བདུད་འཇོམས་སྤྲུལ་སྐུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།(༡༩༠༤-༡༩༨༥)

༄༅། །ཨོཾ་སྭསྟི། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོའི་མཛོད། །བླ་མ་འཇམ་དཔལ་དཔའ་བོ་ལ། །གུས་པས་བཏུད་ནས་གངས་ཅན་པའི། །ཡི་གེའི་ཀློག་ཚུལ་མདོ་ཙམ་དབྱེ། །གང་འདིར་སློབ་དཔོན་སོ་སོ་ཡི༑ ༑བཞེད་ཚུལ་དབྱེ་བ་མང་མཆིས་ཀྱང༌། །དངོས་དོན་གོ་སླ་འཛིན་བདེའི་ཕྱིར། །རྣམ་གྲངས་གསུམ་དུ་དྲིལ་ཏེ་འཆད། །དང་པོ་ཡི་གེའི་སྐྱེ་གནས་ལ། །མགྲིན་པའི་གནས་ལས་སྐྱེས་པ་ཡི། །གསལ་བྱེད་ཡི་གེ་འབྲུ་བདུན་ཏེ། །ཀ་ཁ་ག་ང་འ་ཧ་ཨ། །རྐན་ལས་སྐྱེས་པའི་ཡི་གེ་ནི། །གསལ་བྱེད་འབྲུ་བཅུ་དབྱངས་ཡིག་གཉིས། །ཅ་ཆ་ཇ་ཉ་ཙ་ཚ་ཛ། །ཞ་ཡ་ཤ་དང་ཨི་ཨེའོ། །སོ་ལས་སྐྱེས་པའི་ཡིག་འབྲུ་བདུན། །ཏ་ཐ་ད་ན་ཟ་ལ་ས། །མཆུ་ལས་སྐྱེས་པའི་ཡི་གེ་ལ། །གསལ་བྱེད་འབྲུ་ལྔ་དབྱངས་ཡིག་གཉིས། །པ་ཕ་བ་མ་ཝ་ཨུ་ཨོ། །སྤྱི་བོའམ་ལྕེ་རྩེའི་སྟེང་ཕྱོགས་ནས། །སྐྱེས་པའི་ཡིག་འབྲུ་གཅིག་སྟེ་རའོ། །དེ་ལས་ང་ཉ་བ་མ་བཞི། །རང་རང་སྐྱེ་གནས་ཙམ་མ་ཟད། །སྣ་སྒྲའང་ཅུང་ཟད་ལྡན་པ་ཡིན། །གཉིས་པ་ཡི་གེའི་བྱེད་པ་ནི།། མགྲིན་དང་མཆུ་ལས་སྐྱེས་པ་རྣམས། །རང་རང་གནས་ཀྱི་བྱེད་པ་ཅན། །རྐན་བྱུང་རྣམས་ནི་ལྕེ་དབུས་དང༌། །སོ་ལས་བྱུང་རྣམས་ལྕེ་ཡི་རྩེ། །ར་ནི་ལྕེ་རྩེར་ཉེ་བའོ། །གསུམ་པ་རྩོལ་བའམ་བརྗོད་ཚུལ་ལ། །ཕྱི་ཡི་རྩོལ་བ་ཅན་ཞེས་པ། །ཕྱི་རུ་སྒྲ་འབྱིན་བྱེད་རྩོལ་ཏེ། །དེ་ལའང་ཆེ་ཆུང་དབྱེ་བ་ཡིས། །ག་ང་ཇ་ཉ་ད་ན་དང༌། །བ་མ་ཇ་ཝ་འ་ཡ་ར། །ལ་ཧ་ཨ་ཨི་ཨེ་ཨོ་རྣམས། །རྩོལ་བ་ཆེ་བས་སྒྲ་ལྡན་འབོད། །ཀ་ཁ་ཅ་ཆ་ཏ་ཐ་པ༑ ༑ཕ་ཙ་ཚ་ཞ་ཟ་ཤ་ས། །རྩོལ་བ་ཞན་ཕྱིར་སྒྲ་མེད་དོ། །གཞན་ཡང་སྒྲ་ཉིད་ཕྱིར་དབྱུང་ཚེ། །དབུགས་ནི་ཆེ་ཆུང་ཁྱད་པར་གྱིས། །ཁ་ཆ་ཐ་ཕ་ཚ་ཞ་ཤ །ས་ཧ་ཨ་ཨི་ཨུ་ཨེ་ཨོ། །འདི་རྣམས་ལ་ནི་སྲོག་ཆེན་དང༌། ། ལྷག་མ་རྣམས་ནི་སྲོག་ཆུང་ངོ༌། །དེ་ལས་ཁ་བ་ཤ་ས་ཧ། །བརྗོད་ཚེ་དབུགས་རོ་དྲོ་བའང་ཡིན། །ནང་གི་རྩོལ་བའི་ཁྱད་པར་ནི། །ཨ་ཡིག་མ་གཏོགས་སྲོག་ཆེན་རྣམས། །མགྲིན་པ་གདངས་ནས་བརྗོད་དགོས་ཕྱིར། །ཕྱེ་བའི་རྩོལ་བ་ཅན་ཡིན་ཏེ། །ཨ་ཡིག་མ་ཕྱེ་བཙུམ་པར་བརྗོད། །ཝ་མ་གཏོགས་པའི་སྡེ་པ་ལྔ། །ཡི་གེའི་གནས་རྣམས་འདུ་འཕྲོད་ཀྱི། །རྩོལ་བ་ཆེ་ཕྱིར་རྩོལ་བ་ཅན། །ཡ་ར་ལ་ཝ་རྣམས་ལྷོད་ཕྱིར། །ཅུང་ཟད་ཕྲད་པའི་རྩོལ་བ་ཅན། །དེ་རྣམས་སོ་སོར་ཀློག་པའི་ཚེ། །གནས་དང་བྱེད་རྩོལ་སོ་སོ་དང༌། །མཐུན་པ་ཉིད་དུ་བཀླག་བྱ་ཞིང༌། །ཡང་ནི་གསལ་བྱེད་ཀ་ལྟ་བུ། །མགྲིན་པའི་སྐྱེ་གནས་ཅན་ལ་ཡང༌། །དབྱངས་ཡིག་ཨི་སྦྱར་གི་གུ་ཅན། །བཀླག་པའི་ཚེ་ན་རྐན་བྱུང་གི །ཀློག་ཚུལ་ལྡན་སོགས་ཤེས་པར་བྱ། །སྦྱོར་ཀློག་སྐབས་སུ་འཕུལ་རྟེན་དང༌། །མགོ་སོགས་སོ་སོའི་སྒྲ་འདོན་ཚུལ། །རྗེ་བཙུན་རྩེ་མོའི་གསུངས་ལྟར་ཏེ། ། གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་དབྱུང༌། །ར་མགོ་ཅན་ལ་ལྕེ་རྩེ་འདར། ། ལ་མགོ་ལྕེ་རྩེ་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང༌། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མི་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་རའམ། །སྒྲ་ལ་སྒ་ར་ཇི་བཞིན་བཀླག །གས་འཕུལ་ཐོག་མར་རྐན་ནས་དབྱུང༌། །དས་འཕུལ་ལྕེ་རྩེ་ཀློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་པ་ལ་ཁྱད་པར་སྣ། །འས་འཕུལ་གྲེ་བའི་ཕུག་ནས་དབྱུང༌། །འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང༌། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །འདི་ཡང་ཕྲལ་ཞིང་བཀླག་པར་གསུངས། །གང་ཡང་ཀློག་པའི་སྐབས་ཀུན་ཏུ། །འཕུལ་རྟེན་སོགས་ཀྱི་སྒྲ་ཟུར་རྣམས། །འཕུལ་ཅན་རྣམས་ལ་འཕུལ་བྱེད་ཀྱི༑ ༑ཡི་གེ་རང་རང་སྐྱེ་གནས་དང༌། །མཐུན་པའི་སྒྲ་ཉིད་ཐོག་མར་དབྱུང༌། །མགོ་ཅན་དང་ནི་འདོགས་ཅན་རྣམས། །སོ་སོའི་གནས་དང་མཐུན་པ་ཡི། །རང་སྒྲ་ཐོན་ཙམ་མྱུར་བར་བཀླག །དེ་ལས་འ་མཐའ་ཅན་ཕལ་ཆེར། །མཐའ་བརྟེན་སྒྲ་ཉིད་ཆེར་མི་གསལ། །དེ་མ་གཏོགས་པའི་མཐའ་རྟེན་ཅན། །ཡང་འཇུག་མ
ེད་པ་རྣམས་ལ་ནི། །སོ་སོའི་གནས་མཐུན་སྒྲ་རྗེས་དབྱུང༌། །ཡང་འཇུག་ས་ཡིག་ཅན་རྣམས་ལ།། ས་སྒྲ་དངོས་སུ་མི་གསལ་ཡང༌། །སྒྲ་དེ་འབྱུང་བར་ཉེ་ལྟར་བཀླག །ད་ཡིག་ཡང་འཇུག་ཅན་རྣམས་ནི། ། རྗེས་འཇུག་སྔ་མའི་སྒྲ་དེའི་མཐར། །ད་སྒྲ་འབྱུང་ལ་ཁད་ཙམ་དུ། །སྒྲ་ཉིད་མནན་པ་ལྟ་བུར་བཀླག །ཇི་ལྟར་བཀླག་པའི་ཚུལ་ལ་ཡང༌། །དང་པོ་ང་རོ་རྣམས་དང་ནི། །དེ་ནས་སྦྱོར་ཀློག་ལ་འཇུག་བྱ། །མ་ནོར་དག་ཅིང་གསལ་བའི་ངག །རིགས་འདྲའི་སྐྲ་ཤན་མ་ཤོར་བར། །ཤིན་ཏུ་བྱང་བར་ཀློག་པ་གཅེས། །ཚུལ་བཞིན་རིག་པའི་གདོན་པ་པོའི། །བརྗོད་སྒྲ་གང་ཡང་ཕ་རོལ་པོས། །ཐོས་ཙམ་ཉིད་ནས་དེ་ཡི་དོན། །མ་འདྲེས་གོ་ཞིང་རྟོགས་པར་འགྱུར། །འདིར་བསྟན་ཡི་གེའི་བཀླག་ཚུལ་ནི། །བོད་ཡིག་ཁོ་ནའི་དབང་བྱས་ཀྱི། །ཁྱད་པར་སྔགས་ཀྱི་བཀླག་ཐབས་སོགས། །འདི་རུ་མ་སྤྲོས་གཞན་ལས་ལོངས། །ཇི་སྙེད་ཤེས་བྱར་འཇུག་པའི་སྒོ། །ཐོག་མའི་ལམ་ཆེན་འདི་ཡིན་ཕྱིར། །ཀུན་ལ་རླུང་ལྟར་གྲགས་མོད་ཀྱང༌། །ཚུལ་བཞིན་ཀློག་པ་ཤིན་ཏུ་དཀོན། །དེང་སང་སྐྱེ་བོ་ཕལ་ཆེར་ནི། །གྲགས་པ་ཁོ་ནའི་རྗེས་འགྲོ་ཞིང༌། །ཤེས་ལོ་ཙམ་གྱིས་ཡིད་མགུ་ན། །ཀློག་དོན་ཞིབ་ཏུ་སུ་ཞིག་འཚོལ། །དེས་ན་འདི་ལྟས་ཕན་དཀའ་ཡང༌། ། རང་གི་སློབ་བུས་བསྐུལ་ཕྱིར་དང༌། །འགའ་ལ་དྲན་གསོར་འགྱུར་སྙམ་ནས། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །ཅུང་ཟད་འབད་པའི་བསོད་ནམས་གང༌། །འགྲོ་བ་རྣམས་ཀྱིས་ཡོངས་ཐོབ་ནས། །ཀུན་ཀྱང་ཐམས་ཅད་མཁྱེན་པའི་གཏེར། །སྨྲ་བའི་སེང་གེ་ཉིད་གྱུར་ཅིག།། །།སརྦ་དཱ་མངྒ་ལཾ།།
མཆན།     ལྡི་ལི་བསམ་ཡས་གླིང་ནས་དཔར་སྐྲུན་ཞུས་པའི་དག་ཡིག་དང་སུམ་རྟགས་དེབ་ཆུང་གཞིར་བཟུང་སྟེ་བསྒྲིགས་པ་ཡིན།

རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།

༄༅། །སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ནི་འོད་གསལ་གནམ་གྱི་ལྷ་བྱ་ཁྲི་བཙན་པོ་སྤུ་བོ་རོང་གི་ཞིང་ཁམས་བདག་གིར་བཟུང་བ་ལས། ཡུམ་གྱི་རྗེ་བོ་ཀ་གནམ་ཆོས་རྒྱལ་དུ་གྲགས་པའི་རིགས་རྒྱུད་དྲི་མ་མེད་པ་ལས་བྱོན་པའི་ཡབ་མཁན་རྒན་སྤྲུལ་སྐུ་འཇམ་དཔལ་ནོར་བུ་དབང་རྒྱལ་དང༌། ལང་གྲོ་ལོ་ཙཱ་བའི་རྣམ་འཕྲུལ་རིག་འཛིན་གཏེར་ཆེན་རཏྣ་གླིང་པའི་གདུང་རྒྱུད་ལས་བྱོན་པའི་ཡུམ་རྣམ་གྲོལ་མ་ཞེས་མཁའ་འགྲོའི་མཚན་ཅན་ཏེ། ཡབ་ཡུམ་གཉིས་ཀྱི་སྲས་སུ་བདག་ཅག་གི་སྟོན་པ་ཞི་བར་གཟིམས་ནས་ལོ་༢༣༤༠ སངས་རྒྱས་གཉིས་པ་འཁྲུངས་ནས་ལོ་༢༣༣༦ ཤིང་འབྲུག་བོད་རྒྱལ་ལོ་༢༠༣༡ ཕྱི་ལོ་༡༩༠༤ དབང་ཐང་འབྲུག བོད་ཟླ་དྲུག་པ་རེས་གཟའ་ཉི་མ། ཨོ་རྒྱན་གྱི་སློབ་དཔོན་པདྨ་སམ་བྷ་ཝ་སིན་དྷུའི་རྒྱ་མཚོར་རང་བྱུང་པདྨའི་སྡོང་པོར་རང་བྱོན་དུས་ཆེན་ཚེས་བཅུའི་ཉིན་འོད་ཟེར་བརྒྱད་པའི་ཟེར་འཕྲེང་ཐོག་མར་གནས་དེར་འགྱེད་པའི་སྐབས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་ཡུམ་ལ་གནོད་པ་མེད་པར་བདེ་བར་སྐུ་བལྟམས། སྐྱབས་རྗེ་རིན་པོ་ཆེའི་ཞལ་ནས། དེ་ནས་སྐུ་ཚེའི་སྟོད་དུ་དཔལ་སྤྲུལ་རིན་པོ་ཆེའི་སློབ་མ་ཡིན་པ། སྨད་དུ་བདུད་འཇོམས་གོང་མའི་སློབ་མ་ཡིན་པ། བསྙེན་སྔགས་དགོངས་ཕུལ་དུ་ཕྱིན་པ་གླིང་བླ་མ་པདྨ་བསམ་འཕེལ་གྱིས་ང་ལ་ཀློག་སློབ་པའི་འགོ་ཚུགས། བླ་མ་པདྨ་བསམ་འཕེལ་ནི། ཐུགས་གཤིས་འཇམ་པ་ཞི་དུལ་ཅན་དང༌། ང་ལ་ཅི་བྱེད་ལེགས་མཐོང་དང་མོས་གུས་དད་པ་ཆེ་བས། ངའི་འདོད་པ་ལྟར་ལས་ལེགས་ཉེས་མི་འབྱེད་པ་རེད། དམ་པའི་སྐྱེས་ཆེན་རྣམས་ཀྱི་མདུན་ནས་ཐུན་མོང་དང་ཐུན་མིན་གྱི་གཞུང་ལུགས་དང་དབང་ལུང་ཁྲིད་སོགས་ནོད་ནས་བསྒྲུབས་པ་ཙམ་གྱིས་མཁས་གྲུབ་ཀྱི་གོ་འཕང་བརྙེས་ཏེ་སྙིགས་དུས་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་ལྟ་བུར་གྱུར་ཡོད།
གསུང་རྩོམ་ནི། ས་ཕོ་རྟ་ལོར་མཛད་པའི་《གངས་ཅན་བོད་ཆེན་པོའི་རྒྱལ་རབས་བསྡུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་》དང་། དཔལ་ལྡན་མི་དབང་བཀའ་བློན་བཤད་སྒྲ་བས་བསྐུལ་མ་མཛད་པ་ལྟར་དགུང་ལོ་ཉེར་དགུ་སྟེ། ཆུ་ཕོ་སྤྲེལ་ལོར་《བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོའི་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ཤེས་བྱའི་སྒོ་འབྱེད་》དང། 《དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན་》ཞེས་བྱ་བ་མཛད་པ་སོགས་རྒྱ་ཆེ་བའི་མཛད་པ་འཕྲིན་ལས་བསྐྱངས་ཀྱང་འདིར་རགས་བསྡུས་ཙམ་མོ། །ཤིང་གླང་བོད་རྒྱལ་ལོ་༢༡༡༢ ཕྱི་ལོ་༡༩༨༥ ལོར་དགོངས་པ་གཞན་དོན་དུ་གཤེགས།

མདུན་ཤོག