བོད་ཀྱི་དཔའ་བོ།
ཚེ་མཆོག སུ་ཇ་བོད་ཁྱིམ་སློབ་གྲྭ
བོད་ཀྱི་དཔའ་བོ་ཞེས་པའི་བརྗོད་གཞི་འདི་སུ་ཞིག་གིས་མཐོང་ཡང་ཡིད་ཀྱི་མེ་ལོང་ངོས་སུ་འཆར་འོང་བ་ནི། “བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་མི་ཚེའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད།”ཅེས་པའི་དཔའ་མཛངས་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་པཎ་ཆེན་སྐུ་ཕྲེང་བཅུ་པའི་གསུང་ཚིག་ཡིན་ངེས། དེར་བརྟེན། དེ་རིང་ཁོང་དང་ཁོང་ལྟ་བུའི་བོད་མི་རིགས་ཀྱི་དཔའ་བོ་དག་གི་མཛད་རྗེས་སྐད་གསང་མཐོན་པོས་བསྒྲགས་ན་འདོད།
རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས། །རང་བྱུང་སྙིང་གི་དབུས་ན་གནས་པ་འདིས། །
རང་ཡུལ་ཁ་བ་ཅན་གྱི་རྗེ་འབངས་ལ། །རང་གི་ནུས་པས་སྲི་ཞུ་ཅུང་ཟད་སྒྲུབ། །
ཅེས་པའི་ཚིགས་སུ་བཅད་པ་འདི་ལས། བོད་ཀྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་རང་རིགས་ལ་བཟུང་བའི་ལ་རྒྱ་དང། དུངས་ཞེན། ལྷག་བསམ་སོགས་ཅི་འདྲའི་ཟོལ་མེད་ཅིག་དང་ཅི་འདྲའི་རླབས་ཆེན་ཞིག་ཡིན་པ་མཐོང་ཐུབ།
མི་མང་པོ་ཞིག་གིས་ང་ཚོ་བོད་རིགས་ཟེར་བ་འདི་ཅི་ཡང་མི་ཤེས་མཁན་ཀླ་ཀློ་ཞིག་ཏུ་ངོས་འཛིན་བྱེད་པ་དང་། སྔོན་གྱི་དཔའ་བོ་དག་གི་ལོ་རྒྱུས་ནི་རྟོག་སྒྲུང་ཞིག་ལས་གཞན་ཅི་ཡང་མིན་པར་བསམ་པས་རང་ཉིད་བོད་མི་ཞིག་ཏུ་སྐྱེ་བར་ངོ་གནོང་བའི་ཚོད་དུ་གྱུར། གལ་སྲིད་མི་རིགས་གཞན་ཞིག་ལ་འུ་ཚོ་བོད་ཀྱི་དཔའ་བོའི་ལོ་རྒྱུས་གླེང་ནུས་ན་འཛམ་གླིང་ཧྲིལ་པོའི་མི་དག་ལ་བླ་མེད་སྐུལ་ལྕག་ཐེབས་ཁོ་ཐག་རེད།
འུ་ཚོ་གདོང་དམར་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཕྱི་མིག་ཐེངས་གཅིག་འཕངས་ན། ཁྱོད་ཀྱི་སེམས་སུ་དཔའ་གདེང་ཞིག་དང་མི་གཞན་གྱི་མདུན་ནས་དུས་ནམ་ཡང་མགོ་བོ་སྒུར་མི་དགོས་པའི་སྙིང་སྟོབས་ཤིག་ངང་ངམ་ཤུགས་ཀྱིས་སྐྱེ་ཐུབ། དཔེར་ན། སྔོན་གྱི་ཚེ་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དང་མངའ་བདག་ཁྲི་རལ་སོགས་ནི་སྐབས་དེར་ཨེ་ཤ་ཡའི་རྒྱལ་ཁབ་དག་གི་ཁྱོན་ལ་སྙན་གྲགས་ཀྱིས་ཁྱབ་ཅིང་གཟི་བརྗིད་དང་སྟོབས་ཤུགས་ལ་ནི་སྟེང་གི་ལྷ་དང་འོག་གི་ཀླུ་རྒྱལ་གྱིས་ཀྱང་འགྲན་མི་ནུས་པ་སེམས་སུ་འཆར་ཡོང། ཁྱོད་ཚོས་ལྟོས་དང། བརྗིད་ཉམས་ལྡན་ཞིང་འཛམ་གླིང་ཁྱོན་ན་འགྲན་གྱིས་བྲལ་བའི་ཕོ་བྲང་དེ་འདྲ་ཞིག་དུས་རབས་བདུན་པའི་ནང་སུ་ཞིག་གིས་བཞེངས་ཐུབ་འདུག ལེགས་སྦྱར་ལྷའི་སྐད་ལས་དྲངས་པའི་སྐད་ཡིག་དེ་འདྲ་ཕྱུག་པོའམ་ཡང་དག་པ་དང་ཁུངས་དང་ལྡན་པ་ཞིག་རྒྱལ་པོ་སུའི་བློན་པོས་གསར་གཏོད་བྱས་འདུག
དེ་བས། ནང་པ་སངས་རྒྱས་ཀྱི་བསྟན་པ་དངོས་སུ་བོད་ཁ་བ་ཅན་གྱི་ཡུལ་དུ་དར་ཞིང། འགྲོ་བའི་ལུས་སེམས་གཉིས་ཀའི་དཀའ་ངལ་ལ་གདོང་ལེན་དང། དུས་ད་ལྟ་ཡང་བོད་མི་རིགས་ཀྱི་གཤིས་སྤྱོད་བཟང་པོའམ། ནང་བསམ་བློའི་འཁྱེར་སོ་ཡག་པོ་འདི་ཚོ་དཔའ་མཛངས་གཉིས་ལྡན་གྱི་རྒྱལ་བློན་སེམས་དཔའ་དེ་དག་གི་བཀའ་དྲིན་མིན་ན་ཅི་ཞིག་ཡིན།
ད་དུང་སྔ་རབས་བོད་ཀྱི་མཁས་པ་དང་རང་སྲོག་ཕྲ་མོ་མེ་རུ་སྒྲོན་ཐུབ་མཁན་གྱི་དཔའ་བོ་དག་དང་འཛམ་གླིང་མི་མང་རྣམས། ཚན་རིག་པ་དང་སེམས་ཁམས་རིག་པ་བ། ཆོས་ལུགས་འདྲ་མིན་དང་ལུགས་སྲོལ་འདྲ་མིན་རྒྱུད་འཛིན་བྱེད་མཁན། ཤར་ལྷོ་ནུབ་བྱང་དུ་གནས་པའི་དད་ལྡན་པ་ས་ཡ་མང་པོས་ཆེས་དགའ་གུས་དད་གསུམ་གྱིས་བཀུར་བའི་༸འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་བསྟན་འཛིན་རྒྱ་མཚོ་མཆོག་ནི་བདག་ལ་མཚོན་ན་བོད་མི་རིགས་ཀྱི་ངེས་དོན་གྱི་དཔའ་བོ་རེད་བསམ། དེ་ཙམ་དུ་མ་ཟད་འགྲོ་བ་མིའི་རིགས་ཀྱི་དཔའ་བོ་ཞེས་པའི་མཚན་སྙན་གྱིས་བསྟད་ན་ཡང་འོས་ཤིང་འཚམས་སོ། །
ང་ཚོ་རྗེས་རབས་པ་དག་ལ་འཛམ་གླིང་མི་མང་གིས་འགྲམ་ཆུ་ལྡང་སའི་ཡུལ་སྲོལ་གོམས་གཤིས། ཐུབ་བསྟན་སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་དེ་འདྲ་གོ་ལ་ཧྲིལ་པོར་ཡོངས་སུ་ཁྱབ་པ་དེ་ནི་དཔའ་བོ་ཁོང་རྣམ་པའི་བླ་མེད་ཀྱི་མཛད་འཕྲིན་ཁོ་ན་ལས་མ་འདས་པས་ཁོང་ཚོ་ནི་འུ་ཅག་གི་སེམས་ཁོང་གི་དཔའ་བོ་ཡིན་པར་མ་ཟད། མི་རབས་ནས་མི་རབས་སུ་བརྗེད་མི་རུང་བའི་བོད་རྒྱལ་ཁབ་ཆེན་པོའི་བླ་སྲོག་ཀྱང་ཡིན།
བོད་ཀྱི་དཔའ་བོ་དེ་དག་གིས་མགོ་བོ་མཐོན་པོ་དག་སུ་ལའང་སྒུར་མྱོང་མེད་ལ་དེ་བས་ཀྱང་སྙིང་རུས་ཅན་གྱི་ཁོང་ཚོར་བོད་རྒྱལ་ཁབ་འདི་མ་འོངས་པར་འཛམ་གླིང་ཡང་རྩེར་སོན་ཐུབ་པའི་ཆོད་སེམས་ཡོད།
ད་ལྟ་དང་དུས་མ་འོངས་པ་དུས་རབས་ཅི་འདྲ་ཞིག་དང་གནས་སྟངས་གང་འདྲ་ཞིག་ལ་ཐུག་ཀྱང་རུང། བོད་ཀྱི་དཔའ་བོ་དེ་དག་ནི་འུ་ཚོས་ངོམ་ཆོག་ཆོག་གི་འོད་ཟེར་སྟོང་ལྡན་གྱི་རྡོ་རིང་ཞིག་ལགས་སོ། །
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིར་འདས་པའི་ལོ་རྒྱུས་སྟེང་བོད་ལ་མཚོན་ན་བགྲང་གིས་མི་ལངས་པའི་དཔའ་བོ་བྱུང་མྱོང་ཡོད་པ་དང། དེ་དག་ལས་ཁོ་རང་ཉིད་ཀྱིས་གླེང་འདོད་པའི་དཔའ་བོ་དུ་མའི་མཚན་དངོས་སུ་དྲངས་ནས་མདོར་བསྡུས་ཀྱིས་མཚམས་སྦྱར་ཡོད་པ་དེ་བརྗོད་བྱ་གཙོ་བོར་བགྲང་ན་འགྲིག། དེར་བརྟེན་གསལ་བཤད་རྩོམ་ཡིག་གི་གྲས་སུ་བཞག་ན་འཚམས་པ་འདྲ། ཞོར་དུ་རང་གི་དུངས་སེམས་མཚོན་པའི་ཚིག་ཀྱང་ཚོར་བའི་རླབས་དང་བསྡོངས་ནས་གང་ལ་གང་འོས་ལྟར་སྦྱར་ཡོད།
རྩོམ་གྱི་འགོ་ནི་དམ་པ་ཞིག་གི་གསུང་ཚིག་བརྗིད་པོ་ཞིག་གིས་དྲངས་ཤིང། བར་བར་དུ་དཔའ་བོ་དང་འབྲེལ་བ་ཡོད་པའི་དོན་དག་མང་དག་ཅིག་གླེང་ཞིང། དེར་མཐུན་གྱི་རང་གི་དུངས་སེམས་ཀྱང་གཅིག་འཇགས་གཉིས་ལངས་ཀྱིས་བརྗོད་ཡོད་པ་གོ་སླ་ལ་ཀློག་བདེ་བའི་ཁྱད་ཆོས་འདུག
དཔའ་བོ་ལ་བསྔགས་བརྗོད་ཁོ་ན་མ་ཡིན་པར། དཔའ་བོ་དེ་ལས་བྱུང་བའི་ཤུགས་རྐྱེན་ནམ་ཡོན་ཏན་སྐོར་ད་དུང་གཏིང་ཟབ་ཙམ་འབྲི་ཐུབ་ན་ཤིན་ཏུ་ལེགས་པར་སྙམ།
བོད་ཀྱི་དཔའ་བོ།
དཔལ་ལྡན། སུ་ཇ་བོད་ཁྱིམ་སློབ་གྲྭ
ངས་འདི་ལྟར་བསམ་བློ་གང་མང་ཞིག་བཏང་སྟེ་རྟོག་ཞིབ་མོད་པོ་ཞིག་བྱས་དུས་ངེད་ཚང་སྟེ། གདོང་དམར་བ་ཚང་གི་ཁྱིམ་གཞི་འདི་ལའང་དཔའ་བོ་ཞེས་པའི་མིང་བྱང་ཁུར་མྱོང་མཁན་གྱི་སྐྱེས་བུ་གྲངས་མེད་ཅིག་བྱོན་ཟིན་འདུག་ལ། ད་ལྟའང་འབྱོན་གིན་འདུག། འདི་ནི་དགའ་དགོས་པ་དང་སྤྲོ་དགོས་པ་ཅི་ལ་མིན། དཔའ་བོ་ཞེས་པའི་ཐ་སྙད་བརྗིད་པོ་འདི་ནི་ལྷ་དང་དཀོན་མཆོག་གིས་སྦྱིན་པ་མེད་ལ། གཉེན་ཉེ་དང་གྲོགས་པོ་རྣམས་ཀྱིས་དེ་བས་ཀྱང་ངོ་། །དེ་བས་ངས་འདི་རུ་དབྱེ་བ་གཉིས་སུ་བྱས་པའི་བོད་པའི་དཔའ་བོའི་ཁྱད་ཆོས་མདོར་ཙམ་གླེང་བར་བྱ།
དང་པོ། རིག་པའི་དཔའ་བོ།
རིག་པའི་གནས་བཅུ་ལ་མཁྱེན་རྒྱ་ཆེ་ལ་རྣམ་དཔྱོད་མྱུར་ཞིང་། རྣམ་དཔྱོད་ཀྱི་རྩལ་ནུས་ལས་འཁྲུངས་པའི་འབྲས་བཟང་ཡོད་ཚད་གངས་རིའི་ཚེ་སྲོག་ཏུ་གྲུབ་པ་ནི་ཁོང་རྣམ་པའི་རིག་པའི་ཁྱད་ཆོས་ཡིན།
ཐོན་མི་སམ་བྷོ་ཊ། ཁྱེད་ཀྱི་དཀའ་སྤྱད་ལས་ཐོན་པའི་དེ་རིང་གི་ཡི་གེ་འདིས། ང་ཚོའི་འདས་མ་ད་གསུམ་གྱི་བུ་རྒྱུད་དག་རྨོངས་གཉིད་ལས་ཐར་ཞིང་འཆི་ལ་ཉེ་བའི་དངངས་སྐྲག་ལས་ཀྱང་སྐྱབས་མྱོང་ཡོད་པ་མ་ཡིན་ནམ།
༸གོང་ས་མཆོག། གཞན་ཕན་སྙིང་རྗེའི་ལྟ་བ་གཙུག་ཏུ་བཀུར་ཞིང་འགྲོ་དྲུག་སེམས་ཅན་ཀུན་ལ་ཁྱད་མེད་དུ་གཟིགས་པའི་ལྟ་གྲུབ་སྨྲ་བ་ཁྱེད་ཀྱི་གསུང་དབྱངས་ཀྱིས་འཛམ་གླིང་འདི་ཞི་བདེའི་བསྟི་གནས་ཤིག་ཏུ་སྒྱུར་གྱིན་ཡོད་ལ། རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིགས་དང་མི་རིགས་བར་ལའང་མཐུན་སྒྲིལ་གྱི་དཔུང་བ་དམ་དུ་སྦྲེལ་ཏེ། འཇིག་རྟེན་འདི་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ཏུ་སྒྱུར་གྱིན་ཡོད་པ་མ་ཡིན་ནམ།
དགེ་འདུན་ཆོས་འཕེལ། བོད་ཡུལ་བསིལ་ལྡན་ལྗོངས་ཀྱི་དུས་རབས་ཉེར་གཅིག་གི་དུང་བརྡ་ཐོག་མ། ཁྱེད་ཀྱི་སྙན་ལྷང་ལྷང་གི་དུང་སྐད་དཀྲོལ་དུས། གཉིད་དུ་ཡུར་བའི་ཕ་མ་དང་མིང་སྲིང་རྣམས་རྨི་ལམ་གྱི་ཞིང་ཁམས་དེ་ནས་དཀྲོགས་སོང་ལ། ཨ་སྟོང་རྒྱག་བཞིན་དུས་ད་ལྟ་ཁྱིམ་གཞི་འདིའི་ལས་ལ་བྲེལ་འདུག
ཡལ་མི་ཐུབ་པའི་དམ་པ་ཁྱེད་གསུམ། མི་རིགས་འདིའི་མར་མེ་རྐང་གསུམ་ཡིན་པས་མར་མེའི་འོད་ངོགས་ནས་མི་རབས་འདིའི་སྙིང་སྟོབས་སླར་གསོན་ཡོད། མི་རབས་འདིའི་སེམས་ཤུགས་ཡང་བསྐྱར་རྒྱས་ཡོད།
གཉིས་པ། ལ་རྒྱའི་དཔའ་བོ།
མི་རིགས་ཀྱི་བདེ་སྡུག་གིས་ཕྱིར་དུ་ཤ་རུས་གདོས་བཅོས་ཀྱི་ཕུང་པོ་ཕངས་མེད་དུ་དོར་བའི་རིགས་ཞེན་པ། ཅི་ཞིག་གིས་དོན་དུ་ཁྱེད་ཀྱིས་རང་སྲོག་གཏའ་མར་བཞག་ནས་སྤུན་ཟླ་གཞན་དག་གི་སྐྱིད་སྡུག་ལ་འདི་ལྟར་བལྟ་དགོས་སོང། དྲི་ཚིག་ཅིག་དང་ལྷན་དུ་ཁོ་བ་ཚོའི་ཚོར་བའི་ནང་སྙིང་ལ་འཛུལ། རྗེ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ཏུ་གྲུབ་ནས་དགའ་དུས་ཚང་མས་ཧ་ཧ་ཧོ་ཧོའི་ངང་བསྡད་ཡོད་ལ། སྡུག་དུས་ཀྱང་དེ་དང་གཅིག་མཚུངས་རེད། སྲོང་བཙན་སྒམ་པོའི་དུས་སྐབས་སུ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཁྱིམ་གཞི་འདི་མཛེས་སྡུག་གི་ཞིང་ཁམས་ཤིག་ཏུ་བསྐྲུན་ཡོད།
དུས་ད་ལྟ་མི་རིགས་གཞན་པས་བཙན་གནོན་དང་གདུག་རྩུབ་ཀྱིས་ཤ་དང་ཁྲག་རྒྱུན་གཅིག་ལ། སྐད་དང་ཡིག་རིགས་གཅིག་པའི་ཕུ་ནུ་དག་གི་ངུ་སྐད་དང་མིག་ཆུ། ད་དུང་ཤི་རོ་དང་ཤི་ཁྲག་མཐོང་དུས་ཁོ་ཚོའི་བྲང་ཁོག་གི་སྙིང་རྡོག་ལྷོག་ལྷོག་ཏུ་ལྡིང་ལ། རྩ་ལམ་གྱི་ཁྲག་རྒྱུན་གྱེན་དུ་འཕྱུར། དེ་དང་མཉམ་དུ་ཁོ་ཚོའི་རྒྱུད་ལ་ཕུ་ནུ་དང་མིང་སྲིང་བར་གྱི་བརྩེ་བ་ལྷད་མེད་དེ་འཁྲུངས་ནས་རང་ཉིད་ཀྱི་རྣམ་ཤེས་ཕྲ་མོ་འདི་ཡང་རླུང་ལ་སྐུར་གྱིན་ལས་ཀྱིས་བླངས་པའི་ཟག་བཅས་ཀྱི་ཕུང་པོ་འདི་ཡང་ཕངས་མེད་སྦྱིན།
ཀྱེ། ངའི་སྙིང་ཁོང་གི་དཔའ་བོ་དག། ཁྱེད་ཚོའི་མཛད་རྗེས་དང་ཕྱག་རྗེས་རེར་ཕྱིར་མིག་ཅིག་ལྟ་དུས་ངའི་བྲང་ཁོག་ཏུ་ན་ཟུག་ཅིག་ལངས་ཡོང་ལ་དད་སེམས་ཤིག་ཀྱང་ངང་གིས་སྐྱེ་ཡོང།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་སྟེ། གླེང་སློང་བའི་གཏམ་མམ་རྩོམ་གྱི་འགོ་འཛུགས་སྟངས་དང་ས་བཅད་བགོ་སྟངས་ལ་བལྟས་ན་དཔྱད་རྩོམ་གྱི་རྣམ་པ་ལྡན། འོན་ཀྱང་རྩོམ་ཡོངས་དུམ་ཚན་ཆེན་པོ་གཉིས་སུ་དབྱེ་བའི་དང་པོ་ནི་དུངས་སེམས་མཚོན་པ་ཤ་སྟག་ཡིན། གཉིས་པ་ནི། དཔྱད་རྩོམ་གྱི་ཆ་དང་དུངས་སེམས་སྟོན་པ་སྦྲགས་མར་སྣང། མདོར་ན། གཙོ་ཕལ་གྱི་དབང་དུ་བྱས་ཏེ་རྩོམ་ཡིག་འདི་ནི་དུངས་སེམས་མཚོན་པའི་རྩོམ་ཡིག་གི་གྲས་སུ་བཞག་ན་འཚམས།
རྩོམ་ཡིག་འདིའི་མགོ་འཛུགས་སྟངས་དང་མཇུག་སྡུད་སྟངས་གཉིས་འོས་ཤིང་འཚམས་ལ། རིག་པའི་དཔའ་བོ་ཞེས་པའི་དུམ་ཚན་དེེར་དུངས་སེམས་བརྗོད་པ་ཡང་ཧ་ཅང་ལེགས། སྤྱིའི་ཆ་ནས་རྩོམ་གྱི་ཚིག་སྦྱོར་སྤེལ་སྟངས་དང་སྒྲིག་གཞི། ས་བཅད་ལེན་སྟངས་སོགས་གྲལ་འགྲིག་པོ་ཞིག་བྱུང་འདུག་པའི་ཁར། རྩོམ་ཡོངས་གོ་སླ་ལ་ཀློག་བདེ་བའི་ཁྱད་ཆོས་ཀྱང་ལྡན།
ཡིན་ནའང་ལ་རྒྱའི་དཔའ་བོ་ཞེས་པའི་དུམ་མཚམས་དེ་ཚིག་སྦྱོར་སྤེལ་སྟངས་དང་མཚོན་སྟངས་དུམ་ཚན་སྔོན་མ་དང་འདྲ་མཚུངས་སུ་སྦྱར་ཡོད་ཚེ། ཡང་ན། རྩོམ་གྱི་བརྗོད་དོན་གཙོ་བོ་བོད་ཀྱི་དཔའ་བོ་ཞེས་པ་དེ་ཡིན་པས་དཔའ་བོ་ཞེས་པ་རིགས་གཉིས་སུ་ཕྱེས་པ་ལས་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་སམ་དཔའ་ཉམས་ལ་བསྟོད་འབྲི་བྱས་ཡོད་ཚེ་ལྷག་པར་ལེགས།
བོད་ཀྱི་དཔའ་བོ།
ཤ་བོ་རྡོ་རྗེ། གོ་པལ་པུར་བོད་ཁྱིམ།
སྤྱིར་འཇིག་རྟེན་འདིའི་ཐོག་སྙན་གྲགས་ཆེ་ཆུང་གི་དཔའ་བོ་དུ་མ་ཞིག་ཡོད་ལ་དུས་ད་ལྟའང་འབྱུང་བཞིན་པ་རེད། སྤྱིར་ན་དཔའ་བོ་ཞེས་གླེང་བ་ཙམ་གྱིས་ང་ཚོ་ལ་མྱོང་ཚོར་གསར་པ་ཞིག་སྟེར་ལ་དེས་རྒྱལ་གཅེས་ལྷག་བསམ་ལྡན་ལ་བྱ་བཞག་ཆེ་ཕྲའི་གནད་ལ་བཟོད་བསྲན་ཐུབ་པ། ཐ་ན་རང་མི་རིགས་ཀྱི་རྩ་དོན་ཆེད་རང་སྲོག་བློས་གཏོང་ཕོད་མཁན་ཞིག་ཡིན་པ་གསལ་པོར་ར་སྤྲོད་བྱེད་ཐུབ། དཔེར་ན། སེམས་དཔའ་ཆེན་པོ་གྷན་དྷི་མཆོག་གིས། རང་གི་རྒྱལ་ཁབ་ལ་ཤ་ཞེན་དང་ལ་རྒྱ། རང་མི་རིགས་དང་རྩ་དོན་སོགས་རྩ་བརླག་ཏུ་མི་འགྲོ་བའི་ཆེད་དུ་མི་ཚེ་ཧྲིལ་པོར་འབད་ནས་རྒྱ་གར་གྱི་རང་བཙན་བསྐྱར་གསོ་ཐུབ། ད་དུང་རྒྱ་ནག་གི་དཔའ་བོ་ཏུང་ཚུང་རེ་ཡིས་རང་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་སུ་འབར་རྫས་བཏགས་ཏེ་ཟམ་པ་གཏོར་ནས་རྒྱལ་ཁ་བླངས་པ། འདི་དག་ཡོད་ཚད་ནི་དཔའ་བོ་ཞེས་པ་ལས་ཐོན་པ་ཞིག་ཡིན། ལྷག་པར་དུ་རྒྱལ་སྤྱིའི་གར་སྟེགས་སྟེང་བྱས་རྗེས་རླབས་ཆེན་བཞག་ནས་སྐྱེ་འགྲོ་ཡོངས་ཀྱིས་གཟེངས་བསྟོད་བྱེད་ས་ཞིག་ཏུ་གྱུར་ཡོད།
དེ་དང་ཕྱོགས་མཚུངས་འདིར་བོད་ཀྱི་དཔའ་བོའི་ཐོག་གླེང་བ་ཡིན་ན། བོད་ཀྱི་དཔའ་བོ་ནི་རྒྱལ་ཁབ་གཞན་གྱི་དཔའ་བོ་དང་མི་འདྲ་བར་མ་ཟད། རང་གི་རྒྱལ་ཁབ་ཀྱི་མི་རིགས་དང་རྩ་དོན་སོགས་ཀྱི་ཐད་ལ་རང་སྲོག་བློས་གཏོང་མཁན་ཤ་སྟག་ཡིན། ༡༩༥༩ ལོ་ནས་བཟུང་རྒྱ་དམར་པོས་བོད་ས་ཡོངས་སུ་བཙན་འཛུལ་བྱས་པ་ནས་བཟུང། བོད་མི་མང་པོ་ཞིག་ཁ་འཐོར་དུ་ཕྱིན་ཡོད་ལ། བོད་ཀྱི་ཆོས་དང་རིག་གཞུང། སྐད་ཡིག་སོགས་ཀྱང་ཉམས་ཆག་ཏུ་སོང་ཡོད། དེ་དག་ཉམས་ཆག་མ་སོང་བའི་ཡར་སྔོན་དུ་བོད་ལ་དཔའ་བོ་ཇི་སྙེད་ཅིག་ཡོད་ལ་དེ་དག་གིས་ཀྱང་རྒྱལ་སྤྱིའི་གར་སྟེགས་སྟེང་བྱས་རྗེས་རླབས་ཆེན་བཞག་ཡོད། དཔེར་ན། ཐོན་མི་སམ་བྷོ་ཊས་རང་གི་མི་རིགས་ཀྱི་རྩ་དོན་དང་དེ་དག་མ་བརླག་པའི་དོན་དུ་དཀའ་སྤྱད་ཁུར་དུ་བླངས་ནས་ལེ་དབར་ཁྲི་ཕྲག་མང་པོ་བརྒལ་ཏེ་བོད་ལ་ཡི་གེ་གསར་དུ་བཟོས་པ།
ཡང་བོད་རྒྱལ་སྲོང་བཙན་སྒམ་པོས་མི་ཚེ་ཧྲིལ་པོར་རང་མི་རིགས་རྩ་བརླག་ཏུ་མི་འགྲོ་བ་དང་རྒྱུན་རིང་གསོན་ཐབས་ཀྱི་ཆེད་དུ་ཨེ་ཤ་ཡའི་ཡུལ་གྲུ་དུ་མ་ཞིག་མངའ་འོག་ཏུ་བསྡུས། ད་དུང་ལྔ་བཅུ་ང་དགུ་ལོར་བཙན་འཛུལ་བྱས་པ་ནས་བཟུང་། ཡང་བོད་ལ་དཔའ་བོ་རབས་དང་རིམ་པ་མང་པོ་ཞིག་བྱུང། དཔའ་བོ་དེ་དག་ནི་སྔར་གྱི་དཔའ་བོ་རྣམས་ལས་སེམས་ཤུགས་དང་ལ་རྒྱ། ཤ་ཚ་དང་ཞེན་ཁོག་ཆེ་བར་མ་ཟད་རང་སྲོག་འཛེམས་མེད་དུ་རྒྱལ་སྤྱིའི་སྟེང་ལངས་མཁན་ཤ་སྟག་ཡིན། གང་ཡིན་ཞེ་ན། ང་ཚོ་ནི་རང་ཡུལ་བཞག་ནས་ཡོང་བའི་སྤྲང་པོ་ཁྱུ་ཚོགས་ཤིག་དང། སློང་མོ་བ་ཤ་སྟག་ཡིན་སྟབས་གཞན་གྱི་རང་གི་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་ལ་རྡོག་བརྫིས་བཏང་བ་དང་གཏོར་བཤིག་གཏོང་བ་སོགས་རིག་ཚེ་བོད་ཀྱི་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་སེམས་ཀྱིས་མ་བཟོད་པར་རང་སྲོག་བློས་བཏང་ནས་རང་རྒྱལ་གྱི་དར་ཆ་སླར་ཡར་སློང་ཐབས་བྱེད། ལྷག་པར་དུ ༢༠༠༨ ལོར་བོད་མི་ཡོངས་ཀྱིས་ངོ་རྒོལ་བྱས་པ་མ་ཟད། དེའི་ཁྲོད་རང་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་མང་དག་ཅིག་གི་སེམས་ཤུགས་དང་ལ་རྒྱ། སྤོབས་པ་དང་ང་རྒྱལ་བཅས་ནི་མེ་ནང་དུ་སྣུམ་བླུགས་པ་ལྟར་བསྐྱེད། འདི་དག་གིས་རྒྱལ་ཁབ་གཞན་གྱི་དཔའ་བོ་དག་ལས་བོད་ཀྱི་དཔའ་བོ་ནི་སེམས་ཤུགས་དང་ཤ་ཚ། ལ་རྒྱ་བཅས་ཆེ་བ་ཡོད་པ་གསལ་པོར་མཚོན་ཐུབ།
ད་དུང་སྣུམ་ཟད་ཀྱི་མར་མེ་ལྟ་བུའི་རང་མི་རིགས་ཀྱི་སྐད་ཡིག་དང་གོམས་གཤིས་སོགས་མི་ཉམས་རྒྱུད་འཛིན་ཆེད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བོད་གངས་ཅན་ལྗོངས་སུ་དཔའ་བོ་དུ་མ་ཞིག་བྱུང་ཡོད་ལ། ཁོང་ཚོས་ཀྱང་རང་མི་རིགས་ཀྱི་སྐད་ཡིག་འདི་ཉམས་ཆག་མི་འགྲོ་བའི་སླད་དང། སྐབས་དེར་རྒྱ་ནག་གི་རིག་གནས་གསར་བརྗེའི་ཉག་ཕྲ་བའི་བརྒྱུད་རིམ་དེའི་ཁྲོད་ཁོང་ཚོས་རང་འགན་ཁུར་དུ་བླངས་ནས་བྱ་བཞག་ཆེ་ཕྲའི་གནད་ལ་མདུན་སྐྱོད་དང་དཀའ་ཚེགས་ལ་གདོང་ལེན་བྱས་པ་སོགས་ཀྱིས་བོད་གངས་ཅན་ལྗོངས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད། དཔེར་ན། དུང་དཀར་བློ་བཟང་འཕྲིན་ལས་དང། གུང་ཐང་བསྟན་པའི་སྒྲོན་མེ། དམུ་དགེ་བསམ་གཏན་ལ་སོགས་པའི་དཔའ་བོ་མང་པོས་རང་རིགས་ཀྱི་ཚེ་སྲོག་ལ་གསོན་ཤུགས་སྦར་ཡོད།
མདོར་ན། བོད་ཀྱི་དཔའ་བོ་རྣམས་ནི་བོད་གངས་ཅན་གྱི་ཁྱད་ནོར་ལྟ་བུ་ཡིན་པས། དེ་རིང་ང་ཚོ་བོད་མི་ཡོངས་ནས་ཁྱེད་རྣམ་པའི་བྱས་རྗེས་ལ་དྲན་གསོ་དང་བསྔགས་བརྗོད་ཞུ་བཞིན་ཡོད།
རྩོམ་ཡིག་དཔྱད་མཆན།
རྩོམ་ཡིག་འདིའི་འགོར་སྤྱིར་དཔའ་བོ་ཞེས་པ་ཅི་འདྲ་ཞིག་ཡིན་པ་བརྗོད་དེ་རིམ་གྱིས་བྱེ་བྲག་གི་དཔའ་བོ་སྟེ་བོད་ཀྱི་དཔའ་བོ་ཞེས་པ་ཅི་འདྲ་ཞིག་ཡིན་པ་ཞིབ་སྡུར་གྱི་རྣམ་པ་དང། དགག་སྒྲུབ་གཉིས་ལས་སྒྲུབ་ཕྱོགས་གཙོ་བོར་བཟུང་ནས་གང་བསམ་ཚོད་ཀྱིས་གོ་རིམ་ལྡན་ལ་གནད་བསྡུས་ཅི་ཐུབ་བྱས་ཏེ་བྲིས་པའི་དཔྱད་རྩོམ་གྱི་རིགས་ཤིག་ཡིན།
རྩོམ་ཡིག་ཏུ་བཀོད་པའི་དཔའ་བོ་དེ་དག་ནི་གང་ཡིན་ཡང་དངོས་གནས་དཔའ་བོའི་ཁྱད་ཆོས་ཡོངས་སུ་རྫོགས་པའི་དཔེ་མཚོན་ཅན་གྱི་མི་སྣ་རྐྱང་རྐྱང་རེད། འདི་ལས་ལོ་ཆུང་རྩོམ་པ་པོའི་ལྟ་རྒྱ་དང་ཐོས་རྒྱ་མི་དམན་པ་རྟོགས་སླ། དཔའ་བོའི་མཛད་རྗེས་བྱེ་བྲག་པ་རེ་བཀོད་པའང་མཚོན་སྟོབས་ཅན་གྱི་རིགས་ཡིན་པར་ཐེ་ཚོམ་མེད་པར་མ་ཟད། ཚིག་སྦྱོར་གོ་སླ་ལ་ཀློག་བདེ།
འོན་ཀྱང། ཞིབ་སྡུར་གྱིས་བྲིས་པའི་ཆ་དང་སྒྲུབ་བྱེད་དུ་བཀོད་པ་ཡོངས་རྫོགས་ཧ་ཅང་འགྲིག་ལ་ནོར་འཆུག་མེད་པ་ཧ་ཅང་དཀའ། རྒྱུ་མཚན་ནི་བོད་ཀྱི་དཔའ་བོ་ནི་རྒྱལ་ཁབ་གཞན་གྱི་དཔའ་བོ་དང་མི་འདྲ་བའི་སྒྲུབ་བྱེད་དུ་བཀོད་པ་དག་གིས་གཞན་ལས་ཁྱད་འཕགས་ཡིན་པར་སྒྲུབ་མི་ཐུབ། ཁྱད་ཆོས་དེ་དག་གཞན་གྱི་དཔའ་བོ་ལའང་ཚང་བའི་ཕྱིར་རོ། ། དེར་བརྟེན་ཞིབ་སྡུར་བྱས་པར་ཞན་ཆ་ཤོར། གཞན་ཡང་དཔེ་མཚོན་ཅན་གྱི་དཔའ་བོའི་མི་སྣ་དག་རིམ་བཞིན་བཀོད་པ་ལ་གོ་རིམ་སྒྲིག་སྟངས་འདི་ལས་ལྷག་པ་ཞིག་ཏུ་བཏང་སྟེ་སྒྲུབ་བྱེད་ཀྱང་དཔེ་མཚོན་རང་བཞིན་ཅན་རེ་ཞིབ་འབྲི་བྱས་ཡོད་ཚེ་རྩོམ་ཡིག་འདི་ལ་དེ་ལས་ལྷག་པའི་གསོན་ཉམས་ཀྱིས་ཁེངས་པར་གདོན་མི་ཟའོ། །