༡༽    ལོ་སྔོན་མ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་སློབ་གྲྭ་ ༨༧ ཡོད་ཀྱང་སིམ་ལ་ཁ་ར་པ་ཐར་སློབ་གྲྭར་སློབ་ཕྲུག་ཉུང་རྐྱེན་སྒོ་བརྒྱབ་པར་བརྟེན་ཁྱོན་བསྡོམས་སློབ་གྲྭ་ ༨༦ ༼བོད་སློབ་འཛིན་ཚོགས་སློབ་ཁག ༣༠ ཤེས་རིག་ཐད་འཛིན་སློབ་ཁག ༣༤ ཟུར་སྐྱོང་སློབ་ཁག ༢༢༽ ནང་སློབ་ཕྲུག་ཕོ་མོ་ ༢༦༠༣༥ དང༌། དགེ་རྒན་ལས་བྱེད་ ༢༥༡༣ ཡོད།
        ལོ་འདིར་མ་སུ་རི་དང་རྡོར་གླིང༌། ཌལ་ཧོར། སིམ་ལ། བྷེལ་ཀོབ། ཀ་སྦུག མོན་གྷོ། ཧར་པ་པུར་བཅས་ནས་འཛིན་རིམ་བཅུ་གཉིས་པའི་ཡིག་ཚད་དུ་ཞུགས་མཁན་ ༣༧༤ ཡོད་པའི་ནང་ནས་ཨང་སྡེ་དང་པོ་ ༧༧ ཨང་སྡེ་གཉིས་པ་ ༡༩༨ ཨང་སྡེ་གསུམ་པ་ ༢༩ བསྐྱར་རྒྱུགས་གཏོང་དགོས་ ༥༥ རྒྱུགས་མ་འཕྲོད་པ་ ༡༥ བཅས་ཡོད།
༢༽    ལོ་འདིར་མཐོ་རིམ་སློབ་ཡོན་གསར་དུ་ཐབས་འཚོལ་ཐུབ་པ་ ༡༡༧ བྱུང་བ་ལྟར་སློབ་ཡོན་བགོས་འགྲེམས་ཀྱིས་ཁྱོན་བསྡོམས་སློབ་ཕྲུག ༡༠༡ མཐོ་སློབ་དང་སློབ་གཉེར་ཁང་ནང་རང་རང་གི་འདོད་མོས་ཡོད་པའི་སློབ་ཚན་ཐོག་སློབ་གཉེར་བྱེད་ཐུབ་པ་བྱུང༌།
༣༽    ཨ་རིའི་གཞུང་གི་སློབ་ཡོན་ལས་གཞིའི་འོག་སྔ་ལོ་འདེམས་སྒྲུག་བྱས་པའི་སློབ་ཕྲུག་ ༡༨ ལོ་འདིའི་ཕྱི་ཟླ་ ༨ ནང་ཨ་རིར་བཏང༌།
        ༡༩༩༦ ལོར་གཏོང་རྒྱུའི་སློབ་ཕྲུག ༡༥ སྔར་ལམ་ལྟར་འདེམས་སྒྲུག་བྱས། ཨ་རིའི་བྷེ་རི་ཡ་མཐོ་སློབ་ཏུ་ལོ་བཞིའི་སློབ་སྦྱོང་ཆེད་བོད་ཕྲུག་གཉིས་འདེམས་སྒྲུག་ཟིན་པ་ལྟར་ལོ་རྗེས་མ་གཏོང་གཏན་འཁེལ།
༤༽    ལོ་འདིར་གཞི་རིམ་སློབ་ཡོན་ཐབས་འཚོལ་བྱས་འབྲས་སུ་ཁྱོན་སློབ་ཡོན་གྲངས་ ༣༠༩ གསར་འཚོལ་ཐུབ་ཅིང༌། དེ་དག་སློབ་ཡུན་ལོ་ ༦ དང་ཟླ་རེར་ཧིན་སྒོར་ ༣༠༠ བརྩིས་ཚེ་ཧིན་སྒོར་ ༡༡༡༢༤༠༠ ཆགས་ཀྱི་ཡོད། ལོ་འདིར་གཏན་སློབ་ཁག་ཏུ་ཁྱོན་བསྡོམས་སློབ་ཕྲུག ༦༧༡ སློབ་འཇུག་བྱས་ཤིང༌། དེའི་ཁོངས་ནས་སློབ་ཕྲུག ༣༧༦ ཤེས་རིག་གིས་སློབ་ཡོན་ནར་གཏོང་དང༌། སློབ་ཕྲུག ༡༠༦ ལ་བོད་སློབ་འཛིན་ཚོགས་ཀྱིས་སློབ་ཡོན་སྩལ་ཡོད། འཕྲོས་ ༡༨༩ ཕ་མ་རང་ངོས་ནས་སློབ་ཡོན་ཕུལ་ཏེ་སློབ་འཇུག་བྱས་པ་རེད།
༥༽    ༡༩༩༥ ཟླ་བ་ ༡༠ ནང་བོད་ཀྱི་རིག་གཞུང་ལ་མཁྱེན་རྒྱ་ཡངས་པའི་རྨ་བྱ་ཚེ་དབང་འགྱུར་མེད་དང་བོད་ནང་གི་དངོས་ཡོད་གནས་སྟངས་མྱོང་རྒྱུས་ཡོད་པའི་བཙོན་ཟུར་རྭ་སྟོད་སྐུ་ཞབས་ཟླ་བ་གཉིས་སིམ་ལ་དང་ཌལ་ཧོར། མ་སུ་རི། སྤོན་ཊ། ཅན་དྷི་གྷར་མཐོ་སློབ་བཅས་སུ་ཆེད་བརྫངས་ཀྱིས་རིག་གཞུང་གི་གོ་རྟོགས་དང་རྒྱལ་ཞེན་ལྷག་བསམ་སྤེལ་བའི་གསུང་བཤད་གནང༌།
༦༽    ༡༩༩༥ ཟླ་བ་ ༡༢ ཚེས་ ༡༢ ཉིན་བོད་རིགས་སློབ་སྤྱི་རེག་ཊར་རྣམས་དྷ་སར་ཚོགས་སྐོང་གིས་སློབ་གྲྭའི་ཤེས་ཡོན་དང་སྒྲིག་ལམ། ཉལ་ཁང་འཛིན་སྐྱོང༌། བོད་ཡིག་ཐོག་ཡོད་པའི་སློབ་ཚན་ཁག་ཁྲིད་ཕྱོགས་སོགས་དང་འབྲེལ་བའི་སྐོར་ལ་གོ་བསྡུར་བྱས།
༧༽    བར་ལམ་ཕ་མ་བུ་ཕྲུག་གི་འབྲེལ་བར་དོ་སྣང་དེ་ཙམ་མ་བྱས་པར་ས་མིག་ཐོན་འཕྲལ་བུ་ཕྲུག་གཏན་སློབ་ཏུ་འཇུག་རྐྱང་བྱས་པ་དེས་ཕྲུ་གུའི་གཤིས་སྤྱོད་དང་འཚར་ལོངས། ཤེས་ཡོན་བཅས་གང་སར་སྐྱོན་ཆ་བྱུང་བ་ཤེས་ཚོར་བྱུང་སྟེ། ༡༩༩༥ ལོར་བཀའ་དྲུང་དང༌། ཤེས་རིག དྷ་ས་བོད་ཁྱིམ། མ་སུ་རི་བོད་ཁྱིམ། སྣེ་ལེན་ཁང་བཅས་ལྷན་ཚོགས་ཀྱིས་འཆར་འབུལ་ཞུས་པ་ལྟར་ཟླ་ ༥ ཚེས་ ༡༢ ཉིན་ྋགོང་ས་མཆོག་གིས་ཕྱག་རྟགས་སྩལ་བའི་སྲིད་བྱུས་ཡིག་ཆའི་ནང༌།     ༡༽ ས་གནས་ཉིན་སློབ་ཀྱི་འཛིན་རིམ་ཇི་ཡོད་བར་ས་གནས་རང་དུ་སློབ་འཇུག་བྱེད་དགོས་པ་ལས་གཏན་སློབ་ཁག་དང་བོད་ཁྱིམ་གཉིས་ཁོངས་སློབ་འཇུག་མི་དགོས་པ་གཙོ་འདོན་བྱ་རྒྱུ། ༢༽ མཐུན་རྐྱེན་གྱིས་མ་ལྡང་བ་དང་ཕྲུ་གུ་མང་བས་ལྟ་སྐྱོང་མི་ཐུབ་པའི་ཉམ་ཐག་ཡིན་ཚེ་གཏན་སློབ་དང་བོད་ཁྱིམ་གཉིས་ནང་སློབ་འཇུག་བྱ་རྒྱུ། ༣༽ ཉིན་སློབ་མང་པོར་སློབ་ཕྲུག་གི་གྲངས་ཚད་མ་ལོངས་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས་ད་ཕྱིན་ཉིན་སློབ་ཏུ་ཉལ་ཁང་གསར་རྒྱག་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ། སྒེར་པས་ཉལ་ཁང་བཙུགས་རིགས་བྱུང་ཚེ་བཀའ་འཁྲོལ་ཞུ་དགོས་རྒྱུ། ༤༽ མཐའ་ཁུལ་ཀྲུ་ཀྲིང་ཁུལ་གྱི་བོད་ཕྲུག་གི་ཤེས་ཡོན་ལ་དམིགས་བསལ་ཐུགས་སྣང་གནང་རྒྱུ། ༥༽ ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་ཡུན་སྤར་རྒྱུ་སོགས་ཀྱི་གཏན་འབེབས་བྱུང༌།
༨༽    ༡༩༩༥ ཟླ་བ་ ༡༡ ཚེས་ ༡༣ ནས་ ༡༧ བར་བཞུགས་སྒར་དྷ་སར་བོད་རིགས་ཁ་ཆེའི་ཚོགས་འདུ་འཚོགས་སྐབས་དང་སྟབས་བསྟུན་གྱིས་ཚོགས་བཅར་བ་རྣམས་ཤེས་རིག་ལས་ཁུངས་སུ་ཆེད་འབོད་ཀྱིས་བོད་རིགས་ཁ་ཆེའི་སློབ་གྲྭར་བོད་ཡིག་སློབ་གལ་ལྟར། ས་གནས་ནས་བོད་དགེ་ཐབས་འཚོལ་ཐུབ་བསྟུན་ཤེས་རིག་གིས་གླ་ཕོགས་དང་སློབ་དེབ་ཁག་ནར་གཏོང་ཞུ་རྒྱུ། དེ་མིན་དབྱིན་སྐད་དང་ཚན་རིག་སོགས་ཀྱི་དགེ་རྒན་གྱི་གླ་ཕོགས་ཐད་ལའང་བབས་བསྟུན་རོགས་རམ་གནང་འཐུས་ཁས་ལེན་བྱས། ད་ཕན་བོད་རིགས་ཁ་ཆེའི་ས་གནས་ནས་འཛིན་རིམ་ ༨ ཐོན་རིགས་རྣམས་གཏན་སློབ་ཁག་ནང་སློབ་འཇུག་ཟླ་སྒྲིལ་གནང་མུས་མ་ཟད། མ་འོངས་མཐོ་སློབ་ཀྱི་སློབ་ཡོན་ཐད་འོས་ཆོས་ཚང་རིགས་ཚོར་དམིགས་བསལ་དགོངས་བཞེས་གནང་འཐུས་བཅས་ཀྱི་གསལ་བཤད་གནང༌།
༩༽    ཕྱིའི་སྐད་ཡིག་ཕུད་འཛིན་རིམ་ལྔ་པ་མན་གྱི་སློབ་ཚན་ཡོངས་རྫོགས་བོད་ཡིག་གི་ཐོག་ནས་སློབ་ཁྲིད་བྱེད་མུས་ཀྱི་དགོས་མཁོའི་དགེ་རྒན་གསོ་སྐྱོང་སླད་དྷ་ས་རིགས་སློབ་ཏུ་གོ་སྒྲིག་གནང་བའི་གཞི་རིམ་འོག་མའི་དགེ་རྒན་འོས་སྦྱོང་པ་རྣམས་འདི་ལོ་སློབ་གྲྭ་ཁག་ཏུ་བསྐོ་བཞག་བྱས་ཤིང༌། ཡང་བསྐྱར་མི་གྲངས་ ༢༠ ལ་དེ་འདྲའི་འོས་སྦྱོང་ཞིག་ས་རཱ་རིགས་སློབ་ཏུ་གོ་སྒྲིག་བྱས།༡༩༩༥ ལོར་སློབ་ཐོན་བྱུང་བའི་ཤེས་རིག་དགེ་རྒན་འོས་སྦྱོང་པ་རྣམས་ྋགོང་ས་མཆོག་གི་མཇལ་ཞུར་བཅར་སྐབས། གཡས་ནས་གཡོན་དུ་བརྩིས། མདུན་གྲལ། ༡ དངོས་གྲུབ་ལྷ་མོ། ༢ སྐུ་ཞབས་ངག་དབང༌། ༣ འགན་བདག་འཇམ་དབྱངས། ༤ དགེ་རྒན་དགེ་བཤེས་འཇམ་དཔལ་གྲགས་པ། ༥ བསོད་ནམས་ཚེ་རིང༌། གྲལ་གཉིས་པ། ༡ པ་སངས་ཚེ་རིང༌། ༢ འཚམས་ལགས། ༣ བཟོད་པ། ༤ ལྷག་པ་ཚེ་རིང༌། ༥ ཆུང་ཚེ་རིང༌། ༦ བསྟན་འཛིན་བཟང་མོ། གྲལ་གསུམ་པ། ༡ ཚེ་རིང་ལྷ་མོ། ༢ འོད་ཟེར་རྒྱ་མཚོ། ༣ རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ། ༤ ངག་དབང་རིན་འབྱུང༌། ༥ བསྟན་འཛིན་དོན་གྲུབ། ༦ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག ༧ དགེ་རྒན་དགེ་བཤེས་བློ་བཟང་ཟླ་བ། ༨ འཇམ་དཔལ་ཚུལ་ཁྲིམས། ༩ ཚེ་བརྟན་གྲགས་པ། རྒྱབ་གྲལ། ༡ བསྟན་འཛིན་ཆོས་རྒྱལ། ༢ ལྷ་མོ་སྐྱབས། ༣ སྤེན་པ་རྡོ་རྗེ། ༤ ངག་དབང་ཆོས་འཛིན། ༥ ཚུལ་ཁྲིམས། ༦ ཕུན་ཚོགས་རྡོ་རྗེ། ༧ དོན་ཁོ། ༨ གསལ་པོ་མི་མཐོང་བ་དེ་ཡེ་ཤེས་རྒྱ་མཚོ་བཅས།
        དེ་བཞིན་བོད་གཞུང་ཟློས་གར་དུ་གོ་སྒྲིག་བྱས་པའི་ཟློས་དགེ་འོས་སྦྱོང་ཡང་མཇུག་སྒྲིལ་གྱིས་སློབ་གྲྭ་ཁག་ཏུ་བསྐོ་བཞག་བྱས།
༡༠༽    ལོ་འདི་ནས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་རྒྱ་གར་དགེ་རྒན་གྱི་ཁོངས་ནས་སློབ་དེབ་ཟུར་ཡོད་ལྟར་བོད་ཡིག་སློབ་སྦྱོང་གིས་རྒྱུགས་འཕྲོད་པ་བྱུང་ཚེ། བོད་སློབ་འཛིན་ཚོགས་ནས་བྱ་དགར་ཧིན་སྒོར་ ༢༠༠༠ རེ་གནང་རྒྱུ་དང་ཤེས་རིག་ལས་ཁུངས་ནས་ལག་འཁྱེར་གནང་རྒྱུའི་གཏན་འབེབས་བྱས།
༡༡༽    ༡༩༩༥ ཟླ་བ་ ༦ ནང་ས་རཱ་རིགས་སློབ་ཏུ་དགེ་རྒན་ ༤༠ ཙམ་ལ་སློབ་ཁྲིད་ཐབས་ལམ་དང༌། དམིགས་བསལ་འཛིན་རིམ་ ༥ པ་མན་ལ་སློབ་ཚན་ཁག་བོད་སྐད་ཀྱི་ཐོག་ནས་སློབ་ཚུལ་གྱི་ཟབ་སྦྱོང་གོ་སྒྲིག་བྱས།
༡༢༽    དེ་སྔོན་བོད་སློབ་འཛིན་ཚོགས་ནས་ཤེས་རིག་ལས་ཁུངས་ཀྱིས་ལག་འཁྱེར་གནང་བའི་དགེ་རྒན་འོས་སྦྱོང་རྣམས་ངོས་བཞེས་གནང་རྒྱུའི་བཀའ་མོལ་ཡོད་པ་ལྟར། རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་སུ་སྔ་རྗེས་གོ་སྒྲིག་བྱས་པའི་དགེ་རྒན་འོས་སྦྱོང་གི་ལག་འཁྱེར་རྣམས་ངོས་བཞེས་ཡོང་བ་ཞུས་པར། འདི་ལོ་བོད་སློབ་འཛིན་ཚོགས་ཁོངས་སུ་ལག་འཁྱེར་ཚད་འཛིན་ཚོགས་ཆུང་ཆེད་འཛུགས་དང་སྦྲགས་རིགས་སློབ་མ་ལག་ནས་སློབ་ཐོན་དགེ་རྒན་འོས་སྦྱོང་པ་༤༠ ཙམ་ལ་དུས་གཅིག་ཏུ་རྒྱུགས་བཞེས་གནང་སྟེ་རིག་གནས་རབ་འབྱམས་པའི་ལག་འཁྱེར་ཡོད་པ་རྣམས་འཛིན་རིམ་༡༢ དང་ཚད་མཉམ་ཡིན་པ་དང༌། དགེ་རྒན་འོས་སྦྱོང་དེ་བཞིན་ཚད་ལྡན་ཡིན་པར་ངོས་བཞེས་ཐོག་དེའི་ཁོངས་ཀྱི་མི་གྲངས་ ༣༢ གཏན་འཇགས་གཞི་རིམ་འོག་མའི་དགེ་རྒན་དུ་བསྐོ་བཞག་གནང༌། འདི་ནས་བཟུང་རིགས་སློབ་མ་ལག་ཏུ་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་བའི་རིག་གནས་རབ་འབྱམས་པ་དང་དགེ་འོས་རྣམས་བོད་སློབ་འཛིན་ཚོགས་ཀྱིས་ངོས་བཞེས་གནང་བ་རེད།
༡༣༽    བོད་སློབ་འཛིན་ཚོགས་དང་བཀའ་མོལ་ཞུས་ཏེ་མ་སུ་རི་དང༌། ཌལ་ཧོར། རྡོར་གླིང༌། མོན་གྷོ། སིམ་ལ་བཅས་ལ་བོད་ཀྱི་ནང་ཆོས་ངོ་སྤྲོད་དང་སློབ་སྟོན་གནང་མཁན་ཆོས་དགེ་རེ་བསྐོ་བཞག་བྱས།
༡༤༽    པུ་རུ་ཝ་ལ་སློབ་གྲྭར་ཧིན་སྒོར་ ༥༠༠༠༠ བཀའ་འཁྲོལ་གྱིས་དཔེ་མཛོད་དང་དོད་ཁང་གསརཔ་དང༌། དྷོ་ལན་ཇི་བོན་གཞིས་སློབ་གྲྭར་འཛིན་ཁང་འཕར་མ་ ༢ མོན་གྷོ་སློབ་གྲྭར་སྔ་རྗེས་ཧིན་སྒོར་ ༡༡༡༡༧༩ གནང་སྟེ་ཚོགས་ཁང་གསར་པ། དོན་གྲུབ་གླིང་གཞོན་ནུའི་གཅེས་སྐྱོང་ཁང་དུ་སྒོར་ ༢༠༦༧༩༠ གནང་སྟེ་ཁྲུས་ཁང་དང་འཐུང་ཆུ་གསོག་སྣོད་གསར་ཉོ། སྤོན་ཊ་གཏན་སློབ་ཏུ་སྒོར་ ༤༩༡༡༥༠ གནང་སྟེ་ཉལ་ཁང་ཡོད་པའི་སྨན་ཁང་གཅིག་དང་དགོས་མཁོའི་ཡོ་ཆས་ཁག དེ་བཞིན་སློབ་གྲྭ་དེ་གར་སྒོར་ ༢༠༠༥༣༨༤ གནང་སྟེ་ཚོགས་ཁང་ཕི་ཊི་གྲུ་བཞི་མ་ ༥༠༠༠ ཅན་གྱི་ཚོགས་ཁང་ཆེན་པོ་ལྡིངས་ཆ་ཅན་བཅས་གསར་སྐྲུན་ཟིན།
༡༥༽    སྒང་ཏོག་རྒྱལ་སར་སློབ་གྲྭ་གསར་རྒྱག་ཆེད་སྒེར་པ་ཞིག་གི་ས་ནས་ས་ཆ་ཨེ་ཀར་གཅིག་དང་ཕྱེད་ཀ་ལྷག་ཙམ་ལ་ས་རིན་སྒོར་ ༡༥༠༠༠༠༠ སྤྲད་དེ་ཉོས་ཐོག་ཁྲིམས་མཐུན་ཡིག་ཆ་ཁག་བཟོས།
༡༦༽    མ་ན་ལིར་སློབ་གྲྭ་གསར་རྒྱག་ཆེད་ཛ་དྲག་གི་སྒོ་ནས་རོགས་རམ་ཐབས་འཚོལ་བྱས་འབྲས་སུ་ཕ་རན་སི་གཞུང་ཚབ་ནས་ཧིན་སྒོར་ ༨༣༩༩༩༧ དང༌། སུད་སི་བོད་ཀྱི་གྲོགས་པོ་དང་ཨ་རི་ཁུལ་གྱི་སྒེར་པ་ཁག་ནས་ཧིན་སྒོར་ ༡༧༨༢༩༠༡ གནང་སོན་ལྟར་ཁང་མིག༌༡༩ ཡོད་པའི་སློབ་གྲྭ་གསར་སྐྲུན་ཟིན་པ་དེ་ྋགོང་ས་མཆོག་རྟ་བོ་དགོན་དུ་དུས་འཁོར་དབང་ཆེན་སྨིན་སྩལ་ཟིན་རྗེས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱིར་ཕེབས་གནང་ཞོར་དབུ་འབྱེད་དང་སྦྲགས་རབ་གནས་ཐུགས་སྨོན་བཀའ་དྲིན་ཆེ་བ་བྱུང༌།
༡༧༽    བལ་ཡུལ་རྣམ་རྒྱལ་མཐོ་སློབ་ནི་བལ་ཡུལ་ནང་གི་བོད་མིའི་སློབ་གྲྭ་ཆེ་ཤོས་ཡིན་ནའང་འཛིན་རིམ་ ༡༠ བར་ལས་མེད་སྟབས་སློབ་ཕྲུག་རྣམས་འཛིན་རིམ་ ༡༡ ནས་རྒྱ་གར་དུ་ཡོང་དགོས་དཀའ་ངལ་ཆེ་བར་བརྟེན། བལ་ཡུལ་རྣམ་རྒྱལ་མཐོ་སློབ་འཛིན་རིམ་ ༡༢ བར་སྤར་ཆ་བྱས་ཏེ་དགོས་མཁོའི་མཐུན་རྐྱེན་ཁག་ཚང་བ་བཟོས།
༡༨༽    བོད་ཀྱི་ཤེས་ཡོན་སྲིད་བྱུས་བཟོ་འགོད་དང་དགེ་རྒན་འོས་སྦྱོང༌། སློབ་གྲྭ་ཁག་གི་ཤེས་ཡོན་གནས་སྟངས་ལ་ཞིབ་འཇུག་དང་ཡར་རྒྱས་ཀྱི་ལས་རིམ་བཟོ་མཁན་ཤེས་ཡོན་འཆར་འགོད་ཉམས་ཞིབ་སྡེ་ཚན་ཞེས་པ་ཞིག་གསར་འཛུགས་བྱ་རྒྱུའི་འཆར་གཞི་བཀོད།