རིན་ཆེན་བཀྲ་ཤིས།
དང་པོ། ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་དེའི་གྲུབ་ཆ།
ཅི་ཞིག་ལ་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཟེར་རམ་ཞེ་ན། དེ་ནི་ལྷུག་བརྗོད་དང་ཞིབ་འབྲིའི་མཚོན་ཐབས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པ་དང་བསམ་བློའི་བརྩེ་དུང་སྟོན་པའི་རྩོམ་ཡིག་ལ་ཟེར་བ་ཡིན་ཏེ། གོ་དོན་འདི་ལ་ནང་དོན་གྱི་ཆ་ནས་བལྟས་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་ནི་དོན་རྐྱེན་དང་མི་སྣ། ཡུལ་ལྗོངས་དང་དངོས་པོ་འབྲི་བའི་རྩོམ་ཡིག་ཅིག་ཡིན་པ་དང། མཚོན་བྱེད་ཐབས་ཤེས་ཀྱི་ཆ་ནས་བལྟས་ན། ཇི་བཞིན་བརྗོད་པའི་རྩོམ་ཡིག་ནི་ལྷུག་བརྗོད་དང་ཞིབ་འབྲིའི་མཚོན་ཐབས་ལ་བརྟེན་ནས་བྲིས་པའི་རྩོམ་ཡིག་ཡིན་པ་ཤེས་པར་བྱ་དགོས།
ཇི་བཞིན་བརྗོད་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་བ་ལ་དོན་སྙིང་ཆེན་པོ་ལྡན་ཏེ། ཐོག་མར་དེའི་བཀོལ་ཡུལ་ཧ་ཅང་རྒྱ་ཆེ་བ་དཔེར་ན། གསར་འགྱུར་དང་གནས་ཚུལ་གཏོང་སྤེལ། རྣམ་ཐར་དང་རྟོགས་བརྗོད། ཉིན་ཐོ་དང་འཕྲིན་ཡིག དེ་བཞིན་རྩོམ་རིག་བརྩམས་ཆོས་ལས་བརྩམས་སྒྲུང་དང་ལྷུག་རྩོམ། བྱིས་སྒྲུང། གཏམ་རྒྱུད། སྙན་ཞུའི་རྩོམ་རིག་སོགས་ཀྱང་ཇི་བཞིན་བརྗོད་པའི་རྩོམ་ཡིག་དང་ཁ་འབྲལ་མི་རུང། ཇི་བཞིན་བརྗོད་པའི་རྩོམ་ཡིག་འབྲི་བ་ནི་རྩོམ་འབྲིའི་སྦྱོང་བརྡར་གྱི་རྨང་གཞི་ཡིན། དེ་ཡང་ཇི་བཞིན་བརྗོད་པའི་རྩོམ་ཡིག་ལེགས་པོ་ཞིག་འབྲི་བ་ལ་རྩོམ་ཡིག་གི་སྲོག་དང་བརྗོད་བྱ་འདེམ་པ། རྩོམ་ཁོག་འབུབས་པ། མཚོན་བྱེད་ཐབས་ཤེས་དང་རྗོད་བྱེད་ཀྱི་ཚིག་སྦྱོར་ལ་བསམ་བློ་གཏོང་དགོས་པར་མ་ཟད། ཇི་བཞིན་བརྗོད་པའི་རྩོམ་ཡིག་ལ་ཚང་དགོས་པའི་ཆ་རྐྱེན་དྲུག་པོར་མཉམ་འཇོག་བྱ་དགོས། དེའི་རྒྱུ་མཚན་ནི་བྱ་དངོས་གང་དང་གང་ཡིན་རུང་དེ་བྱུང་བ་དང་འཕེལ་རྒྱས་འགྲོ་བའི་ནང་མི་སྣ་ངེས་ཅན་ཞིག་ཞུགས་དགོས་པ་དང་བྱེ་བྲག་ཏུ་ནང་དོན་ངེས་ཅན་ཞིག་ལྡན་དགོས་པར་མ་ཟད། ཡུལ་དུས་ངེས་ཅན་ཞིག་དང་ཁ་འབྲལ་མི་ནུས་ལ་རྒྱུ་རྐྱེན་དང་མཇུག་འབྲས་ངེས་ཅན་ཞིག་ཀྱང་ཚང་དགོས། དེ་ལྟར་བྱུང་ན་ད་གཟོད་ཀློག་པ་པོ་རྣམས་ལ་དྲན་སྣང་ཡག་པོ་ཞིག་འཇོག་ཐུབ། མི་རྣམས་ཀྱིས་མི་སྣ་དང། དོན་རྐྱེན། དུས་ཚོད། ཡུལ། རྒྱུ་རྐྱེན། མཇུག་འབྲས་བཅས་ལ་ཇི་བཞིན་བརྗོད་པའིི་རྩོམ་ཡིག་གི་གྲུབ་ཆ་དྲུག་ཅེས་རྗོད་ཀྱིན་ཡོད།
ང་ཚོས་ལུའུ་ཞུན་གྱི་<<བྱ་བ་ཆུང་ངུ་ཞིག་>>ཅེས་པའི་རྩོམ་ཡིག་ལ་དཔེ་བླངས་ནས་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་པོ་གསལ་བར་བཤད་ན་འདི་ལྟ་སྟེ།
མི་སྣ་ནི་”བདག”་དང་འཁོར་ལོ་འདྲུད་མཁན། རྒན་མོ། ཉེན་རྟོག་པ་བཅས་ཡིན།
དོན་རྐྱེན་ནི་”བདག”་འཚོ་བའི་ཆེད་དུ་མིས་འཐེན་འཁོར་ལོ་རུ་བསྡད་ནས་sསྒོར་ཐོན་ལ་ཉེ་སྐབས་རྒན་མོ་ཞིག་འཁོར་ལོར་འཁོན་ནས་འགྱེལ་བ་དང་འཁོར་ལོ་འདྲུད་མཁན་གྱིས་རྒན་མོ་དེ་སྐྱོར་ནས་ཉེན་རྟོག་དམག་གི་ཡན་ལག་སྒར་དུ་ཕྱིན་པ་དེ་ཡིན།
དུས་ཚོད་ནི་མིང་གོ་ལོ་དྲུག་པའི་དགུན་ཁ་བྱང་རླུང་དྲག་ཏུ་འཚུབ་པའི་སྔ་དྲོ།
ཡུལ་ནི་sསྒོ་དང་ཉེ་བའི་ས་རུ།
རྒྱུ་རྐྱེན་ནི་འཁོར་ལོ་འདྲུད་མཁན་གོམ་སྟབས་མགྱོགས་པ་དང། རྒན་མོའི་ཁན་འཇར་ལ་སྒྲོག་གུ་མེད་པས་བསེར་བུས་དེད་དེ་འཁོར་ལོར་འཁོན་ནས་ཐང་ལ་འགྱེལ།
མཇུག་འབྲས་ནི་”བདག”་གིས་འཁོར་ལོ་འདྲུད་མཁན་གྱི་བླ་ན་མེད་པའི་བསམ་པ་དང་སྤྱོད་པ་མཐོང་བས་སྔོན་ཆད་ཀྱི་ངན་གཤིས་དེ་དག་འདོར་འདོད་པ་དང་ཕྱིན་ཆད་ཀྱི་མདུན་ལམ་གསར་པ་ལ་བསམ་བློ་གཏོང་བ།
འདི་ལྟར་རྩོམ་པ་པོས་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་གྲུབ་ཆ་དྲུག་པོ་ངོ་སྤྲོད་གསལ་པོར་བྱས་པས། ཀློག་པ་པོ་རྣམས་ཀྱིས་དོན་རྐྱེན་འདིའི་བྱུང་བ་དང་འཕེལ་རྒྱས། མཇུག་འབྲས་སོགས་བློ་ངོར་གསལ་རྗེན་དུ་འཆར་ཐུབ། ཡིན་ན་ཡང་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཡོད་ཚད་ལ་གྲུབ་ཆ་དྲུག་པོ་ཚང་དགོས་པའི་ངེས་པ་མ་མཆིས་ཏེ། གནས་ཚུལ་ཁ་ཤས་ཀྱི་འོག་གྲུབ་ཆ་འགའ་རེ་ངོ་སྤྲོད་མི་བྱེད་པའམ། ཡང་ན་བསྡུས་ནས་འབྲི་བ་ཡོད། དཔེར་ན། རྩོམ་ཡིག་ནང་དུས་ཚོད་དགོས་མཁོ་ཆེར་མེད་ཚེ་ཞིབ་ཏུ་མི་འབྲི་བའམ་ཡང་ན་གཏན་ནས་མི་འབྲི་བའང་ཡོད། དེ་བཞིན་དུ་མཇུག་འབྲས་ཀྱང་རྩོམ་ཡིག་ཁ་ཤས་ནང་གསལ་པོར་བརྗོད་མེད་པའམ་ཡང་ན་ཀློག་པ་པོར་བསམ་བློ་གཏོང་ཆེད་དུ་དམིགས་ནས་མི་འབྲི་བ་ཡང་ཡོད་པས་ཤེས་པར་བྱའོ། །
གཉིས་པ། རྒྱུ་ཆ་གསོག་འཇོག་དང་བཀོལ་སྤྱོད།
རྩོམ་ཡིག་འབྲི་བར་ཐོག་མར་རྒྱུ་ཆ་དགོས། དེ་ཡང་རྒྱུ་ཆ་ནི་གང་ལས་བྱུང་ངམ་ཞེ་ན། དེ་ནི་འཚོ་བ་དངོས་ལས་བྱུང་སྟེ་མི་སྒེར་དང་མང་ཚོགས་ཀྱི་འཚོ་བའི་ལག་ལེན་ཁྲོད་ནས་བྱུང་བ་ཡིན། དེ་ལ་མའོ་ཙེ་ཏུང་གིས་ ”མི་དམངས་ཀྱི་འཚོ་བའི་ནང་རྩོམ་རིག་སྒྱུ་རྩལ་གྱི་རྒྱུ་ཆའི་གཏེར་ཁ་གནས་ཡོད། དེ་ནི་རྩོམ་རིག་སྒྱུ་རྩལ་གྱི་བླངས་ན་འཛད་མཐའ་མེད་པ་དང་བཀོལ་ན་རྫོགས་མཐའ་མེད་པའི་འབྱུང་ཁུངས་ཉག་ཅིག་ཡིན་པ་རེད།” (<<ཡན་ཨན་རིག་རྩལ་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད་>>ལས་དྲངས་)ཅེས་གསུངས་པ་ལྟར། རྩོམ་རིག་སྒྱུ་རྩལ་དེ་ལྟར་ཡིན་ལ་རྩོམ་ཡིག་ཀྱང་དེ་ལས་མ་འདས། ང་ཚོས་ཤེས་གསལ་ལྟར། ཨུ་རུ་སུའི་སྙན་ངག་པ་ཕུ་ཤིས་ཅིན་གྱིས་ཕུའུ་ཅ་ཅོ་ཧྥུ་ཡི་ཞིང་པའི་འོས་ལངས་ཀྱི་རྒྱུ་ཆ་གསོག་སྡུད་བྱ་ཆེད། རང་ཉིད་དངོས་སུ་ཁཱ་ཧྲན་དང་ཞིན་པིར་ཟི་ཁེ། ཨོ་ལོན་པོ་སོགས་གྲོང་ཁྱེར་ལ་ཕེབས་པར་མ་ཟད། ད་དུང་བོ་ལར་རྩྭ་ཐང་དུ་ཕྱིན་ནས་ལྟ་ཞིབ་དང་རྟོག་དཔྱོད་བྱས་པ་དང། སྲིད་གཞུང་གི་ལས་ཁུངས་སོགས་སུ་ཕྱིན་ནས་ཕུའུ་ཅ་ཅོ་ཧྥུའི་ཞིང་པའི་འོས་ལངས་སྐོར་གྱི་དཔྱད་གཞིའི་ཡིག་ཆ་མང་པོ་བཀླགས་ནས་རྒྱུ་ཆ་ཕུན་སུམ་ཚོགས་པོ་གསོག་འཇོག་བྱས་པར་བརྟེན་<<ཧྲང་བེས་ཀྱི་བུ་མོ>>་ཞེས་པའི་མཐོང་བ་ཀུན་སྨོན་གྱི་བརྩམས་སྒྲུང་དེ་སྤེལ་ཐུབ་པ་རེད།
འཚོ་བ་དངོས་ནི་ཐད་ཀར་གྱི་རྒྱུ་ཆ་ཡིན་ལ་གླེགས་བམ་སྟེང་གི་ཤེས་བྱ་ནི་བརྒྱུད་པའི་རྒྱུ་ཆ་ཡིན། བོད་ཀྱི་མཁས་པ་མང་པོའི་ངག་རྒྱུན་དུ་གྲགས་པའི་མང་དུ་ཐོས་ཤིང་མཐོང་ནས་གོམས་པ་དང་ཞེས་པའི་མང་དུ་ཐོས་པ་ནི་གླེགས་བམ་སྟེང་གི་ཤེས་བྱའམ་བརྒྱུད་པའི་རྒྱུ་ཆ་ཡིན་ཞིང། མཐོང་བ་ཞེས་པ་ནི་འཚོ་བ་དངོས་ཏེ་ཐད་ཀར་གྱི་རྒྱུ་ཆ་ཡིན། རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་མཐོང་ཐོས་མང་དུ་བསགས་དགོས་ཏེ། མར་ཁེ་སིས་<<མ་རྩའི་རྣམ་བཤད་>>རྩོམ་དུས། ནན་ཏན་གྱིས་བཀླགས་པའི་དཔེ་དེབ་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད།
མདོར་ན། རྒྱུ་ཆ་འཚོལ་སྡུད་བྱེད་པ་ལ་ཅི་ཙམ་མང་ན་དེ་ཙམ་ལེགས། ཐད་ཀར་གྱི་རྒྱུ་ཆ་ཡིན་ནའང་ཆོག བརྒྱུད་པའི་རྒྱུ་ཆ་ཡིན་ཡང་རུང། ད་ལྟའི་རྒྱུ་ཆ་ཡིན་ནའང་ཆོག ལོ་རྒྱུས་སྟེང་གི་རྒྱུ་ཆ་ཡིན་ནའང་རུང། དྲང་ཕྱོགས་ཀྱི་རྒྱུ་ཆ་ཡིན་ནའང་ཆོག ལྡོག་ཕྱོགས་ཀྱི་རྒྱུ་ཆ་ཡིན་ནའང་རུང། གང་ལྟར་རྩོམ་ཡིག་འབྲི་བ་ལ་འབྲེལ་བ་ཡོད་པའི་རྒྱུ་ཆ་ཞིག་ཡིན་ཚེ་ཅི་ཙམ་མང་ན་དེ་ཙམ་གྱིས་ལེགས་པ་ཡིན།
རྒྱུ་ཆ་འཚོལ་སྡུད་བྱེད་ཚུལ་ལ་ཐབས་སྣ་ཚོགས་མཆིས། རྒྱུན་དུ་ཟིན་བྲིས་འགོད་པ་དང་ཤོག་བྱང་སྟེང་དུ་འབྲི་བ་སོགས་ཡོད། སྔ་མ་ནི་ཁྱེར་བདེ་ཞིང་ཕྱི་མ་ནི་རིགས་སོ་སོར་དབྱེ་ནས་ལེགས་སྒྲིག་བྱེད་བདེ་བས་རེ་རེར་བཟང་ཆ་རེ་ཡོད། གཞན་ཡང་ཚགས་པར་དང་དུས་དེབ་ཐོག་གི་རྒྱུ་ཆ་གལ་ཆེན་རྣམས་ཕྱོགས་གཅིག་ཏུ་བསྡུ་བ་སོགས་ཐབས་གང་ཞིག་བེད་སྤྱད་ཀྱང་དཔྱད་གཞིའི་རྒྱུ་ཆའི་མཇུག་ཏུ་སུས་བརྩམས་པ་དང་གང་ལས་བཏུས་པ་གསལ་པོར་འབྲི་དགོས།
རྒྱུ་ཆ་འཚོལ་སྡུད་བྱས་རྗེས་འདེམ་སྒྲུག་བྱེད་དགོས། ང་ཚོས་གསོག་སྡུད་བྱས་པའི་རྒྱུ་ཆ་རྣམས་ལེགས་ཉེས་དང་གཙོ་ཕལ་གྱི་དབྱེ་བ་ཕྱེས་ནས་རྫུན་སྤངས་བདེན་འཛིན་དང་སྙིགས་དོར་བཅུད་ལེན་གྱིས་འདེམ་སྒྲུག་བྱེད་དགོས། དེ་ཡང་རྒྱུ་ཆ་འདེམ་སྒྲུག་བྱེད་སྐབས་གཟབ་ནན་བྱེད་དགོས་ཏེ། གསལ་པོར་བཤད་ན་བསྲེགས་བཅད་བརྡར་བའི་གསེར་བཞིན་ཡང་ཡང་དབྱེ་ཞིབ་བྱས་ནས་ཚད་ལྡན་གྱི་རྒྱུ་ཆ་རྣམས་རྩོམ་ཡིག་ཏུ་འབྲི་བ་ལས་ཚད་ལྡན་མིན་པ་རྣམས་འདོར་དགོས། སྤྱིར་ན་རྒྱུ་ཆ་འདེམ་སྒྲུག་བྱེད་པའི་ཚད་གཞི་གཙོ་བོ་གསུམ་ཡོད་དེ། གཅིག་ནི་རྒྱུ་ཆ་དེ་དང་རྩོམ་ཡིག་གི་བསམ་བློའི་སྙིང་པོའི་བར་ལ་འབྲེལ་བ་དམ་པོ་ཡོད་མེད་ལ་ལྟ་དགོས། འབྲེལ་བ་ཡོད་ན་ལེན་རྒྱུ་དང་འབྲེལ་བ་མེད་ན་འདོར་དགོས། དེ་བཞིན་རྒྱུ་ཆ་དེར་དཔེ་མཚོན་རང་བཞིན་ལྡན་མིན་ལ་ལྟ་དགོས་ཤིང། དཔེ་མཚོན་རང་བཞིན་ལྡན་ན་ལེན་པ་དང་མི་ལྡན་ན་བསྐྱུར་དགོས། འདིར་དཔེ་མཚོན་གྱི་རྒྱུ་ཆ་ཞེས་པ་ནི་གནད་དོན་ཞིག་གསལ་བཤད་བྱེད་ཐུབ་པའི་རྒྱུ་ཆ་ལ་ཟེར་ཏེ། བྱ་དངོས་ཀྱི་ངོ་བོ་མཚོན་ཐུབ་ལ་ཚབ་བྱེད་རང་བཞིན་ལྡན་པའི་རྒྱུ་ཆ་ལ་ཟེར། གཞན་ཡང་རྒྱུ་ཆ་གསར་པ་ཡིན་མིན་ལ་ལྟ་དགོས། གསར་པ་ཡིན་ན་ལེན་པ་དང་རྙིང་པ་ཡིན་ན་འདོར་དགོས། གསར་པ་ཞེས་པ་ནི་རྒྱུ་ཆ་གསར་རྟོགས་ཡིན་པ་དང། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ། གཞན་གྱི་བེད་སྤྱོད་ཀྱི་ལམ་དུ་མ་སོང་བ་ལ་ཟེར།
གསུམ་པ། བསམ་བློའི་སྙིང་པོ་ཞུན་ཐར་དང་སྔོག་འདོན།
རྩོམ་ཡིག་འབྲི་བ་ནི་ཀླད་མེད་ཀྱི་ཅ་ཅོ་སྒྲོག་པ་མ་ཡིན་པར་རྩོམ་པ་པོའི་ལྟ་བ་ཞིག་གམ་འདོད་ཚུལ་ཞིག ཡང་ན་བསམ་ཚུལ་ཞིག་སྟོན་པ་ཡིན་པས། སྐབས་དེའི་ལྟ་བ་དང་འདོད་ཚུལ། བསམ་ཚུལ་དེ་དག་ལ་རྩོམ་ཡིག་གི་བསམ་བློའི་སྙིང་པོ་ཟེར། བསམ་བློའི་སྙིང་པོ་ལ་བརྗོད་བྱ་གཙོ་བོ་དང་ནང་དོན་གཙོ་བོ་ཡང་ཟེར་ཞིང་དེ་ནི་ཇི་བཞིན་བརྗོད་པའི་རྩོམ་ཡིག་གི་དབང་དུ་བྱས་ནས་བཤད་པ་ཡིན་ལ། དཔྱད་བརྗོད་རྩོམ་ཡིག་གི་སྐབས་སུ་”བསྒྲུབ་བྱའི་སྙིང་པོ” འམ་ ”རྩ་བའི་བསྒྲུབ་བྱ” ་ཟེར་བ་དང། སྒྱུ་རྩལ་བརྩམས་ཆོས་ནང་སྲོག་གམ་བརྗོད་སྙིང། བསྟན་དོན་གཙོ་བོ། དགོངས་པ་ཡང་ཟེར་སྲོལ་ཡོད།
བསམ་བློའི་སྙིང་པོ་ནི་མི་ཞིག་ལ་མཚོན་ན་བླ་སྲོག་ལྟ་བུ་ཡིན་ཞིང། གྲུ་གཟིངས་ཤིག་ལ་མཚོན་ན་དེད་དཔོན་ལྟ་བུ་ཡིན་པས། རྩོམ་ཡིག་གི་བརྗོད་བྱ་དང་རྣམ་པ་སོགས་བསམ་བློའི་སྙིང་པོ་དང་འབྲལ་ཐབས་མེད་ལ། དེ་དག་གིས་བསམ་བློའི་སྙིང་པོར་ཞབས་འདེགས་ཞུ་དགོས། དེ་ཡང་བསམ་བློའི་སྙིང་པོས་རྩོམ་འབྲིའི་གོ་རིམ་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད་པ་དཔེར་ན། མི་རྣམས་ཀྱིས་རྩོམ་ཡིག་གི་རྒྱུ་ཆ་ཤ་ཁྲག་གི་ཕུང་པོར་དཔེ་ལེན་པ་དང། རྩོམ་ཡིག་གི་བསམ་བློའི་སྙིང་པོ་བླ་སྲོག་ཏུ་དཔེ་ལེན་པ་དེ་ལ་རྒྱུ་མཚན་མེད་པ་ག་ལ་ཡིན། བསམ་བློའི་སྙིང་པོ་གཏན་ཁེལ་རྗེས། དེ་རྩོམ་ཡིག་གི་མགོ་མཇུག་བར་གསུམ་དང་འབྲེལ་བ་བྱེད་དགོས། རྩོམ་ཡིག་གི་རྒྱུ་ཆ་བླང་དོར་དང་སྒྲིག་གཞི་བཀོད་སྒྲིག མིང་དང་ཚིག་སྦྱོར་འདེམ་སྒྲུག་སོགས་གང་ཡིན་རུང་བརྗོད་སྙིང་ལ་བརྟེན་དགོས་ཤིང་དེ་དག་གིས་བརྗོད་སྙིང་ལ་ཞབས་འདེགས་ཞུ་དགོས།
དེས་ན་བརྗོད་སྙིང་ནི་གང་ལས་བྱུང་བ་ཡིན་ནམ་ཞེ་ན། དེ་ནི་རྩོམ་པ་པོས་རྟོག་བཟོ་བྱས་པ་ཞིག་མིན་པར་འཚོ་བ་དངོས་ནས་བྱུང་བ་དང་ཕུན་སུམ་ཚོགས་པའི་འཚོ་བའི་རྒྱུ་ཆ་ཞུན་ཐར་བྱས་པ་ལས་ཐོན་པ་ཞིག་རེད། ང་ཚོས་ངེས་པར་དུ་ཕྲ་ཞིང་ཞིབ་པའི་བསམ་གཞིགས་དང་དབྱེ་ཞིབ་ལ་བརྟེན་ནས་གཏིང་མི་ཟབ་པ་ནས་གཏིང་ཟབ་པའི་ཕྱོགས་སུ་བསྐྱོད་དེ་བྱ་དངོས་ཀྱི་ངོ་བོ་འཛིན་པ་དང། ཡང་དག་པའི་བསམ་བློོའི་སྙིང་པོ་ཞུན་ཐར་བྱེད་དགོས། དེ་ཡང་དཔེར་ན། རི་བོང་ཅལ་འདྲོགས་ཞེས་པའི་གཏམ་རྒྱུད་ལས་རི་བོང་ཅལ་ལ་འདྲོགས་པ་དང་སེང་གེས་ཅལ་སྒྲ་ཇི་ལྟར་གྲགས་པའི་རྒྱུ་མཚན་ཤེས་པའི་བརྗོད་བྱ་ལ་བརྟེན་ནས། སྐད་ཆ་གང་ཞིག་ཐོས་མ་ཐག་བདེན་དོན་དང་ཡང་དག་ཡིན་མིན་རྟོག་དཔྱོད་བྱེད་དགོས་པ་ལས་འོལ་ཚོད་ཀྱིས་འཇུག་མི་རུང་བའི་བསམ་བློའི་སྙིང་པོ་བསྟན་ཡོད།
དེས་ན་བརྗོད་བྱའི་སྙིང་པོ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེ་ལ་རེ་བ་བཞི་ཡོད་དེ། ཡང་དག་པ་དང། དོན་བསྡུས་པ། ཁ་གསལ་བ། གཏིང་ཟབ་པ་བཅས་ཡིན་ནོ། །ཡང་དག་པ་ཞེས་པ་ནི་བརྗོད་བྱའི་སྙིང་པོ་དེ་དོན་དངོས་དང་མཐུན་པའམ་ཡང་ན་ཐུན་མོང་གིས་བདེན་པར་འཛིན་པའི་ཚད་གཞི་དང་མཐུན་པ་ལས་ནོར་འཁྲུལ་གྱི་ལྟ་བ་དྲིལ་བསྒྲགས་མི་བྱེད་པ་ལ་ཟེར། དོན་བསྡུས་པ་ཞེས་པ་ནི་རྩོམ་ཡིག་ཅིག་ལ་བརྗོད་སྙིང་གཅིག་ལས་ཡོད་མི་ཆོག་ལ་ཉོག་བཤད་ཀྱིས་མགོ་རྨོངས་པར་མི་བྱེད་པ་ལ་ཟེར། ཁ་གསལ་བ་ཞེས་པ་ནི་བརྗོད་བྱའི་སྙིང་པོ་དེ་ཆུ་དྭངས་མོ་ལས་རྡོ་མཐོང་བ་ལྟར་གསལ་རྗེན་ནེར་རྟོགས་ནུས་པ་ལ་ཟེར། གཏིང་ཟབ་ཞེས་པ་ནི་ཆོས་ཉིད་དང་གནས་ལུགས་ལ་ཐད་ཀར་ཕྱོགས་པ་མ་ཡིན་པར་ཕྱིའི་རྣམ་པ་ལ་བརྟེན་ནས་བྱ་དངོས་ཀྱི་ངོ་བོ་དང་བྱ་དངོས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་བར་རྟོགས་ནུས་པ་ལ་ཟེར། ཚད་གཞི་འདི་ལྟ་བུ་ཞིག་ལ་སླེབས་པར་ངེས་པར་དུ་འཚོ་བ་དང་གནས་ལུགས་ལ་ལྟ་ཞིབ་དང་བསམ་གཞིགས་ནན་ཏན་བྱས་ཏེ། རྒྱུ་ཆ་རིགས་གཅིག་ལ་ཕྱོགས་མི་འདྲ་བའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་བཟང་བའི་ཆ་ལེན་རྒྱུ་གལ་ཆེ།
གཞན་ཡང་བསམ་བློའི་སྙིང་པོ་གཏན་ལ་འབེབས་པར་རྩོམ་པ་པོའི་འཇིག་རྟེན་ལྟ་ཚུལ་གྱིས་ཚོད་འཛིན་བྱེད་པར་མ་ཟད། དུས་རབས་ཀྱི་ཁྱད་ཆོས་ཀྱང་མངོན་གསལ་དོད་པོ་ཡོད། དོན་རྐྱེན་གཅིག་གམ་བརྗོད་བྱ་གཅིག་ལ། རྩོམ་པ་པོ་གཉིས་ཀྱི་ལངས་ཕྱོགས་དང་ལྟ་བ་མི་གཅིག་པའི་རྐྱེན་གྱིས་བརྗོད་སྙིང་མི་འདྲ་བ་འདོན་སྲིད་ལ། རང་ཉིད་གནས་པའི་དུས་རབས་མི་འདྲ་བར་བརྟེན་ནས་གོ་དོན་མི་གཅིག་པའི་རྩོམ་ཡིག་ཀྱང་འབྲི་སྲིད། (མཇུག་དེབ་རྗེས་མར་འགོད་རྒྱུ)
རྩོམ་ཡིག་འདི་ནི་<<བོད་ལྗོངས་སློབ་གསོ་>>ལས་བདམས།
མདུན་ཤོག