡུལ་འ་ཆེན་གཞུང་དྲུག་ནས། །གུར་དཀར་རྒྱལ་གྱི་སྤུན་ཡ་ཡིན། །ཐིག་ཤིང་རྒྱལ་གྱི་བུ་སྐལ་ཡིན། །ལབ་ན་འཕྲིན་སྐྱེལ་ལྕེ་རིང་ཡིན། །ཁ་སང་ཉི་མའི་སྔ་དྲོ་ལ། །དམག་དཔོན་གཡུ་ལྷ་ཐོག་འགྱུར་ཁོང༌། །བྱ་དགའ་ཕེབས་བསུ་བྱེད་མི་ཡིན། །ཡ་ཟིའི་གུར་དཀར་རྒྱལ་པོ་དང༌། །མི་ཆེན་མདུན་གྲོས་བྱེད་ཅིང་ཡོད། །གུར་དཀར་གསེར་ཁྲིའི་སྟེང་དུ་ཡོད། །གཡུ་ལྷ་དངུལ་ཁྲིའི་སྟེང་དུ་ཡོད། །དཀར་ཡོལ་ནང་གི་ཇ་འདྲེན་ཡོད། །དངུལ་གཡང་ནང་གི་ཆང་འདྲེན་ཡོད། །ཇ་ཆང་ཧུབ་སྐོར་བྱེད་ཅིང་ཡོད། །སྐྱིད་བདེ་ཉི་མ་བདེ་ལྡན་རེད། །ད་རུང་དེས་ཀྱང་མ་ཚད་པའི། །ཁམས་གསུམ་དབང་བསྡུས་གུར་དཀར་དང༌། །ནམ་མཁའི་ཐོག་མདའ་གཡུ་ལྷ་གཉིས། །ད་ལྟ་རྗེས་ལ་ཡོང་ཞིང་ཡོད། །ཤན་པ་སྔོན་ལ་མངགས་ལེ་རེད། །བདུད་ཆེན་རྒྱལ་བ་ཐོད་དཀར་ལ། །མ་བཞུགས་སྔོན་ལ་ཕེབས་ཤོག་གསུངས། །ཁྲ་བོ་ཁྲ་ཤོག་ནང་ཤེད་ནས། །རྫས་རིན་ཆེན་བཤམས་པའི་ལོངས་སྤྱོད་དེ། །སྐུ་མི་ཉེས་སྐལ་པ་འབུལ་དགོས་ཟེར། །ད་རུང་གཏམ་ཚིག་མདུན་གྲོས་ལ། །གལ་ཆེ་བའི་ནན་ཏན་རེ་གཉིས་ཡོད། །ཤེས་ཁ་རུ་བསྐོར་ཅིང་བྲོས་བྱེད་ཟེར། །དེ་ཟེར་ནས་ཤན་པ་མངགས་ལེ་རེད། །ད་མ་བཞུགས་དམག་དཔོན་ཕེབས་རྒྱུ་གྱིས། །ཤར་གླིང་བྲན་དུ་བསྐུལ་བ་ལ། །སྔ་ཁྱད་རིང་ཆ་གཉིས་ཀ་ཡོད། །སྤྱང་ཐོང་འདུར་ཁ་སྐྱེན་ལེ་དེ། །ལུག་གཡང་དཀར་ཁྱུ་སྣེ་ཨེ་ཆོད་བསམ། །རྐྱང་ཁ་དཀར་བང་ཁ་སྐྱེན་ལེ་དེ། །བྱང་ན་དམར་སྙིང་རྩ་ཨེ་ཆོད་བསམ། །འཇང་ཧོར་གུར་དང་ཁྲི་གདུག་ནི། །གླིང་དཔའ་བདུད་བྲན་དུ་ཨེ་ཁུག་བསམ། །སེམས་དཀར་པོའི་སྨོན་ལམ་འདེབས་ཤིང་ཡོད། །ཡུན་རིང་ན་ཅི་ཡོང་ངེས་པ་མེད། །གླིང་སེང་ཆེན་མི་མ་འཕྲུལ་གྱི་བུ། །རྟགས་དང་རྫུ་འཕྲུལ་བཀྲ་ལག་ཚང༌། །བྱུས་ལག་ལ་ཡོད་པ་སྟོར་བ་མང༌། །ད་མ་བཞུགས་དམག་དཔོན་ཕེབས་རྒྱུ་གྱིས། །འགྲོ་ཟེར་ན་ངེད་གཉིས་མཉམ་འགྲོ་བྱེད། །མི་འགྲོ་ཤན་པ་ལོག་ནས་འགྲོ། ། ཞེས་ཟེར་ཞིང་གླུ་དེ་བླངས།
གླེང་བརྗོད།
འཇང་གླིང་གཡུལ་འགྱེད། (ཚན་པ་གཉིས་པ)
འཇང་གླིང་གཡུལ་འགྱེད། (ཚན་པ་གསུམ་པ)