༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༤ ནས་ ༡༢ བར་དང་། ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༦ ནས་ ༢༤ བར་གཞི་རིམ་བར་མའི་བོད་དགེའི་ཟབ་སྦྱོང་ཁག་གཉིས་གོ་སྒྲིག་ཞུ་གཏན་འཁེལ་བ་ལྟར། འདི་ཟླའི་ཚེས་ ༤ སྟེ། རེས་གཟའ་པ་སངས་ཉིན་རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་བོད་དགེ་ཟབ་སྦྱོང་དང་པོ་དེ་བཞིན་འགོ་བཙུགས་གནང་།
སྐུ་མགྲོན་དང་ཚོགས་བཅར་བ་དགེ་རྒན་རྣམས་ལྷན་འཛོམས་ཐོག་ཤེས་རིག་བོད་ཡིག་ཤེས་ཡོན་འགན་འཛིན་དངོས་གྲུབ་བསྟན་པ་ནས་འཚམས་འདྲི་དང་སྦྲགས་ཟབ་སྦྱོང་གི་དམིགས་ཡུལ་དང་། བརྗོད་གཞི་ཁག་ངོ་སྤྲོད་གནང་དོན།
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་བལ་གཉིས་ཀྱི་གཞི་རིམ་བར་མའི་སློབ་དགེ་བུ་ ༡༩ དང་བུ་མོ་ ༢ བཅས་ཁྱོན་བསྡོམས་དགེ་རྒན་ཉི་ཤུ་རྩ་གཅིག་མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་འདི་ཉིད་གཞི་རིམ་འཛིན་གྲྭ་དྲུག་པ་ནས་བརྒྱད་པ་བར་གྱི་སློབ་ཕྲུག་གི་འབྲི་རྩལ་གོང་མཐོར་གཏོང་ཐབས་ཁོ་ནར་དམིགས་ཡོད་པར་སོང་། ས་རཱ་མཐོ་སློབ་ཀྱི་རྩོམ་རིག་སློབ་དཔོན་ཨ་འཇམ་ལགས་དང་། ཨ་གནམ་ལགས་གཉིས་ནས་རྩོམ་རིག་ཁྲིད་ཐབས་དང་འབྲི་ཐབས་ཀྱི་བརྗོད་གཞི་གཙོ་བོར་བཟུང་ནས་ཆུ་ཚོད་བཅོ་ལྔ་རེ་སློབ་ཁྲིད་གནང་རྒྱུ་དང་། དེ་བཞིན་དྷ་ས་བོད་ཁྱིམ་བོད་ཡིག་རྒྱུས་སྟོན་པ་དགེ་མིང་ཆུང་ལགས་ནས་བྱ་ཚིག་དང་ཚིག་མཛོད་བེད་སྤྱོད་གནང་ཕྱོགས་ཀྱི་ཚོགས་ཐུན་གསུམ་དང་། སཾ་བྷོ་ཊའི་བོད་ཡིག་རྒྱུས་སྟོན་པ་དགེ་བསམ་གྲུབ་ལགས་ནས་རྩོམ་རིག་ལ་དགའ་ཞེན་སླེབས་སྐོར་ཚོགས་ཐུན་གསུམ། དཔེ་སྟོན་སློབ་གྲྭའི་བོད་དགེ་ཟླ་བ་ཚེ་རིང་ལགས་ནས་རྩོམ་ཡིག་ཞིབ་འབྲི་བྱེད་ཐབས་སྐོར་ཚོགས་ཐུན་གཉིས། གཞན་ཡང་དཔེ་སྟོན་སློབ་དགེ་བློ་བཟང་ཚེ་རིང་ལགས་ནས་དཔེ་སྟོན་དང་ཉམས་མྱོང་བརྗེ་རེས་ཀྱི་ཚོགས་ཐུན་གཅིག་སློབ་ཁྲིད་གནང་རྒྱུ་ཡིན་པ་ངོ་སྤྲོད་གནང་།
ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ནས་ས་རཱ་མཐོ་སློབ་ཀྱི་ཐོག་མའི་བྱུང་རིམ་དང་། ས་རཱ་མཐོ་སློབ་ནས་ད་བར་གཞི་རིམ་བར་མའི་བོད་ཡིག་དགེ་རྒན་དང་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་ཁག་མང་པོ་ཤེས་རིག་ལས་ཁུངས་དང་མཉམ་འབྲེལ་ཐོག་གོ་སྒྲིག་ཞུས་པའི་སྐོར་ངོ་སྤྲོད་མདོར་བསྡུས་དང་སྦྲགས། ད་ལྟའི་ཆར་ཡང་ས་རཱ་མཐོ་སློབ་ཀྱི་སློབ་ཟུར་མང་པོ་ཞིག་སློབ་གྲྭ་ཁག་དང་བོད་མིའི་སྒྲིག་འཛུགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ནང་ལས་དོན་འཕེར་བའི་དགེ་རྒན་དང་ལས་བྱེད་མང་པོ་ཡོད་པ་ནི། ས་རཱ་མཐོ་སློབ་ཀྱི་དབུ་ལས་ཚང་མར་དགའ་བ་སྒོམ་འོས་པ་ཞིག་ཡིན་གསུངས་ཏེ། སྐབས་འདིའི་ཟབ་སྦྱོང་ཚོགས་ཡུན་རིང་གོ་སྒྲིག་ཞུ་ཡུལ་ས་གནས་ཀྱི་ངོས་ནས་མཐུན་རྐྱེན་འཛོམས་མིན་ཇི་བྱུང་སྦ་གསང་མེད་པར་གསུངས་ཚེ་སྐབས་བསྟུན་མཐུན་འགྱུར་ཞུ་སྒོ་ཇི་ཡོད་གང་ཐུབ་ཞུ་རྒྱུ་ཡིན་པ་དང་། འོན་ཀྱང་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ལ་རེ་འདུན་ཞུ་དོན་གཙོ་བོ་ནི། ཟབ་སྦྱོང་གྲུབ་མཚམས་སློབ་གྲྭར་ཕྱིར་ལོག་སྟེ་རྒྱུན་ལྡན་གྱི་སློབ་ཁྲིད་ཐབས་ལམ་ལ་འགྱུར་བ་ཞིག་ངེས་པར་དུ་གཏོང་ཐུབ་པ་དགོས་པ་མ་ཟད། སོ་སོའི་ལས་གནས་གཅིག་པའི་དགེ་རྒན་ལས་རོགས་གཞན་ལའང་ཉམས་མྱོང་བརྗེ་རེས་གནང་གལ་སྐོར་གསུངས།
སྐུ་མགྲོན་གཙོ་བོ་དཔལ་ལྡན་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་དོན། ངོས་རང་རྒྱུན་དུ་དགེ་རྒན་གྱི་ལས་གནས་འདི་ཉིད་གལ་ཆེར་བརྩི་མཁན་ཞིག་ཡིན་པའི་ཆ་ནས། དེ་རིང་ཟབ་སྦྱོང་འདིར་མཉམ་ཞུགས་གནང་མཁན་དགེ་རྒན་རྣམས་ལ་མཇལ་འཕྲད་ཀྱིས་ཕན་ཚུན་བསམ་ཚུལ་བརྗེ་རེས་ཤིག་བྱུང་ན་སྙམ་ནས། དེ་རིང་རེས་གཟའ་པ་སངས་བཀའ་ཤག་ལྷན་རྒྱས་ཀྱི་ཉིན་མོ་ཡིན་ནའང་དགོངས་ཞུས་ཀྱིས་འདིར་བཅར་བ་ཡིན་གསུངས། རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་རེ་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་གསོ་སྤྲོད་པའི་འགན་ཁུར་འཐུས་ཤོར་མེད་པར་གནང་གལ་སྐོར་རྒྱུན་དུ་བཀའ་སློབ་ཕེབས་མུས་ཀྱང་། ཉེ་བའི་ཆར་ཡང་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་སྐབས་ཀྱང་། སློབ་གྲྭ་ཁག་ནང་ཤེས་ཡོན་སློབ་གསོ་སྤྲོད་པའི་ལས་དོན་འདི་ཉིད་གལ་གནད་ཆེན་པོར་བརྩིས་གནང་གིས་འཐུས་ཤོར་མེད་པར་གནང་དགོས་པའི་སྐོར་བཀའ་སློབ་ཕེབས་ཡོད།
ཤེས་རིག་ལས་ཁུངས་ནི་སློབ་གྲྭ་ཁག་ནང་རྒྱུ་རྐྱེན་འཛོམས་ཐབས་སུ་མཐུན་རྐྱེན་སྦྱོར་སྤྲོད་ཞུ་མཁན་ཞིག་ཡིན་ལ། འོན་ཀྱང་སློབ་གྲྭ་ཁག་ནང་ཤེས་ཡོན་གྱི་ལོ་ཏོག་དངོས་སུ་སྨིན་པར་བྱེད་མཁན་ནི་དགེ་རྒན་རྣམ་པ་ཚོ་ཡིན། ཇི་ལྟར། གཞི་ས་སྐྱོན་མེད་བཟང་དང་གཅིག རྒྱུ་ས་བོན་ནུས་པ་ལྡན་དང་གཉིས། རྐྱེན་ཆུ་ལུད་དྲོད་གཤེར་འཛོམས་དང་གསུམ། ཆོས་དེ་གསུམ་ཚོགས་ཤིང་དུས་ལ་བབས་ན། ལོ་ཏོག་ལ་མི་ལེགས་རང་དབང་མེད། ཅེས་གསུངས་པ་ལྟར། དགེ་རྒན་གྱི་ངོས་ནས་ཤེས་ཚད་དང་ཁྲིད་ཐབས། ལྷག་བསམ་གསུམ་ལྡན་ཚེ་སློབ་ཕྲུག་ཚོར་ཤེས་ཡོན་གྱི་ལོ་ཏོག་ཕུན་སུམ་ཚོགས་པ་ཞིག་སྨིན་རྒྱུར་རང་དབང་མེད་ལ། སྤྱི་ཚོགས་ནང་དགེ་རྒན་ནི་སྤྱི་ཚོགས་འཛུགས་སྐྲུན་བྱེད་མཁན་ཞིག་ཡིན་གསུང་བཞིན་ཡོད། ལྷག་པར་དུ་སློབ་ཕྲུག་ཚོའི་བོད་ཡིག་ཇི་ལྟར་འབྱུང་མིན་ནི་འདིར་ཕེབས་པའི་བོད་ཡིག་དགེ་རྒན་ཚོར་རག་ལུས་ཡོད། སྔ་མོ་བོད་ཡིག་ལས་ཨིན་ཇི་ལ་དོ་སྣང་ཆེ་བར་གནང་བའི་རྐྱེན་གྱིས་བོད་ཡིག་ལ་ཅུང་ཟད་འཐུས་ཤོར་ཕྱིན་པ་ལྟ་བུ་ཆགས་ཡོད་སྟབས། ༸གོང་ས་མཆོག་གི་བོད་མིའི་སློབ་གྲྭ་ཟུར་འཛུགས་གནང་བའི་བཀའ་དགོངས་གྲུབ་མེད་པ་ལྟ་བུར་མངོན་ཡང་། ཕྱིས་སུ་༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་གལ་གནད་སྐོར་བཀའ་སློབ་རིམ་པར་ཕེབས་པ་ལ་བརྟེན་ནས་བོད་ཡིག་ལ་དོ་སྣང་ཆེ་རུ་ཕྱིན་ཏེ་སྤྱི་ཚོགས་ནང་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་མངོན་བཞིན་ཡོད། གོང་ཞུས་ལྟར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཐུན་མིན་སྐད་ཡིག་དང་བོད་མིའི་རང་ཆས་སུ་ཡོད་པའི་བཟང་སྤྱོད་ཀྱི་ཁྱད་ནོར་རྒྱུན་གནས་ཐུབ་ཐབས་སུ་ཐུགས་འཚབ་གནང་བཞིན་ཡོད་པར་སོང་། ཤེས་རིག་ལས་ཁུངས་དང་ཕ་མ། སློབ་གྲྭ་སོགས་ཚང་མར་མཉམ་རུབ་ཀྱི་འགན་ཞིག་ཡོད་ལ། གལ་ཏེ་༸རྒྱལ་བའི་བཀའ་དགོངས་བཞིན་ནུས་པ་ཐོན་པ་ཞིག་བྱུང་ཚེ་༸རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་འགྱུར་རྒྱུ་ཡིན་སྐོར་གསུངས།
ད་ལྟ་འདིར་ཕེབས་པའི་དགེ་རྒན་ཁག་ཅིག་ཞབས་ལོ་ཉི་ཤུ་སུམ་ཅུ་ལྷག་རིང་བོད་པའི་ཕྲུ་གུ་ཚོའི་ཤེས་ཡོན་ཐོག་ཞབས་ཞུ་བསྒྲུབས་ཡོད་པ་ནི། ངེས་པར་བོད་པའི་སྤྱི་ཚོགས་ནང་འདི་ལས་ལྷག་པའི་ཞབས་ཞུ་བསྒྲུབ་རྒྱུ་མེད་སྙམ། མ་འོངས་པར་དགེ་ལགས་རྣམ་པས་ཤེས་ཡོན་ཡར་རྒྱས་དང་འབྲེལ་བའི་སྐོར་ཤེས་རིག་ལས་ཁུངས་སུ་བསམ་འཆར་ཡག་པོ་དེ་འདྲ་ཡོད་ཚེ་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན། ང་ཚོས་སོ་སོའི་ཨ་ཕའི་ཕོར་པར་གཙང་ཞེན་ལྟ་བུ་མིན་པར་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་དང་དགེ་མཚན་སོགས་རྒྱུ་མཚན་གྱི་ཐོག་ནས་གསལ་བཤད་ཀྱིས་ཁྱབ་གདལ་གཏོང་དགོས་པ་ཡིན། སྤྱིར་སོ་སོའི་གདན་ཐོབ་ལས་སྡིག་པ་སྦྱངས་གསུངས་པ་ངེས་དོན་དུའང་དེ་ལྟར་གནས་པར་བསམ་ཏེ། དགེ་རྒན་ཙམ་མ་ཟད་སྲི་ཞུ་བ་དང་སྤྱི་པའི་ལས་དོན་སྒྲུབ་མཁན་སུ་འདྲ་ཞིག་ཡིན་རུང་ཀུན་སློང་བཟང་པོ་ཞིག་གིས་མཚམས་སྦྱོར་ཐུབ་ན་སྡིག་སྒྲིབ་སྦྱོང་བའི་རྒྱུ་རུ་འགྱུར་ངེས་གསུངས་པ་སོགས་ཀྱི་དགེ་རྒན་རྣམས་ལ་བླང་དོར་གྱི་བཀའ་སློབ་ཟབ་ཅིང་རྒྱས་པ་གནང་སྟེ་དབུ་འབྱེད་མཛད་སྒོ་མཇུག་བསྒྲིལ།