ཟླ་རེའི་གསར་འགྱུར།

ཤེས་རིག་ལས་ཁུངས་ནས་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གཞི་རིམ་འོག་མའི་དགེ་ཆེ་དང་བོད་དགེ་རྣམས་ལ་ཀློག་རྩལ་གྱི་ཟབ་སྦྱོང་གོ་སྒྲིག་གནང་།

གསར་འཕྲིན།

༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༠༧ ནས་ ༠༩ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག སྦེལ་ཀོབ་ས་སྐྱ་གསོལ་མགྲོན་ཁང་དུ་གཞི་རིམ་འོག་མའི་དགེ་ཆེ་དང་བོད་དགེ་རྣམས་ལ་ཀློག་རྩལ་གྱི་ཟབ་སྦྱོང་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་སློབ་སྟོན་པ་བེ་རི་དཔལ་ལྡན་རྣམ་རྒྱལ་ལགས་དང་། ཤེས་རིག་ལས་ཁུངས་ཀྱི་བསོད་ནམས་གངས་བཟང་ལགས་ནས་གཞི་རིམ་སློབ་གྲྭའི་དགེ་ཆེ་ལྔ་དང་། བོད་དགེ་ཉི་ཤུ། རྫོང་དཀར་ཆོས་སྡེ་དང་སེ་ར་བྱེས་སློབ་གྲྭ་གཉིས་ཀྱི་དགེ་རྒན་བཞི་བཅས་ཁྱོན་སློབ་དགེ་ཉི་ཤུ་རྩ་དགུ་ལ་དཔེ་དེབ་གཏམ་གླེང་དང་། སྐད་ཤུགས་མཐོ་པོས་ཀློག་ཐབས། བོད་ཡིག་གི་ཏམ་བོ་ལ། བོད་ཡིག་གི་སྦྲུལ་རྩེད་སོགས་ཀློག་རྩལ་ཐབས་བྱུས་སྣ་ཚོགས་སྐོར་སློབ་སྟོན་གནང་བའི་ཐོག ཐབས་བྱུས་དེ་དག་འཛིན་གྲྭའི་ནང་དུ་སློབ་ཕྲུག་གི་ཀློག་རྩལ་ཡར་རྒྱས་གཏོང་ཐབས་སུ་ལག་བསྟར་གནང་ཐབས་སུ་དཔེ་བསྟན་ཡོད། གཞན་ཡང་ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ཁྲི་སྲོང་དཔེ་མཛོད་ཁང་དུ་ཆེད་ཕེབས་ཀྱིས་དཔེ་དེབ་དང་འབྲེལ་བའི་གཏམ་བཤད་བྱེད་སྒོ་སྤེལ་ཡོད་པ་རེད།

ཟབ་སྦྱོང་སྐབས་ཚོགས་བཅར་བ་རྣམས་ལ་ཕྲུ་གུའི་དཔེ་དེབ་དང་། ཚིག་གསར་སྦྱོང་ཆེད་གྱར་སྦྱར་སོགས་མཁོ་སྤྲོད་གནང་སྟེ། སློབ་ཕྲུག་གི་རྒྱུད་ལ་དཔེ་ཀློག་གི་གོམས་གཤིས་འཇགས་ཐབས་དང་། ཀློག་རྩལ་ཡར་རྒྱས་གཏང་རྒྱུའི་དམིགས་ཡུལ་བཟུང་ཡོད། ཕྱོགས་མཚུངས་ཟབ་སྦྱོང་བ་རྣམས་ལ་ཟབ་སྦྱོང་གྲུབ་རྗེས་འཛིན་གྲྭའི་ནང་དུ་བོད་ཡིག་བཀླག་རྒྱུར་དཀའ་ངལ་ཡོད་པའི་སློབ་ཕྲུག་ངོས་འཛིན་གྱིས་ཟབ་སྦྱོང་སྐབས་སྦྱངས་བའི་རྩལ་རྣམས་ལག་བསྟར་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། ཡོང་འགྱུར་ཕྱི་ཟླ་ ༠༩ ནང་ཟབ་སྦྱོང་བ་རྣམས་ནས་དྲྭ་ཐོག་ནས་ཀློག་རྩལ་ཐབས་བྱུས་ལག་བསྟར་གནང་བའི་ཉམས་མྱོང་བརྗེ་ལེན་གནང་རྒྱུ་ཡིན་པ་རེད།

རྒྱ་གར་བྱང་ཕྱོགས་ཁུལ་གྱི་བོད་སློབ་ཁག་གི་དགེ་རྒན་རྣམས་ལ་དེ་མཚུངས་ཀྱི་ཟབ་སྦྱོང་ཕྱི་ཟླ་ ༠༦ ནང་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་ཞུས་ཡོད་པ་དང་། ཟབ་སྦྱོང་དེ་བརྒྱུད་བོད་ཡིག་བཀླག་རྒྱུར་དཀའ་ངལ་ཡོད་པའི་སློབ་ཕྲུག་རྣམས་ལ་ཀློག་རྩལ་ཡར་རྒྱས་གཏོང་ཕྱོགས་ཀྱི་ཐབས་བྱུས་སློབ་སྟོན་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་བསོད་ནམས་གངས་བཟང་ལགས་དང་། སྦེལ་ཀོབ་བོད་ཁྱིམ་གྱི་ཀརྨ་སྒྲོལ་དཀར་ལགས། སཾ་བྷོ་ཊ་གུ་རུ་པུ་རའི་བསྟན་འཛིན་ཐོགས་མེད་ལགས་བཅས་ནས་འབྲེལ་མཐུད་དང་། ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག ཤེས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཡོད་པ་བཅས།།

སྔོན་མ།
ཤེས་རིག་ལས་ཁུངས་ནས་རྩོམ་སྒྲིག་པར་སྐྲུན་གནང་བའི་སྒྲུང་དེབ་ཁག་ཅིག་འགྲེམས་སྤེལ་གནང་བ།
ཕྱི་མ།
ཤེས་རིག་ལས་ཁུངས་ནས་ལ་དྭགས་ཁུལ་གྱི་བོད་ཁྱིམ་སློབ་གྲྭ་ཁག་ཅིག་ལ་བྱིས་པ་རྩེད་མོ་རྩེད་ས་དང་དཔེ་དེབ་སོགས་ཀྱི་མཐུན་རྐྱེན་སྦྱོར་སྤྲོད་གནང་།
Menu