དྲང་སྲོང་བཟོད་པ་སྨྲ་བའི་སྒྲུང༌།

བླུན་པོ་ལན་ཅིག་རྒུད་པ་ན། །
མར་མེ་བཞིན་དུ་ཟད་པར་འགྱུར། །
བཟོད་སྨྲར་རྒོལ་བའི་རྒྱལ་པོ་ཉིད། །
འཕྲལ་དུ་རླགས་པའི་ངང་ཚུལ་ལྟོས། །

   སྔོན་ཝཱ་རཱ་ཎ་སཱའི་རྒྱལ་པོ་ཚངས་བྱིན་ལ་སྲས་ཤིག་འཁྲུངས་པའི་མཚན་དུ་ཀ་ཤི་མཛེས་དགའ་ཞེས་བཏགས་སོ། །དེ་ཆེར་སྐྱེས་པ་ན་རབ་ཏུ་བྱུང་བའི་ཕན་ཡོན་དུ་མ་མཐོང་སྟེ། རབ་ཏུ་བྱུང་ནས་གནས་དབེན་པ་1ཞིག་གི་སྐྱེད་མོས་ཚལ་2ཞིག་ཏུ་བཞུགས་ཏེ། བཟོད་པའི་ཉམས་ཏེ་མིང་ཡང་བཟོད་པ་སྨྲ་བ་ཞེས་གྲགས་སོ། །
    དེ་ནས་སོས་ཀའི་དུས་ཤིག་ན་ལྗོན་ཤིང་རྣམས་ཡལ་ག་དང་ལོ་མ་རྒྱས། མེ་ཏོག་རྣམས་ཀྱང་ཁ་ཕྱེ། བུང་བ་རྣམས་དར་དིར་སྒྲོག་ཅིང་རྩེ་བར་བྱེད། འདབ་ཆགས་རྣམས་ཀྱང་སྙན་པའི་སྒྲ་འབྱིན་ཅིང་འཕུར་ལྡིང་གར་གྱིས་རོལ་བ་ན། ཕྱོགས་དེའི་རྒྱལ་པོ་བཙུན་མོའི་འཁོར་བཅས་སླེབས་ཏེ་དགའ་བདེ་ཉམས་སུ་མྱོང་བས་ལུས་དུབ་3སྟེ་རྒྱལ་པོ་གཉིད་ལོག་གོ །
    བཙུན་མོ་རྣམས་སྐྱེད་ཚལ་ལ་ཆགས་ཏེ་ལྟད་མོར་གཡེངས་མཐར་བཟོད་པ་སྨྲ་བའི་དཀའ་ཐུབ་ཀྱི་གནས་སུ་ཕྱིན། བཙུན་མོ་རྣམས་དེ་ལ་དད་ཅིང་གུས་པས་དྲུང་དུ་ལྷགས་4ནས་བསྙེན་བཀུར་བྱས་པ་ན། སེམས་དཔའ་ཆེན་པོས་ཀྱང་དེ་དག་ལ་རྣ་བར་འབབ་པའི་གཏམ་དལ་འབྱོར་དང༌། འཆི་བ་མི་རྟག་པ། སྡིག་སྤོང་དགེ་སྒྲུབ་དང༌། བཟོད་པའི་གཏམ་སོགས་ཀྱི་ཆོས་བསྟན་ཏོ། །
    དེར་རྒྱལ་པོ་གཉིད་སད་པ་དང་བཙུན་མོར་ཆགས་ཏེ་རྗེས་བསྙེགས་5ཤིང་སོང་བས། དྲང་སྲོང་བཟོད་པ་སྨྲ་བ་དེ་བཙུན་མོའི་ཚོགས་ཀྱིས་བསྐོར་ནས་འདུག་པ་མཐོང་སྟེ། རྒྱལ་པོ་ཕྲག་དོག་གིས་ཡིད་རབ་ཏུ་འཁྲུགས་ཏེ། ངན་པའི་ཚུལ་འཆོས་ཅན་6ངའི་བཙུན་མོའི་འཁོར་ལ་ལྟ་བ་འདི་སུ་ཞིག་ཅེས་སྨྲས་པས། བཙུན་མོ་རྣམས་འཛུམ་ཞིང་རྒྱལ་པོའི་དྲུང་དུ་སོང་ནས་བརྟབས་7བཞིན་དུ་གསོལ་དོན། ལྷ་འདི་ནི་དྲང་སྲོང་བཟོད་པ་སྨྲ་བ་ཡིན་པས་ཐུབ་ཚོད་ཆེན་པོ་མ་མཛད་ཅིག་ཞུས་ཀྱང་མ་ཉན་ཏེ་རལ་གྲི་བཏེགས་ཏེ་སོང་བ་ན། སེམས་དཔའ་ཆེན་པོས་ཚིག་འཇམ་པོས་གདམས་8ཀྱང་མ་ཉན་པར་ཁྱེད་བཟོད་པ་ལ་དགའ་བ་དེ་ད་ལྟ་རང་བལྟའོ་ཟེར་ནས། ལག་པ་གཉིས་དང༌། དཔུང་པ་གཉིས་དང༌། རྣ་བ་དང༌། སྣ་དང༌། རྐང་པ་གཉིས་བཅས་རིམ་བཞིན་བཅད་དེ་ས་ལ་འགྱེལ་པར་བྱས་པ་ན། སེམས་དཔའ་ཆེན་པོའི་ཐུགས་འཁྲུག་པ་མེད་པར་རྒྱལ་པོ་དེ་ལ་ལྷག་པར་བརྩེ་སེམས་སྐྱེས་ཏེ། གལ་ཏེ་བདག་གི་ལུས་ལ་ནི། །ཏིལ་འབྲུ་ཙམ་དུ་གཏུམ་པ་ཡིས། །ལུས་ནི་ཕྱེ་མ་བརྒྱར་གཏུབས་ནས། །ས་ལ་གཏོར་ཀྱང་བཟོད་མི་སྤོང༌། །ཞེས་སོགས་སྨྲས་ནས་རྗེས་སུ་གཟུང་བའི་སྨོན་ལམ་བཏབ་བོ། །དེ་ནས་རྒྱལ་པོ་ལ་ལས་ངན་མི་བཟད་པ་དེའི་མཐུས་དེ་མ་ཐག་ཏུ་ལུས་ལ་རིམས་ནད་མེ་བཞིན་འབར་ཏེ། ནགས་ཚལ་དེ་ནས་མ་ཐར་བར་ས་གས་ནས་ལྷུང་སྟེ་དམྱལ་བར་མནར་མེད་9མེད་དུ་སོང་ངོ༌། །དེ་ནས་བློན་པོ་རྣམས་དྲང་སྲོང་གི་དམོད་པས་ཤིན་ཏུ་འཇིགས་ཤིང། ཉམ་ཐག་ནས་ཕྱག་འཚལ་ཏེ་བཟོད་པར་གསོལ་བ་ན། སེམས་དཔའ་ཆེན་པོས་དེ་དག་དབུགས་ཕྱུང་སྟེ་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེའི་སྒྲ་བསྒྲགས་ཤིང་ཐེག་པ་ཆེན་པོའི་ཆོས་བསྟན་པས་དད་ཅིང་འདུན་པར་བྱས་ཏེ་ཞིང་ཁམས་གཞན་དུ་གཤེགས་པར་གྱུར་ཏོ། །

མཆན། 

  1. དབེན་པ་ནི། མི་མེད་པའི་ས་སྟོང་ལ་ཟེར།
  2. སྐྱེད་མོས་ཚལ། མིས་བཟོས་པའི་ནགས་ཚལ་ལམ་གླིང་ག
  3. དུབ་པ་ནི། ངལ་བའམ་ཐང་ཆད་པའི་དོན་ཡིན།
  4. ལྷགས་པ་ནི། སླེབས་པའི་དོན་ཡིན།
  5. རྗེས་བསྙེགས་པ་ནི། རྗེས་འདེད་བྱས་པའི་དོན།
  6. ཚུལ་འཆོས་ནི། སྤྱོད་པ་བཅོས་མ། དཔེར་ན་བཟང་པོ་མིན་ནའང་བཟང་པོ་ཡིན་ཁུལ་གྱི་རྣམ་འགྱུར་བསྟན་པ་ལའོ། །
  7. བརྟབས་པ་ནི། འཇིགས་སྣང་གིས་ལུས་འདར་བའི་དོན།
  8. གདམས་པ་ནི། ཕན་ཐོགས་པའི་བསླབ་བྱ་རྒྱག་པ་ལ་ཟེར།
  9. མནར་མེད་ནི། དམྱལ་བ་མནར་མེད་ཀྱི་དོན་ཡིན། ཚ་དམྱལ་བརྒྱད་ཀྱི་ནང་གསེས། ལྕགས་ཁྱིམ་འབར་བའི་ནང་དུ་གཤིན་རྗེའི་ལས་མཁན་རྣམས་ཀྱིས་ལྕགས་བསྲེགས་ཀྱི་སོལ་བ་རི་ལྟར་སྤུངས་པའི་ཁྲོད་དུ་དམྱལ་བའི་སེམས་ཅན་གྲངས་མེད་པ་བཅུག་ནས། མེ་དང་ལུས་གཉིས་མེད་དུ་བསྲེགས་པ་དང༌། ཁྲོ་ཆུ་ཁོལ་མ་ཁར་བླུགས་པ་སོགས་ཀྱི་སྡུག་བསྔལ་ཡ་ང་བ་མྱོང་བ་དེའོ། །

ཕ་བསད་པར་རྒྱལ་རྔ་རྡུང་པ།

བླུན་པོ་མཛངས་པའི་བློ་མེད་པས། །
རང་གི་གཏམ་ངན་ངོ་སོར་བྱེད། །
ཙུ་ཏའི་ཡུལ་གྱི་ཕྲན་འགའ། །
ཕ་བསད་པ་ལ་རྒྱལ་རྔ་རྡུང༌། །

    རྒྱ་གར་ལྷོ་ཕྱོགས་ཀཉྩིའི་ཡུལ་གྱི་རྒྱལ་པོ་ན་ན་ར་བ་ཏི་ཞེས་བྱ་བའི་རྒྱལ་པོ་ཞིག་ཡོད། ཡུལ་དེར་ཁྲིམས་དམིགས་བསལ་ཅན་ཞིག་ཡོད་པའི་ནང་རྒྱལ་སྲས་ལོ་ཉི་ཤུ་ལོན་མཚམས་ཡབ་རྒྱལ་པོའི་དྲུང་དུ་འགྲོ་མི་ཆོག་པར་ལྕགས་ཀྱི་དྲ་བའི་ནང་དུ་བསྡད་ནས་ལུགས་ཀྱི་བསྟན་བཅོས་སོགས་ལ་སློབ་པར་བྱེད་ཅིང༌། ཕ་ཤི་བ་དང་བུ་ཆེ་བ་དེས་རྒྱལ་སྲིད་བྱེད། དེའི་ཚེ་རྒྱལ་པོ་དེ་ལ་བུ་ལོ་བརྒྱད་སོན་པ་ཞིག་ཡོད་པ་དེ་ལ་གོས་སྤུས་ལེགས་ཤིག་ཡོད་པ་དེ་རང་གི་མ་ལ་བཅོལ་ནས། ནམ་ཞིག་ཁོ་བོ་རྒྱལ་སྲིད་དུ་འཁོད་སྐབས་གྱོན་རྒྱུ་ཡིན་ཞེས་ཞུས་དུས། མས་སེམས་ཀྱིས་མ་བཟོད་པས། ཕུ་བོ་1ཡོད་པས་བུ་ཁྱོད་རྒྱལ་སྲིད་འཛིན་པའི་དུས་མི་ཡོང་ངོ་ཞེས་སྨྲས། བུས་དེ་ལ་ཐབས་ཅི་ཡོད་དྲིས་པར། མས་རང་གི་ཕ་བསད་ནས་རྒྱལ་རྔ་བརྡུང་ཐུབ་ན་རྒྱལ་སྲིད་ཐོབ་བོ། །འདོད་པས་གཞན་དབང་དུ་སོང་ན་ཅི་ཡང་མི་བྱེད་པ་མེད་པས། བུ་ཆུང་དེས་མས་ཆུ་གྲི་2རྣོན་པོ་ཞིག་བྱིན་པ་སྦས་ནས་རྒྱལ་པོ་ཁྲི་སྟེང་ན་ཡོད་པའི་ཐད་དུ་3སོང་སྟེ། དགའ་བ་དང་རྩེད་མོའི་རྣམ་པས་པང་དུ་བཞུགས་རྗེས་ཆུ་གྲིས་ཕའི་ལྟོ་དཀྲུགས་ཏེ་བསད་དོ། །དེ་ནས་དེ་རིང་ནས་ཁོ་བོ་རྒྱལ་པོ་ཡིན་ནོ་ཞེས་རྔ་རྡུང་ཏེ་ཀུན་ལ་སྒྲོག་པར་བྱེད་དོ། །འབངས་རྣམས་ཀྱིས་བུ་ཆུང་བ་འདིས་འདི་ལྟ་བུ་ནུས་པ་ལ་བལྟས་ན་ཤིན་ཏུ་དཔའ་བ་ཞིག་ཡིན་པ་ནི་ཐེ་ཚོམ་མེད་སྙམ་ནས་རྒྱལ་སྲིད་ལ་བསྐོས།

མཆན།

  1. ཕུ་བོ་ནི། བུ་སྤུན་མཆེད་རྒན་པའི་དོན་ཡིན། གཅེན་པོ་འང་ཟེར།
  2. ཆུ་གྲི་ནི། གྲི་རྩེ་རྣོན་པོ་གོ་ཐུང་ཅིང་སྐྱོག་པ་སྐྲ་བཞར་བྱེད་ཀྱི་གྲིའི་མིང་ཡིན།
  3. ཐད་དུ་ནི། འགྲམ་གྱི་དོན།

གཡོ་ཅན་པདྨའི་རྩ་ལག་དང་བཟང་མོ།

བླུན་པོ་རང་གི་ཉེས་སྐྱོན་རྣམས། །
སྐྱེ་བོ་གཞན་ལ་ནན་གྱིས་བགོ། །
གཡོ་ཅན་གྱིས་ནི་གོ་ཏམ་དྲུང༌། །
རལ་གྲི་ཁྲག་ཅན་བོར་ལ་ལྟོས། །

  སྔོན་རྒྱལ་པོ་ཀྲི་ཀྲིའི་སྲས་ལེགས་སྐྱེས་ཀྱི་བརྒྱུད་པ་ལ་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་ཐ་མ་རྣ་བ་ཅན་ཡིན་ཞིང༌། དེ་ལ་གོ་ཏ་མ་དང༌། བྷ་ར་དྷ་ཛྷ་ཞེས་སྲས་གཉིས་བྱུང་བ་ལས་བྷ་ར་དྷ་ཛྷས་རྒྱལ་སྲིད་བསྐྱངས། གོ་ཏ་མ་ནི་དྲང་སྲོང་མདོག་ནག་ལས་རབ་ཏུ་བྱུང་ནས་གྲོང་འདབས་སུ་ལོ་མའི་སྤྱིལ་བུ་བརྩིགས་ནས་གནས་ཡོད།
    དེའི་ཚེ་སྐྱེས་བུ་གཡོ་ཅན་པདྨའི་རྩ་ལག་ཅེས་བྱ་བས་སྨད་ཚོང་མ་བཟང་མོ་ལ་དགའ་མགུར་སྤྱད་ཕྱིར་གོས་དང་རྒྱན་ཆ་མང་དག་ཅིག་བསྐུར་ཀྱང༌། བཟང་མོས་དེ་དག་གྱོན་ནས་སྐྱེས་པ་གཞན་ཞིག་དང་མཉམ་དུ་དགའ་མགུར་སྤྱོད་པ་1དེས་མ་བཟོད་ནས་སྐྱེད་མོས་ཚལ་ཞིག་ཏུ་བཟང་མོ་འཁྲིད་དེ་བསད་དོ། །
    དེར་མངག་ཞུ་མ་2ཞིག་གིས་ཇོ་མོ་བསད་དོ་ཞེས་ཀུ་ཅོར་བཏབ་པས། པདྨའི་རྩ་ལག་སྐྲག་སྟེ་རལ་གྲི་ཁྲག་ཅན་དེ་དྲང་སྲོང་གོ་ཏ་མའི་དྲུང་དུ་བོར་ཏེ་བྲོས། དེར་མི་རྣམས་འདུས་ནས་དྲང་སྲོང་གོ་ཏ་མ་ལ་ཁྱོད་དྲང་སྲོང་གི་གཟུགས་འཛིན་ཡང་སྤྱོད་པ་དེ་འདྲ་བྱེད་ག་ལ་ཕོད། ཁྱོད་ཀྱིས་བཟང་མོ་བསད་དགོས་དོན་ཅི་ཞེས་དྲིས་པར། གཽ་ཏ་མས་མ་བསད་ཅེས་བརྗོད་ཀྱང་མ་ཉན་པར་ཁྱོད་ཀྱིས་བཟང་མོར་འདོད་པ་སྤྱད་དེ་བསད་དོ་ཞེས་ལག་པ་ཕྱིན་ཀ་ལོག་ཏུ་བཅིངས་ནས་རྒྱལ་པོ་ལ་ཕུལ་བ་ན། རྒྱལ་པོས་མ་བརྟག་པར་གསལ་ཤིང་3ལ་སྐྱོན་ནས་འཁྲིད་དུས་དྲང་སྲོང་མདོག་ནག་སླེབས་ཏེ། བུ་ཁྱོད་ཅིས་ཉེས། སྡོམ་པ་ལ་རྨ་མ་བྱུང་ངམ་ཞེས་དྲིས་པར། བདག་ནི་མ་ཉེས་ཁ་གཡོག་ཡིན་པས་སྡོམ་པ་ལ་རྨ་མེད་དོ། །གལ་ཏེ་བདག་ལ་ཉེས་པ་མེད་ན་བདེན་ཚིག་འདིས་སློབ་དཔོན་གྱིས་ལུས་ཀྱི་མདོག་དེ་གསེར་མདོག་ཏུ་གྱུར་ཅིག་ཅེས་བརྗོད་མ་ཐག་གསེར་མདོག་ཏུ་གྱུར་ནས་སློབ་དཔོན་ཡིད་ཆེས་ནས་ཚང་མས་དད་པར་གྱུར།།

མཆན།

  1. དགའ་མགུར་སྤྱོད་པ་ནི། འཁྲིག་པ་སྤྱོད་པ་ལ་ཟེར།
  2. མངག་ཞུ་མ་ནི། འབངས་མོའམ་བྲན་མོར་གོ་དགོས།
  3. གསལ་ཤིང་ནི། ཁྲིམས་ཤིང་ཞིག་གི་མིང་ཡིན་སྟེ། མིའི་ཡན་ལག་རྣམས་བསྡམས་ནས་སྐྱེལ་ས།

ཝས་ཤ་མ་ཟོས་གོང་རང་ཉིད་ཤི་བ།

བླུན་པོ་ནོར་གྱིས་ཕྱུག་ན་ཡང༌། །
བཀྲེས་པ་བཞིན་དུ་ལོངས་མི་སྤྱོད། །
ཝ་སྐྱེས་ཤ་དང་འཕྲད་བཞིན་དུ། །
གཞུ་རྒྱུད་ཟོས་པས་ཕུང་ལ་ལྟོས། །

    སྔོན་མུ་གེ་བྱུང་བའི་སྐབས་ཤིག་ཏུ་རྔོན་པ་ཞིག་མདའ་དུག་ཅན་ཞིག་ཐོགས་ཏེ་གླང་པོ་ཆེའི་གནད་དུ་འཕེན་པ་1དང་གླང་པོ་ཆེ་དེ་ན་ཟུག་གིས་ཤིན་ཏུ་ཁྲོས་ཏེ་མདའ་འཕངས་སའི་ཕྱོགས་སུ་རྒྱུག་སྟེ་རྔོན་པ་དེ་བསད་རྗེས་དེ་ཡང་གྲོངས་སོ། །
    དེ་རྗེས་ཆོམ་རྐུན་ལྔ་བརྒྱ་ཕྱོགས་དེར་འབྱོར་ཏེ། གླང་པོ་ཆེའི་ཤ་མཐོང་ནས་ཉིས་བརྒྱ་ལྔ་བཅུས་ཤ་བཅད་ལ་བཙོས་པ་དང༌། ཉིས་བརྒྱ་ལྔ་བཅུ་ཆུ་ལེན་དུ་སོང༌། ཤ་བཙོ་མཁན་རྣམས་ནས་རང་རང་གི་འདོད་པ་ལྟར་ཤ་ཅི་ཆོག་བཟོས་ནས་ལྷག་མ་རྣམས་ལ་དུག་བཏབ་སྟེ་རྐུས་རྫས་རྣམས་འཁྱེར་རྒྱུའི་བྱུས་བཏིང༌། ཆུ་ལེན་དུ་སོང་བ་རྣམས་ཀྱིས་ཀྱང་ཆུ་ལ་དུག་བཏབ་སྟེ་སླེབས་མ་ཐག་ཤ་ལྷག་མ་རྣམས་ཧུར་གྱིས་ཟོས་རྗེས་རིམ་བཞིན་ཚང་མ་ཤིའོ། །
    ཇི་ཙམ་དེར་ཝ་ཞིག་འཆི་བདག་གི་ཞགས་པས་བཅིངས་ནས་ཁྲིད་པ་ལྟར་འོངས་པ་ན། རོ་དེ་དག་ཐམས་ཅད་མཐོང་ནས་ཤིན་ཏུ་དགའ་སྟེ་བསམ་པ། བདག་གིས་རྙེད་པ་ཟད་མི་ཤེས་པ་2འདི་བདག་གིར་བྱས་ཤིང་རིམ་གྱིས་བཟའོ་སྙམ་ནས་བཟང་པོ་བཟའ་མ་ཕོད་པར། སྔོན་ལ་གཞུ་མཆོག་དཀར་3བཅག་སྟེ་གཞུ་རྒྱུད་ཀྱི་རྒྱུས་པ་འཆའ་ཞིང་ཟོས་པས། གཞུ་རྒྱུད་ཆད་དེ་མཆོག་མ་རྐན་པ་ཕོག་ནས་ཤིའོ། །དེར་ལྷས་སྨྲས་པ།

བསགས་པ་ཡང་ནི་བྱ་བ་སྟེ། །
ལྷག་པར་བསགས་པར་མི་བྱའོ། །
བསག་ལ་ཆགས་པའི་ཝ་ལོང་པ། །
གཞུ་ཡིས་བསད་པར་གྱུརལ་ལྟོས། །

མཆན།

  1. གནད་དུ་འཕེན་པ་ནི། ལུས་ཀྱི་གནད་ས་ལ་འཕངས་པའི་དོན།
  2. ཟད་མི་ཤེས་པ་ནི། རྫོགས་མཐའ་མེད་པའི་དོན།
  3. གཞུ་མཆོག་དཀར་ནི། མཆོག་དཀར་ནི་གཞུའི་མིང་ཡིན།

མདུན་ཤོག