སློབ་ཕྲུག་གི་མི་ཚེ།

བསྟན་འཛིན་གཡང་སྒྲོན། མོན་གྷོ་གཏན་སློབ། (ཨང་དང་པོ)

༄༅། །སྤྱིར་བཤད་ན་སློབ་ཕྲུག་གི་མི་ཚེ་དེ་ཧ་ཅང་སྐྱིད་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ཡང་ངོ་མ་བཤད་ན་སློབ་ཕྲུག་གི་དུས་སུ་ང་ཚོ་ལ་ལས་འགན་གཙོ་བོ་ཞིག་ཡོད། དེ་ནི། ༡༽ དང་པོ། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དམིགས་ཡུལ་དེ་སྒྲུབ་རྒྱུ་དེ་ཡིན། ཁོང་གི་བསམ་པ་ལྟར་ང་ཚོའི་བོད་ཀྱི་སློབ་ཕྲུག་རྣམས་རྗེས་མ་བོད་རང་བཙན་ཐོབ་རྗེས་བོད་ཀྱི་གཞུང་འཛིན་མཁན་ཞིག་ལ་ངོས་འཛིན་གྱི་ཡོད་སྟབས། ཕྲུ་གུ་དེ་རྣམས་བོད་ཀྱི་གསོན་རྩར་ངོས་འཛིན་གྱི་ཡོད། ཁོང་ནི་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ཡིན་ཙང་ཁོང་གི་བཀའ་དེ་ངེས་པར་དུ་བརྩི་དགོས་པ་གལ་ཆེ་བ་ཡིན།
    ༢༽ གཉིས། དེའི་རྗེས་ལ་ང་ཚོས་བརྩེ་བའི་ཐོག་ནས་བཤད་ན། ང་ཚོའི་ཕ་མ་གཉིས་སླེབས་ཀྱི་ཡོད། ཁོང་གཉིས་ཀྱིས་ང་ཚོ་ལ་བཀའ་དྲིན་ཧ་ཅང་བསྐྱངས་ཡོད་པ་དེའི་བཀའ་དྲིན་འཇལ་མི་ཐུབ་ཀྱང༌། ཁོང་ཚོ་སེམས་དགའ་བར་བཟོ་བ་ནི་ང་ཚོའི་སྐབས་སུ་བབས་པའི་ལས་འགན་གཙོ་བོ་ཞིག་ཡིན། ཁོང་ཚོས་ཉིན་མཚན་གཅིག་ཏུ་སྦྲེལ་ཏེ་ང་ཚོའི་དོན་དུ་ཚོང་ལ་སོགས་པའི་ལས་ཀ་བྱེད། ང་ཚོ་ལ་དགོས་པའི་ཅ་ལག་དང་དེབ་སོགས་མ་ལབ་པའི་ཐོག་ནས་སྤྲོད་ཀྱི་ཡོད། དེ་རྣམས་ཡིད་དུ་དྲན་ནས་ང་ཚོས་ཁོང་ཚོའི་དོན་དུ་སློབ་སྦྱོང་བྱེད་དགོས་པ་ཡིན། དེར་མ་ཟད་རྗེས་མར་རང་ཉིད་རང་གི་རྐང་པའི་སྒང་ལ་ལངས་ཐུབ་ཙམ་ཞིག་བྱུང་ནའང་ཁོང་ཚོ་ཐུགས་ཧ་ཅང་སྤྲོ་པོ་ཡོང་གི་རེད།
    ༣༽ གསུམ་པ་ནི། གལ་ཏེ་རང་ཉིད་གཞན་ཞིག་གི་ཆེད་དུ་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་ན། རང་དོན་ཁོ་ནར་བསམ་སྟེ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས། གང་ཡིན་ཟེར་ན། སློབ་ཕྲུག་ཅིག་གི་མི་ཚེའི་ནང་ལ་དངོས་པོ་འགའ་ཞིག་གལ་ཆེན་ཡིན་པས་དེ་ནི།

  1. བརྩོན་འགྲུས། གལ་ཏེ་སློབ་ཕྲུག་ཅིག་ལ་ཤེས་རབ་ཧ་ཅང་ཡོད་ཀྱང་བརྩོན་པ་གཏན་ནས་མེད་ན་སློབ་ཕྲུག་དེ་ཡིས་དམིགས་ཡུལ་དེ་བསྒྲུབ་ཡག་དཀའ་ལས་ཁག་པོ་རེད། བརྩོན་འགྲུས་མེད་པར་ཤེས་རབ་ཡོད་པའི་མི་དེ་རོ་དང་མཚུངས་པ་ཡིན་པ་མཁས་པ་རྣམས་ཀྱི་གསུངས་ཡོད་དོ།།
  2. ཤེས་རབ། གལ་ཏེ་བརྩོན་འགྲུས་ཡོད་ཀྱང་ཤེས་རབ་མེད་པར་རྨོངས་པའི་དབང་དུ་ཤོར་ཡོད་ན་ཕྲུ་གུ་རྣམས་ལ་སེམས་ཡོད་ཀྱང་ལུས་པོ་མེད་པ་བཞིན་དུ་ངོས་བཟུང་གྱི་ཡོད། ཕྲུ་གུ་དེ་རྣམས་ཤེས་རབ་མེད་སྙམ་ཏེ་བློ་ཕམ་རྒྱུ་མེད། གང་ཡིན་ཟེར་ན་རང་ཉིད་ལ་ཤེས་རབ་མེད་པའི་རྒྱུ་མཚན་ནི། ཚེ་སྔོན་མར་རང་གིས་ལས་ལེགས་པར་མ་བསགས་པའི་རྐྱེན་གྱི་ཡིན་པར་གསལ་བར་ཤེས་ཐུབ། དེ་ཡིན་ཙང༌། ཉིན་ལྟར་ཞོགས་པ་སྔ་པོར་ལངས་ནས་ཞལ་འདོན་བྱས་པ་ཡིན་ན་ཤེས་རབ་འཕེལ་སྲིད་པ་རེད། དེ་བཞིན་གཞན་ལ་རོགས་པ་བྱས་པ་ཡིན་ནའང་ཤེས་རབ་འཕེལ་རྒྱས་འགྲོ་བ་ལ་ཕན་ཐོགས་ཆེན་པོ་ཡོད་པར་གསུངས་ཡོད།
  3. དགེ་རྒན་ལེགས་པོ།  སྤྱིར་བཤད་སྲོལ་ལ་དགེ་རྒན་རྣམས་ཕྲུ་གུ་ཚོའི་ཕ་མ་གཉིས་པ་རུ་ངོས་འཛིན་གྱི་ཡོད་པར། ཕྲུ་གུ་ཞིག་གི་སྤྱོད་པ། སྦྱོང་བརྡར། ཀུན་སྤྱོད་གང་འདྲ་ཞིག་ཡོད་པ་དེ་ཕ་མ་དང་དགེ་རྒན་གཉིས་ཀྱི་རྐྱེན་ཡིན་པར་ཤེས་ཐུབ། དཔེར་ན། སློབ་ཕྲུག་ཅིག་གི་ཕ་མ་སློབ་སྦྱོང་ཡོད་མཁན་ཞིག་ཡིན་ན། ཕྲུ་གུ་དེའང་སློབ་སྦྱོང་ཡོད་པ་ཞིག་ཏུ་འགྱུར་བ་དང༌། ཕ་མ་སློབ་སྦྱོང་ཅི་ཡང་མི་ཤེས་མཁན་ཞིག་ཡིན་ན་ཕྲུ་གུ་དེ་ཡང་རྨོངས་པའི་དབང་དུ་ཤོར་རྒྱུ་ངེས་པ་ཡིན། འདི་ལྟར་ཕྲུ་གུ་དེས་བསྟེན་པའི་རྒན་ལགས་དེ་ཡི་སྤྱོད་པ་ཡག་པོ་མེད་པ་དང༌། སྐད་ཆ་བཤད་སྲོལ་ལེགས་པོ་མེད་པ་ཡིན་ན། ཕྲུ་གུ་དེ་ཡང་སྤྱོད་ངན་ཞིག་ཏུ་འགྱུར་རྒྱུ་ཡིན་པར་ངེས།
  4. མཐའ་མར་དེ་ལ་གྲོགས་པོ་བཟང་པོ། རང་གི་ཆེད་དུ་གྲོགས་པོ་ལེགས་པ་ཞིག་འཚོལ་རྒྱུ་ནི་གལ་ཆེ་ཡིན། གལ་ཏེ་གྲོགས་པོ་ལེགས་པོ་ཞིག་མ་ཐོབ་ན་རང་ཉིད་གཅིག་པུར་འགྲོ་སྟངས་སྦྱོང་དགོས། གྲོགས་པོ་སྡུག་པོ་ཞིག་གི་ཆ་ལ་སོང་བ་ཡིན་ན། རང་ཉིད་ལའང་གྲོགས་པོ་དེའི་སྤྱོད་པ་འཇགས་རྒྱུ་ངེས་པ་རེད། འདི་འདྲ་བའི་གྲོགས་པོ་རྣམས་ལ་སྡིག་པའི་གྲོགས་ཞེས་ཞུ་སྲོལ་ཡོད། སྡིག་པའི་གྲོགས་པོ་རྣམས་བགོ་བའི་ནད་བཞིན་རིང་དུ་སྤོང་དགོས་པར་མཁས་པ་རྣམས་ཀྱིས་གསུངས་ཡོད་དོ།།

    རང་ཉིད་ཀྱི་གྲོགས་པོ་ལེགས་པོ་ཡིན་མ་ཡིན། རང་ཉིད་ཁོང་གི་ལམ་གང་དུ་འཁྲིད་པ་དེའི་ཐོག་ནས་གསལ་པོར་ཤེས་ཐུབ། སྡིག་གྲོགས་ཡིན་ཞེས་རྭ་ཅན་ཞིག་འབྱུང་གི་མ་རེད། དེ་ལྟ་བུའི་གྲོགས་པོ་རྣམས་རིང་དུ་སྤོང་ན་ལེགས་པ་ཡོད་པ་རེད།
    ཕྲུ་གུའི་མི་ཚེ་དེ་རྨང་གཞི་ཡིན་པ་རེད། གལ་ཏེ་དུས་འདི་ནང་རང་ཉིད་སློབ་སྦྱོང་མ་ཐུབ་པ་ཡིན་ན། ཆེན་པོ་ཆགས་སྐབས་རང་ཉིད་འགྱོད་པ་ཤུགས་དྲག་ཞིག་སྐྱེ་བར་ངེས་པ་རེད། དེ་སོང་ཙང་གཏམ་དཔེ་ཞིག་ཏུ། ཆུང་དུས་སློབ་སྦྱོང་མ་སྦྱངས་ན། །ཆེ་དུས་ངུས་དང་མ་ངུས་མེད། །འདིའི་འགྲེལ་པ་ནི། ཆུང་དུས་སྐབས་རང་ཉིད་ལ་ལས་འགན་ཆེན་པོ་ཞེ་དྲག་མེད་སྟབས། རང་ཉིད་ལ་སློབ་སྦྱོང་སྦྱང་བའི་གོ་སྐབས་ཡོད་པས་རིག་པ་ཡང་གསལ་ཞིང་རྣོ་བོར་ཡོད་པས་གང་སྦྱང་པ་དེ་ཡིད་དུ་ཆུད་སླ་པོ་ཡོད། ཡིན་ནའང་ཆེ་དུས་སྐབས་སུ་སློབ་སྦྱོང་བྱེད་འདོད་སྐྱེས་ཀྱང་ལས་ཀ་མང་དྲགས་པའི་རྐྱེན་དང་རིག་པ་མི་གསལ་བའི་རྐྱེན་གྱིས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་སྟབས་ངུ་རྒྱུ་མ་གཏོགས་གཞན་ལམ་ཅི་ཡང་ལྷག་མེད། དེ་དུས་ངུས་དང་མ་ངུས་ཁྱད་པར་ཅི་ཡང་འགྲོ་གི་མེད། དེར་བརྟེན་ཆུང་དུས་ནས་སློབ་སྦྱོང་བྱེད་དགོས་པ་གལ་ཆེན་ཡིན་པར་མཁྱེན་ཐུབ་ཙམ་བྱུང་ཡོད་ཀྱི་རེད། སྐྱེས་བུ་ཆེན་པོ་ཞིག་ཆགས་ཡོད་ཀྱང་ཁོང་གི་སྔོན་མའི་བྱས་རྗེས་གང་བཞག་པ་འདི་ད་ལྟ་ཡང་བརྗོད་ཀྱི་ཡོད། དེར་བརྟེན་ང་ཚོ་ཕྲུ་གུ་རྣམས་རྗེས་མར་མིའི་གྲལ་དུ་ཚུད་པའི་ཕྱིར། ཐོག་མར་སློབ་གྲྭའི་དུས་ནས་བཟང་སྤྱོད་དང་དུ་ལེན་དགོས་པ་དང་ངན་སྤྱོད་རིང་དུ་སྤོང་དགོས་པར་གལ་ཆེའོ། །
    ང་ཚོ་སློབ་ཕྲུག་རྣམས་ཡ་རབས་དང་ལྡན་པ་ཞིག་དགོས་རྒྱུ་ནི། ཧ་ཅང་གི་གལ་ཆེན་པོ་ཞིག་ཡིན་པར་མ་ཟད། སྤྱི་ཚོགས་ཤིག་ཏུ་གནས་དགོས་པ་ཡིན་ཙང་ཡ་རབས་བཟང་སྤྱོད་དང་མ་ལྡན་ན་མིའི་གྲལ་དུ་ཚུད་ཀྱི་མ་རེད། གང་ཡིན་ཟེར་ན། སྤྱི་ཚོགས་ཞིག་གི་ནང་དུ་མ་རབས་གཅིག་ཡོད་ན་མང་དྲག་པ་དང༌། ཡ་རབས་བརྒྱ་ཡོད་ཀྱང་ཉུང་དྲག་པ་ཡིན་པར་བཤད་ཚུལ་ཡོད། སྤྱིར་ཕྲུ་གུར་མི་ཚེ་དེ་སྦྱོང་བའི་མི་ཚེ་ཞིག་ལའང་ངོས་འཛིན་གྱི་ཡོད། ཕྲུ་གུ་རྣམས་ངན་པ་ཡོད་ན་དེ་ལ་ལེགས་བཅོས་བྱེད་རྒྱུ་ཡོད་པས། དེ་རྣམས་ལ་ལམ་སྟོན་བྱེད་མཁན་སྐྱེ་བོ་ཡ་རབས་བཟང་སྤྱོད་དང་ལྡན་པ་ཞིག་འབྱུང་བ་ཡིན་ན། ཕྲུ་གུ་དེ་ཆུང་དུས་ནས་ཡ་རབས་སྤྱོད་པའི་ལམ་ལ་འཇུག་རྒྱུ་ངེས་པ་རེད། འདི་ནང་བཞིན་ཕྲུ་གུ་ལེགས་པ་རྣམས་ལའང་སློབ་སྟོན་གནང་མཁན་མི་ངན་པ་ཞིག་དང་འཕྲད་པ་ཡིན་ན་ཕྲུ་གུ་དེ་ངན་དུ་འགྲོ་བར་ངེས་པ་རེད། དེ་རྗེས་སློབ་སྦྱོང་དང་རྩེད་མོ་སོགས་སྒྱུ་རྩལ་ཚང་མའི་ཐོག་ལ་མཁས་པ་དགོས་ཡོད། གང་ཡིན་ཟེར་ན་སློབ་སྦྱོང་སྦྱང་རྒྱུ་མང་དྲག་པ་ཡིན་ན། དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་རྩེད་མོ་རྩེ་དགོས་པ་རེད། གང་ཡིན་ཟེར་ན་དེས་རྐྱེན་ང་ཚོའི་རིག་པ་རྣམས་སླར་ཡང་གྲུང་པོ་ཆགས་ཀྱི་རེད། རིག་པ་གྲུང་པོ་མ་བཟོས་པར་སློབ་སྦྱོང་རྒྱུན་རིང་པོ་བྱས་པ་ཡིན་ན། སེམས་བརྟན་པོ་མི་གནས་པའི་ཉེན་ཁ་ཡོང་སྲོལ་ཡོད། འདི་དང་མཉམ་དུ་རང་ཉིད་ལུས་པོ་ཡང་ཐང་པོ་སྡོད་འདོད་ཡོད་ན། ཆེད་དུ་རྩེད་མོ་རྩེ་དགོས།
    སློབ་ཕྲུག་ཅིག་གི་མི་ཚེའི་ནང་ཡི་གེ་སྦྱོར་ཀློག་བྱེད་པ་དང༌། དུས་རྒྱུན་དུ་ནས་སློབ་དེབ་ཀློག་པའི་གཤིས་ཀ་རྒྱུད་ལ་འཇགས་པ་བྱེད་དགོས། དེས་རང་ཉིད་ཀྱི་ཤེས་ཚད་མཐོ་པོ་ཆགས་པར་ཕན་ཡོན་ཆེན་པོ་ཡོད། གལ་ཏེ་ཡིག་རྒྱུགས་སྐབས་དྲི་ཤོག་ནང་སྤྱིར་བཏང་གི་དྲི་བ་མང་པོ་བཀོད་ཡོད་ན། དེ་རྣམས་ལ་ལས་སླ་པོའི་ཐོག་ནས་ལན་རྒྱབ་ཐུབ་ཀྱི་རེད། དེར་བརྟེན་ཡི་གེ་ཀློག་ཐབས་ཤེས་པར་བྱེད་དགོས་པ་རེད།
    མཐའ་མར་ང་རང་ཡང་ཕྲུ་གུ་ཞིག་ཡིན་པའི་ཆ་ནས་བོད་རང་བཙན་ལེན་པའི་ཐབས་ལ་བརྩོན་པ་བྱེད་མི་ཐུབ་ཀྱང༌། བོད་རང་བཙན་མྱུར་དུ་ཐོབ་པའི་རེ་བ་དང་ྋགོང་ས་མཆོག་གི་དགོངས་པ་ལྟར་སློབ་སྦྱོང་ལེགས་པར་བྱེད་ཀྱི་ཡོད་པ་དང་བཅས། བཀྲིས་བདེ་ལེགས་ཞུ།། །།

ཞན་ཆ།
    ཡིན་ཡང་ངོས་མར་(ཡིན་ན་ཡང་ངོ་མ)བཤད་ན། བོད་ཀྱི་བསོན་(སོན)རྩ། ལས་བཀའ་(ཀ)ང་ཚོས་(ཚོ)ལ་དགོས་པའི། ཡིད་དུ་འདྲན་(དྲན)ནས། འདི་(དེར)མ་ཟད། གསུམ་པར་(པ)ནི། རང་ཉིད་དོན་ཁོ་ནར་བསམ་དེ།(རང་དོན་ཁོ་ནར་བསམ་སྟེ) མི་ཚེ་(ཚེའི)ནང་ལ། ཤེས་རབ་ཡོད་པས་མི་དེར་རོ་དང་མཚུངས་པར་ཡིན་པར།(ཤེས་རབ་མེད་པའི་མི་དེ་རོ་དང་མཚུངས་པ་ཡིན) སྔ་པོར་ལངས་གི(ནས) བཞལ་དོན་(ཞལ་འདོན) འཕེལ་རྒྱས་སྲོང༌(སོང) སྦྱོང་བཏང༌(བརྡར) སློབ་སྦྱོང་ཡོད་པར་(པ)ཞིག་ཏུ། ཕྲུ་གུ་དེ་ཀྱང་(ཡང) ལེགས་(པ)ཞིག་མ་ཐོབ། གཅིག་པོར་(པུར)འགྲོ། སྡིག་པས་(པའི)གྲོགས་པོ། ཞུས་བསྲོལ་(ཞུ་སྲོལ)ཡོད། མཁས་པ་རྣམས་ཀྱི་(ཀྱིས)གསུངས་ཡོད། དེ་ལྟ་བུས་(བུའི)གྲོགས་པོ། འདེའི་(དེའི)ཐོག་ནས། ཕྲུ་གུས་(ཕྲུ་གུའི)མི་ཚེ་དེ་དམངས་བཞིའི་(རྨང་གཞི)ཡིན་པ་རེད། གཏམ་པས་(དཔེ)ཞིག་ཏུ། འདིས་སྦྲེལ་(འདིའི་འགྲེལ)པ་ནི། གསལ་ཞིག་(ཞིང)རྣོ་བར། ལས་འགའ་མང་དྲག་(ལས་ཀ་མང་དྲགས) གཞན་པས་ཀྱི་ལམ་ཅིང་ཡང་ལྷག་མེད།(གཞན་ལམ་གཅིག་ཀྱང་ལྷག་མེད) མིའི་གྲེལ་(གྲལ)དུ་ཚུད། ཤེད་ཚུལ་(བཤད་ཚུལ)ཡོད། ཕྲུ་གུར་(གུ)རྣམས། ལམ་བསྟོན(སྟོན) རྒྱུ་བརྩལ་(སྒྱུ་རྩལ)ཚང་མར་(མའི)ཐོག་ལ། དྲུང་(གྲུང)པོ། སློབ་སྦྱོང་རྒྱུས་རིང་པོ་ཆེད་པ་ཡིན་ན།(སློབ་སྦྱོང་རྒྱུན་རིང་པོ་བྱས་པ་ཡིན་ན) མི་ཚེ་(ཚེའི)ནང༌། རྒྱུན་ཏུ(དུ) ཡིག་རྒྱུག(རྒྱུགས) བརྩེ་བ(བའི)ཐོག བསྙམ་(སྙམ) ཆུང་དུ་(དུས)སློབ། དུས་ཡུན་འཐུང་(ཐུང)

སློབ་ཕྲུག་གི་མི་ཚེ།

བློ་བཟང་སྟོབས་རྒྱལ། (ཚོང་འབྲེལ་སྡེ་ཚན) མ་སུ་རི་བོད་ཁྱིམ། (ཨང་གཉིས་པ)   

གཞོན་ནུའི་ཆ་ལུགས་འཆང་བ་པོ། །    ཤེས་རབ་སྒྲོན་མེས་རབ་ཏུ་བརྒྱན། །
མ་རིག་མུན་པ་སེལ་བྱེད་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

    ཞེས་མཆོད་བརྗོད་སྔོན་དུ་བཏང་ནས་དེ་རིང་གི་བརྗོད་གཞི་སློབ་ཕྲུག་གི་མི་ཚེ་ཞེས་པ་དེའི་ཐོག་བློ་ཆུང་ང་རང་གི་བསམ་ཚུལ་ཙམ་བཞིན་བརྗོད་ན། དེ་ཡང་མི་ཚེ་ལ་རིང་ཐུང་འདྲ་མིན་དང་དེའི་ནང་ནས་སྐྱེ་རྒ་ན་འཆི་ཡི་རྒྱུན་ཆ་ཚང་བ་འཁོར་བ་ཞིག་ལ་སྤྱིར་བཏང་གི་མིའི་ཚེ་ཚད་འཛིན་གྱི་ཡོད། དེ་ཡང་མིའི་མི་ཚེ་ཞིག་གི་ནང་དུས་དབང་གི་རྐྱེན་གྱིས་བརྒྱུད་རིམ་འདྲ་མིན་ཞིག་འགྲིམས་དགོས་ཀྱི་ཡོད། དེ་ནི་ཐོག་མ་སྐྱེས་ནས་སོ་མེད་བྱིས་པའི་ཚུལ། དེ་ནས་རིམ་གྱིས་ཆེ་རུ་ཕྱིན་ནས་ན་གཞོན་དང་དར་མ་སོགས་རིམ་གྱིས་འགྲིམས་དགོས། དེ་ཀུན་གྱི་ནང་ནས་སློབ་ཕྲུག་གི་མི་ཚེ་དེ་ནི་མི་ཚེའི་རིམ་པ་གཞན་དང་མི་འདྲ་བར་ལྷག་པར་རྩ་ཆེན་གྱི་མི་ཚེའམ་དུས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།
    དེ་ཡང་སློབ་ཕྲུག་གི་མི་ཚེ་དེ་ནི་གང་ཟག་ཅིག་གི་ཕུགས་ཀྱི་ལེགས་ཉེས་ཀྱི་ས་བོན་འདེབས་ས། ལེགས་ཉེས་དང་བཟང་ངན་དབྱེ་འབྱེད་མཁན་གྱི་བློ་རྒྱས་ས། མིའི་སྤྱི་ཚོགས་ནས་འཛུགས་སྐྲུན་དང་ཕན་ནུས་སྐྲུན་བྱེད་ཀྱི་རྒྱུ་འམ་ཡོན་ཏན་ལེན་བྱེད་སོགས་ཀྱི་དུས་ཚོད་བཟང་ཤོས་སམ་མཆོག་དེ་ནི་སློབ་ཕྲུག་གི་མི་ཚེ་ཡི་དུས་དེ་དང་སློབ་གྲྭའི་ནང་སློབ་ཕྲུག་གི་རྣམ་པར་གནས་པའི་མི་ཚེ་དེ་ཡིན།
    དེ་ཡང༌། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང༌། །ཤེས་དང་ཚུལ་ཁྲིམས་བྲལ་བར་བཀུར་མ་ལགས། །དེ་ལྟར་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། ཅེས་གསུངས་པ་ལྟར་གང་ཟག་ཅིག་སྤྱི་ཚོགས་གང་འདྲ་ཞིག་གི་ནང་གནས་ཀྱང༌། ཤེས་བྱ་ཡོན་ཏན་དང་ཚུལ་ཁྲིམས། དེ་བཞིན་ཀུན་སྤྱོད་བཟང་པོ་ཞིག་དང་ལྡན་པ་བྱ་རྒྱུ་དེ་ཤིན་ཏུ་ནས་གལ་ཆེན་པོ་ཞིག་ཡིན། དེ་གང་ཟག་དེའི་རྒྱན་ཆ་ལྟར་མངོན་ནས་ཀུན་གྱི་དཀྱིལ་ལ་མཛེས་པར་བྱ་བའི་ཆོས་ཅན་ཞིག་ཏུ་མངོན་པ་དང༌། དེ་འདྲ་བའི་སྐྱེས་བུ་དེ་ནི་སྐྱེ་བོ་ཀུན་གྱིས་གུས་བཀུར་དང་མཆོད་པར་བྱ་བའི་ཡུལ་ཞིག་ཏུ་འགྱུར་ངེས། དེ་འདྲའི་རྩ་ཆེན་གྱི་རྒྱན་ཆ་དེ་ནི་གང་ཟག་དེའི་སློབ་ཕྲུག་གི་མི་ཚེ་སྟེ། སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་གི་རྣམ་པར་དགེ་བའི་བཤེས་གཉེན་དང་རང་ལས་ཆེས་མཐོ་བའི་ཆོས་དགེ་རྣམས་ཀྱི་དྲུང་ནས་ཡོན་ཏན་མ་ལུས་བདུད་བརྩི་ལྟ་བུ། གསེར་སྦྲང་གིས་སྦྲང་རྩི་ལེན་པ་བཞིན་ངལ་བ་ཁྱད་གསོད་ཀྱིས་ལེན་པ་དང༌། ལག་ལེན་དུ་འཛིན་པ་འབའ་ཞིག་ལས་འབྱུང༌།
    སློབ་ཕྲུག་གི་མི་ཚེའི་ནང་གང་ཟག་དེར་འབྲི་ཀློག་ཁོ་ནའི་ཡོན་ཏན་ཙམ་ཞིག་མ་ཡིན་པར་དེ་ལས་ལྷག་པའི་ཕྱིའི་ཤེས་ཡོན་གང་ལྟར་མིའི་འཚར་ལོངས་དང་ཡར་རྒྱས་ལ་དགོས་ངེས་ཀྱི་ཕྱོགས་གང་ཅིའི་ཐད་ལ་སྦྱོང་བརྡར་དང་སློབ་སྦྱོང༌། དེ་བཞིན་ལམ་སྟོན་སོགས་བཟང་པོ་ཞིག་ཐོབ་རྒྱུ་ངེས་མོད། དེ་ནི་དཔེར་ན། རང་ཉིད་ཀྱི་རིག་གཞུང་དང་འབྲེལ་བའི་གླུ་གར་གྱི་སྦྱོང་བརྡར་དང་ཤེས་ཡོན། དེང་དུས་ཀྱི་མེད་དུ་མི་རུང་བའི་འཕྲུལ་འཁོར་གློག་ཀླད་འཕྲུལ་འཁོར་གྱི་ཤེས་ཡོན་དང་སྦྱོང་བརྡར། དེ་བཞིན་རྩེད་མོ་འདྲ་མིན་དང་ལུས་རྩལ་གྱི་སྦྱོང་བརྡར། དེ་བཞིན་ཕྱིའི་ཤེས་ཡོན་ཏེ་སྤྱི་ཚོགས་རིག་གནས་དང༌། ས་ཁམས། དངོས་ཁམས། རྒྱལ་རབས། ནང་ཆོས། རི་མོ་སོགས་དང༌། གཞན་ཡང་གང་ཟག་ཞིག་གི་ཕྱིའི་ཀུན་སྤྱོད་འཁྱེར་སོ། མི་འདྲ་མིན་དང་འབྲེལ་བ་བྱེད་སྟངས། སྐད་ཆ་བཤད་སྟངས་གཞན་ལ་གུས་བཀུར་བྱེད་སྟངས་སོགས། མདོར་ན་སྒོ་གསུམ་གྱི་བྱ་སྤྱོད་ཀུན་ལ་སློབ་སྦྱོང་ལེགས་པོ་ཕྱིན་ཅི་མ་ལོག་པ་ཞིག་སློབ་ཕྲུག་གི་མི་ཚེའི་སྐབས་དང་སློབ་ཕྲུག་གི་མི་ཚེའི་ཉམས་མྱོང་གི་སྒོ་ནས་ཐོབ་རྒྱུ་ནི་སྨྲོས་མི་དགོས་པར་མཁྱེན་གསལ་ལྟར་རེད།
    དེ་འདྲའི་ཕྱོགས་ཚང་མའི་ཤེས་ཡོན་དང་སྦྱོང་བརྡར་སློབ་ཕྲུག་གི་མི་ཚེའི་སྐབས་དེར་ཐོབ་པ་དེས་རང་ཙམ་མ་ཟད། གཞན་དང་ཚེ་འདི་ཙམ་མ་ཟད་ཕྱི་མར་ཡང་ཕན་ནུས་ཤིན་ཏུ་ནས་ཆེན་པོ་ཞིག་ཐོབ་ཀྱི་ཡོད། དཔེར་ན། དེའི་ཆ་ཤས་ཙམ་ཞིག་ཡོན་ཏན་གཞན་ལ་གུས་བཀུར་དང་སྤྱོད་ལམ་བཟང་པོར་ཆ་མཚོན་ན། དེ་ཡང༌། རྟག་ཏུ་ཕ་མ་དང་ནི་དགེ་སློང་དང༌། །དེ་བཞིན་འགྲོ་བ་ཀུན་ལ་གུས་བཀུར་དང༌། །ང་རྒྱལ་དག་གི་དབང་དུ་མ་ཞུགས་ན། །སུམ་ཅུ་རྩ་གསུམ་མཚན་རྣམས་ཐོབ་པར་འགྱུར། །ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བཤེས་སྤྲིངས་ནང་འཁོད་པ་དེས་གུས་བཀུར་དང་ཀུན་སྤྱོད་བཟང་པོའི་ཕན་ནུས་ཤིན་ཏུ་ནས་རླབས་ཆེ་བ་དེ་གསལ་པོར་མངོན། དེ་ལྟར་གྱི་ཕན་ནུས་ཀྱི་རྒྱུ་གཙོ་བོ་སློབ་ཕྲུག་གི་མི་ཚེའི་ནང་ནས་ཡོན་ཏན་ཐོབ་པ་དེས་ཡིན།
    དེ་ན་ལྷོ་འཛམ་བུ་གླིང་འདིའི་ནང་ཆགས་པའི་ཡུལ་གྲུ་ཆེ་ཆུང་ཀུན་གྱི་ནང་ཡོད་པའི་སྐྱེ་འགྲོ་ཚང་མ་སློབ་གྲྭའི་མི་ཚེ་དེ་བརྒྱུད་ནས་མི་ཤེས་ཡོན་དང་ལྡན་པ། ཀུན་ལ་ཕན་མཁན་ཞིག་སྐྲུན་དགོས་སྙམ་ནས་སློབ་གྲྭ་ཆེ་ཆུང་ཤིན་ཏུ་མང་པོ་ཞིག་འཛུགས་སྐྲུན་དང་རྒྱ་བསྐྱེད་གཏོང་བ་སོགས་བྱེད་ཀྱི་ཡོད། དེ་ནི་ཡོན་ཏན་ཀུན་གྱི་གཞི་བརྟེན་ནམ་ཐོག་མའི་རྩ་བའམ་ས་བོན་འདེབས་པ་དེ་སློབ་ཕྲུག་གི་མི་ཚེ་རྩ་ཆེན་དེ་ཡིན་པས་སོ།།
    སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་ཀྱང་བཙན་བྱོལ་དུ་ཕེབས་རྗེས་ཐོག་མ་དེར་སློབ་ཕྲུག་གི་མི་ཚེ་དེ་གང་ཟག་ཅིག་གི་མི་ཚེའི་ཐོག་མའི་བརྒྱུད་རིམ་མེད་དུ་མི་རུང་ཞིག་དང༌། རྩ་ཆེན་པོ། གལ་ཆེན་པོ་ཞིག་ཏུ་མངོན་ནས་ངལ་བ་ཁྱད་གསོད་ཀྱིས་རྒྱ་གར་རྒྱལ་ཁབ་ཀྱི་མི་སྣ་གལ་ཆེན་ནེ་རུ་སོགས་དང་བཀའ་མོལ་གནང་སྟེ། འཛམ་གླིང་གི་སློབ་ཕྲུག་ཀུན་དང་མཐུན་པའི་དེང་དུས་ཀྱི་ཤེས་ཡོན་ལེན་སའི་ལྟེ་གནས་སློབ་གྲྭ་དགོས་འདུག་གསུངས་ཤིང༌། ་ང་ཚོ་བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཆེ་ཆུང་མང་པོ་ཞིག་དམིགས་སུ་བཀར་ནས་ཐོག་མར་མ་སུ་རི་ནས་གཙོས་པའི་སློབ་གྲྭ་མང་པོ་ཞིག་འཛུགས་བསྐྲུན་མཛད་ཡོད། རྒྱལ་ཁབ་ཅིག་ལ་མཚོན་ན་དེའི་ཕུགས་བསམ་དང༌། མ་འོངས་ཀྱི་འཛུགས་སྐྲུན་བྱེད་པ་པོ་ནི་འཚར་ལོངས་བྱེད་བཞིན་པའི་སློབ་ཕྲུག་ན་གཞོན་ཚོ་ཡིན། གལ་སྲིད་ང་ཚོས་རྩ་ཆེ་བའི་སློབ་ཕྲུག་གི་མི་ཚེ་འདི་བེད་སྤྱོད་ལེགས་པར་མི་གཏོང་བར་དུས་ཚོད་སྐྱེལ་སའི་གནས་ལྟ་བུར་བཟུང་ནས་བག་མེད་དང་རྣམ་གཡེང་གི་གནས་ཁོ་ནར་རོལ་ཏེ། དུས་ཚོད་ཆུད་ཟོས་ཁོ་ན་བཏང་ནས་བསྡད་ན། རྒྱལ་ཁབ་ཀྱི་ཕུགས་བསམ་དང་མ་འོངས་ཀྱི་འཛུགས་སྐྲུན་ཐོག་ཕན་ནུས་ཡོང་རྒྱུ་ལྟ་ཅི། རང་ཉིད་ཀྱི་མི་ཚེའི་ལམ་བུའི་སྟེང་མི་ཚོགས་ཀྱི་ནང་མགོ་བོ་མཐོན་པོར་བཏེགས་ནས་བསྐྱལ་ཐུབ་རྒྱུ་དེ་ཕར་བཞག་མི་ཚེ་ཕལ་པ་ཞིག་གི་སྣེ་འདྲེན་རྒྱུ་ཡིན་ངེས། དེ་མིན་རང་ཉིད་ཀྱི་ཕ་མས་དཀའ་ལས་བརྒྱབ་པའི་འགྲོ་སོང་ཆུད་ཟོས་ཀྱིས་རང་ལ་ཡང་སྡིག་པ་ངེས་ཅན་ཞིག་གསོག་རྒྱུ་སྨྲོས་མི་དགོས་པ་ཞིག་རེད། དེས་ཕྱིས་སུ་རང་ཉིད་འགྱོད་པའི་གླིང་དུ་བསྐྱལ་རྒྱུ་དེ་ནི་ངེས་གཏན་རེད།
    སློབ་ཕྲུག་གི་མི་ཚེ་འདི་ང་ཚོ་བོད་ཕྲུག་ཚོར་མཚོན་ན་དེ་བས་ཀྱང་གཞན་ལས་རྩ་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་དགོས། སྤྱིར་སློབ་ཕྲུག་གི་མི་ཚེའི་སྐབས་སློབ་སྦྱོང་བྱེད་སྐབས་དཀའ་ངལ་ཏོག་ཙམ་ཞིག་འཕྲད་ཀྱང༌། གོམས་ན་སླ་བར་མི་འགྱུར་བའི། །དངོས་འདི་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་བཞིན་དེར་ངལ་བས་འབད་པ་བྱས་པ་ཡིན་ན་རིམ་གྱིས་སླ་བར་རྒྱུར་ངེས།
    དེར་བརྟེན་མཐའ་དོན་དེར་ང་ཚོ་བོད་ཕྲུག་ཚོས། མཁས་པ་སློབ་པའི་དུས་ན་སྡུག །བདེ་བར་སྡོད་ལ་མཁས་མི་སྲིད། །བདེ་བ་ཆུང་ལ་ཆགས་པ་དེས། །ཆེན་པོའི་བདེ་བ་ཐོབ་མི་སྲིད། །ཅེས་པའི་ཚིག་བཅད་དེར་ཆ་བཞག་ནས་དུས་ཚོད་རྩ་ཆེན་དེ་ཆུད་ཟོས་སུ་མི་གཏོང་བར་ྋགོང་ས་མཆོག་གིས་དུས་རྟག་ཏུ་གསུངས་པ་ལྟར། མ་འོངས་བོད་ཀྱི་སོན་རྩ་ཞེས་གསུངས་པ་དེ་ངོ་མ་ཡིན་བསམ་ནས་སློབ་ཕྲུག་གི་མི་ཚེ་དེའི་ནང་རང་ཉིད་ཀྱིས་ངལ་བ་ཁྱད་གསོད། དཀའ་ངལ་ལྷུར་ལེན་གྱིས་ཡོན་ཏན་ཏེ་ཕྱོགས་ཐམས་ཅད་ཀྱི་རྩ་བའི་ཤེས་བྱར་སྦྱང་བརྩོན་གྱིས་ཕྱིས་སུ་བོད་པའི་སྤྱི་ཚོགས་ནང་ྋགོང་ས་མཆོག་གི་བཀའ་དགོངས་ལྟར་མི་ཤེས་བྱ་ཡོན་ཏན་དང་ཀུན་སྤྱོད་ལྡན་པ། མ་འོངས་པའི་རང་དབང་རྒྱལ་ཁབ་ནང་འཛུགས་སྐྲུན་བྱེད་པ་པོ་དང༌། རྒྱལ་ཁབ་དེ་འཛིན་སྐྱོང་བྱེད་མཁན་གྱི་གང་ཟག་ཅིག་ཆགས་རྒྱུར་དམིགས་ཏེ་འབད་དགོས་ཅེས་ཞུ་རྒྱུ་ཡིན།
ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང༌། །འཁོར་དང་ལོངས་སྤྱོད་བརྙེད་དང་བཀུར་བསྟི་རྒྱུ། །སྐད་ཅིག་ཙམ་ཡང་ནམ་ཡང་མ་སྨིན་པར། །འགྲོ་ཀུན་ཕན་བདེ་སྤྱོད་པའི་རྒྱུར་འགྱུར་ཤོག ། བོད་རྒྱལ་ལོ།། །།

ཞན་ཆ།
    དབྱེལ་(དབྱེ)འབྱེད། ཡོན་ཏན་སྟེ་(ཏེ)ཕྱོགས་ཐམས་(ཅད)ཀྱི། འཛིན་བསྐྱོང་(སྐྱོང) བཟང་ཤེས(ཤོས) ཐོག་མར་མདེར། འཕྲན་(འཕྲད)ཀྱང༌། སྤྱི(སྤྱིར)སློབ་ཕྲུག འབད་པ་བྱེད་(བྱས)པ། སྲིད་ཞེས(ཅེས) རྒྱུན་(བརྒྱུད)རིམ།  དུས་ཞིག་(ཤིག)

༄༅། །སློབ་ཕྲུག་གི་མི་ཚེ།

བསྟན་འཛིན་ནོར་འཛོམས། སྤོན་ཊ་གཏན་སློབ། (ཨང་གསུམ་པ)

མགོན་མེད་གངས་ཅན་ཞིང་འདིའི་འགྲོ་བ་རྣམས། །ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་བར། །
དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱིས། །སྡེ་བཞིའི་དཔལ་ལ་སྦྱོར་བཞིན་བརྟན་པར་བཞུགས། །

    ཞེས་དེ་རིང་ངའི་འབྲི་རྩོམ་འདིའི་ནང་བརྗོད་གཞི་སློབ་ཕྲུག་གི་མི་ཚེའི་ཐོག་བཤད་ཀྱི་ཡིན།
    སློབ་གྲྭ་ཟེར་བ་ནི་བཟོ་གྲྭ་ལྟ་བུ་ཞིག་ཡིན། གང་ཡིན་ཞེ་ན། བཟོ་གྲྭའི་ནང་ཅ་ལག་ལ་བཟོ་དབྱིབས་འདྲ་མིན་བཟོ་བ་ལྟར་སློབ་གྲྭའི་ནང་དུ་ཡང་དགེ་རྒན་གྱི་སློབ་ཕྲུག་ལ་ཤེས་ཡོན་སྤྲད་ནས་མི་ཡ་རབས་དང་ལྡན་པ་བཟོ་ཡི་ཡོད། སློབ་གྲྭ་ཟེར་བའི་ཚིག་འདི་ནི་ཤེས་ཡོན་སྦྱོང་སའི་ཡུལ་ཞིག་ཡིན། དེའི་ནང་སློབ་ཁྲིད་གནང་མཁན་དགེ་བའི་བཤེས་གཉེན་རྣམས་སློབ་ཚན་འདྲ་མིན་ལ་མཁས་པ། སྤྱི་སེམས་ཆེ་བ། རང་ཉིད་ལས་གཞན་གལ་ཆེ་བའི་བསམ་བློ་རྒྱ་ཆེ་གཏོང་ཐུབ་མཁན་ཚང་མ་ཡོད།
    སྤྱིར་བཏང་བཤད་ན། འཛམ་གླིང་འདིའི་ནང་དུ་གནས་པའི་རྒྱལ་ཁབ་ཚང་མ་ལ་སློབ་གྲྭ་འཛུགས་པའི་དམིགས་ཡུལ་ནི་སོ་སོའི་རྒྱལ་ཁབ་ནང་དུ་ཡོད་པའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་ཙམ་མ་ཟད་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་ཡར་རྒྱས་གཏོང་བའི་ཆེད་དུ་ཡིན། འཛམ་གླིང་སྤྱི་ལ་སློབ་གྲྭ་བཙུགས་པ་ནང་བཞིན་ང་ཚོ་བོད་མི་ཡོངས་ལ་ཡང་དམིགས་སུ་བཀར་ཏེ། ྋགོང་ས་མཆོག་ནས་ཐོག་མར་རྒྱ་གར་དུ་འབྱོར་སྐབས་ཐུགས་འཁུར་ཆེ་བཞེས་ཀྱིས་ ༡༩༦༠ ལོར་ཕྲུ་གུ་ ༥༠ ཙམ་ཡོད་པའི་སློབ་གྲྭ་ཞིག་འཛུགས་དགོས་པའི་རྒྱུ་མཚན་ནི་ཚང་མས་མཁྱེན་གསལ་ལྟར། བོད་འདི་རྒྱ་དམར་པོའོ་འོག་ཏུ་ཤོར་བའི་རྗེས་ང་ཚོའི་བོད་ཀྱི་རིག་གཞུང་དང༌། སྐད་ཡིག་ཉམས་ཆགས་ཕྱིན་ཡོད་པ་མ་ཟད། རྒྱ་དམར་པོའི་གདུག་རྩུབ་འོག་ཏུ་ད་ལྟ་བོད་མི་ཚོས་གདུག་རྩུབ་མྱོང་ཞིང་ཡོད། སློབ་ཕྲུག་རྣམས་ནས་ཀྱང་སློབ་གྲྭ་རུ་ཞུགས་པའི་གནས་སྐབས་སུ། དུས་ཚོད་ཆུད་ཟོས་སུ་མ་བཏང་བར་སློབ་སྦྱོང་ལ་འབད་པ་ཧ་ཅང་བྱེད་དགོས། རང་ཉིད་ཀྱི་དགེ་རྒན་ལ་གུས་ཞབས་དང༌། བརྩི་བཀུར། དེར་མ་ཟད་ངའི་བསམ་བློ་བཤད་ན་ལྷ་ལྟ་བུ་བསམ་དགོས། སྐབས་རེ་དགེ་རྒན་ཁོང་ཁྲོ་སྐྱེས་དུས་ཕྲུ་གུར་རྡུང་རྡེག་བཏང༌། གལ་ཆེ་བ་ཞིག་ལ་སློབ་ཕྲུག་ང་རང་ཚོ་ནས་ཀྱང་དགེ་རྒན་ཀྱི་ཕྱིའི་རྣམ་པར་མི་ལྟ་བར་ནང་སེམས་ཀྱི་ཤེས་ཡོན་ལ་བལྟ་དགོས།
    ང་ཚོའི་སློབ་གྲྭའི་ནང་དགེ་རྒན་ཕལ་ཆེ་བ་བོད་པ་ཡིན། ང་ཚོ་ནང་པ་ཞིག་ཡིན་དུས་རང་ལས་གཞན་གལ་ཆེ་བ་ཡིན་པ་མཁྱེན་གསལ་རེད། སློབ་གྲྭའི་ནང་སློབ་ཕྲུག་འདྲ་མིན་ཡོད། ཉེ་རིང་ལ་མི་བལྟ་བར་དགེ་རྒན་གྱིས་ཕྲུ་གུ་ཚང་མ་ལ་གཅིག་ལྟ་བུ་བལྟ་ཡི་ཡོད། སློབ་གྲྭ་གང་དུ་བལྟས་ཀྱང་དགེ་རྒན་གྱིས་བཀའ་སློབ་གནང་གི་ཡོད་པ་སློབ་ཕྲུག་ཁ་ཤས་ཀྱིས་བཀའ་སློབ་གནང་བ་འདི་སེམས་ལ་བཅངས་ནས་བཞག་གི་ཡོད། ཁ་ཤས་ལ་ག་ཚོད་བཤད་ཀྱང་ཕན་ཐོགས་མེད་པའི་ཚུལ་སྟོན་གྱི་མེད། ཁང་ཚན་གཅིག་ཏུ་བསྡད་པའི་རིང་སོ་སོ་ལས་ཆུང་བའི་སློབ་ཕྲུག་ལ་བྱམས་སྐྱོང་དང་ཆེ་བ་ལ་གུས་ཞབས། རང་རེའི་ཉལ་ཁང་གི་སྒྲིག་འཛུགས་ལེགས་པོ་འཁུར་དགོས་ཀྱི་ཡོད།
    སློབ་གྲྭའི་ནང་ཁ་ཤས་ནང་སྐྱོ་པོ་ནས་ཐོན་པའི་སློབ་ཕྲུག་ཡོད། ཁ་ཤས་ཉིན་ལྟར་དངུལ་འབེལ་འབེལ་ལྷུག་ལྷུག་གཏོར་མཁན་ཀྱང་ཡོད། ང་རང་ནི་ཁྱིམ་ཚང་ཕྱུག་པོ་ནས་མིན། ངའི་སེམས་ལ་སྐབས་རེ་བོད་གཞུང་བཀའ་དྲིན་ཆེ་སྙམ་ནས་དེའི་དྲིན་ལན་འཇལ་ཆེད་དུ་ངས་སློབ་སྦྱོང་ལེགས་པོ་བྱས་ཏེ་ྋགོང་ས་མཆོག་གི་བཀའ་དང་མི་འགལ་བ་ཞིག་བྱེད་དགོས་བསམ་པ་ཡང་བྱུང༌། ཁོང་གི་བཀའ་རྣམས་སེམས་ལ་བཅངས་ནས་ཉིན་ལྟར་སློབ་སྦྱོང་ལ་འབད་བརྩོན་ཡང་བྱེད་ཀྱི་ཡོད། སློབ་གྲྭ་ཚང་མའི་ནང་ཕྲུ་གུའི་ཆེད་དུ་ཨ་མ་ལགས་གཅིག་བཞག་ཡོད། ང་ཚོའི་སློབ་གྲྭའི་ཨ་མ་ལགས་ནི་སྙིང་རྗེ་ཆེ་བ་ཕྲུ་གུ་ལ་བྱམས་སྐྱོང་ཤིན་ཏུ་ཆེན་པོ་ཡོད།
    བཀའ་དྲིན་ཆེ་བའི་དགེ་རྒན་ལ་བརྟེན་ནས་སློབ་སྦྱོང་རྣམས་ཀྱང་ཉིན་རེ་ནས་ཉིན་རེ་བཞིན་ཡར་རྒྱས་ཀྱང་འགྲོ་གི་ཡོད། དགེ་རྒན་ནི་དུས་དང་རྣམ་པ་ཀུན་ཏུ་སློབ་ཕྲུག་དང་མཉམ་གཤིབ་གནང་ནས་སློབ་གཉེར་པའི་མ་རིག་པའི་མུན་པ་གསལ་ནས་དགེ་བའི་མདུན་ཕྱོགས་སུ་འཁྲིད་མཁན་ཉི་མ་དང་ཟླ་བ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
    སྤྱིར་དགེ་རྒན་ཟེར་བ་སློབ་མ་ཚང་མར་ཉེ་རིང་ཆགས་སྡང་མེད་པར་ལམ་སྟཽན་གནང་མཁན་ཞིག་ཡིན་སྙམ་ན་ཡང༌། དགེ་རྒན་སོ་སོའི་སློབ་འཁྲིད་གནང་ཕྱོགས་ཀྱི་ཐད་ནས་མི་འདྲ་སྟེ། ཁྱད་པར་ཆེན་པོ་ཡོད། འོན་ཀྱང་གཞི་རྩ་ྋགོང་ས་མཆོག་གི་དགོངས་གཞི་ལྟར། མ་འོངས་པའི་གཞོན་སྐྱེས་རྣམས་ལ་ལམ་སྟོན་གནང་མཁན་ལྷག་བསམ་ལྡན་པའི་གང་ཟག་ཅིག་ཡིན་སྟབས་སློབ་མའི་སེམས་ནང་གི་དཀའ་ངལ་སེལ་ཐབས་སུ་འབད་བརྩོན་གནང་མཁན་གྱི་གང་ཟག་དཀྱུས་མ་ཞིག་ཡིན་ནའང༌། དེ་དང་འཕྲད་པའི་མོད་ལ་སེམས་ནང་ལ་སྐྱིད་པའི་ཚོར་བ་ཤུགས་ཆེ་ཞིག་ཡོང་གི་ཡོད་པ་ནི་ཆོས་ཉིད་དང་སློབ་གྲྭའི་མི་ཚེ་ལས་སྐྱིད་པ་ཞིག་གཞན་གང་ཡང་ཡོང་བ་མིན། །སློབ་ཕྲུག་ནས་དགེ་རྒན་གྱི་ནང་སེམས་ཀྱི་ཤེས་ཡོན་ཐོབ་པའི་འབད་བརྩོན་བྱེད་ལ་ཁོང་གི་གོ་མིང་དབང་གྲགས་ལ་ལྟ་རྒྱུ་མེད། སློབ་ཕྲུག་གི་མི་ཚེ་ཕྱེད་ཀ་ནི་སློབ་གྲྭའི་ནང་སྐྱེལ་གྱི་ཡོད། སློབ་ཕྲུག་ཁ་ཤས་རིག་པ་གསལ་བ་དང་ཁ་ཤས་མི་གསལ་བ་ལྟ་བུ་ཡོད། དམིགས་སུ་བཀར་ནས་སློབ་གྲྭ་ཚང་མའི་ནང་ཆོས་དགེ་གཅིག་བཞག་པ་དེ་ནི་ཕྲུ་གུ་ཚོས་ཆོས་ཤེས་པའི་ཆེད་དུ་ཡིན།
    རང་ཉིད་ཀྱང་ཆུང་དུས་ནས་སློབ་གྲྭར་ཡོང་བ་ཞིག་ཡིན། ཆུང་དུས་སློབ་མ་ཆེ་བ་ཚོས་ང་ལ་བྱམས་སྐྱོང་དང་ངའི་གྱོན་གོས་རྣམས་སྒམ་ནང་བླུགས་ནས་རང་སྦྱོང་བྱེད་བཅུག་གི་ཡོད། ད་ལྟ་ང་རང་ནས་ཀྱང་སློབ་ཕྲུག་ཐག་རིང་སའི་སློབ་མ་རྣམས་ལ་བྱམས་སྐྱོང་བྱེད་པ་མ་ཟད་རང་སྦྱོང་བྱེད་བཅུག་པ་དེ་ལས་ནི་དགེ་བའི་ལམ་དེ་ཉིན་ལྟར་བསམ་བློ་ལ་བྱུང༌། ཞེས་སློབ་གྲྭའི་ནང་ཡོད་དུས་སློབ་ཕྲུག་ཁ་ཤས་ཁྱིམ་ཉེ་འགྲམ་དུ་ཡོད་པས། ཕ་མ་ཟླ་རེ་ཐུག་འཕྲད་དུ་ཡོང་དུས་སེམས་སྐྱོ་བའི་གནས་ཚུལ་མང་པོ་བྱུང༌། གལ་ཏེ་སློབ་ཕྲུག་ཅིག་ལ་དཀའ་ངལ་འཕྲད་བའི་སྐབས་སློབ་ཕྲུག་གཞན་ཞིག་གིས་ཁོའི་སློབ་ཚན་མ་ཤེས་པ་དེའི་ཐོག་རོགས་པ་བྱས་ན། ་ཁོའི་མི་ཚེ་འདི་གསལ་དུ་འགྲོ་ཡི་རེད། ཤེས་ཡོན་ལྡན་པ་གང་མང་མང་བྱུང་ན་ཡག་པ་ཞིག་རེད་སྙམ་གྱི་འདུག དཔེ་ཞིག་བཞག་ན། ཆུ་བོ་ཐུན་མོང་མཆོད་ཡོན་རེད། །ཉི་ཟླ་ཐུན་མོང་སྒྲོན་མེ་གསལ། །དམ་པ་ཐུན་མོང་གཙུག་རྒྱན་དང༌། །དམ་ཆོས་ཐུན་མོང་བདུད་རྩི་ཡིན། །ལྟ་བུ་ལ་ཆ་བཞག་ན་སྐྱེ་བོ་དམ་པ་གཅིག་གིས་སློབ་ཕྲུག་མང་པོ་ཞིག་གི་མི་ཚེ་གསལ་དུ་གཏོང་གི་རེད་མ་གཏོགས་ཁོས་གནོད་སྐྱེལ་གྱི་མེད། སློབ་གྲྭའི་ནང་སྐབས་རེ་སེམས་སྡུག་པ་དང་སྐབས་རེ་སྐྱིད་པ་ཡང་ཡོང༌། མི་ཚེ་འདི་མི་རྟག་པ་ཞིག་ཡིན་དུས་རང་ཉིད་ནས་ཀྱང་དགོང་མོ་མ་ཉལ་གོང་བསམ་བློ་བཏང་ནས་ཉལ་དགོས་གལ་ཆེ། དཀོན་མཆོག་གསུམ་ལ་ཡིད་ཆེས་བྱེད་དགོས། མདོར་ན་མིའི་མི་ཚེའི་ནང་སློབ་གྲྭར་སྡོད་པའི་རིང་གི་མི་ཚེ་ལས་སྐྱིད་པ་གཞན་སྤྱི་ཚོགས་གང་ཏུ་ཕྱིན་ཀྱང་ཐོབ་རྒྱུ་མེད་པ་ནི་ངེས་པ་ཡིན། སློབ་གྲྭར་སྡོད་པའི་རིང་མཐུན་ལམ་སྒྲིག་འཛུགས་ལ་བརྩི་བཀུར་བྱ་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེར་སྣང་ངོ༌། ང་ཚོ་བཙན་བྱོལ་བ་ཡིན་པ་སེམས་ལ་བཅངས་ནས་སློབ་སྦྱོང་ལ་དོ་སྣང་ཤིན་ཏུ་ལེགས་པོ་གནང་དགོས་གལ་ཆེ། མཐའ་མ་ལ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་བྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་གཅིག །ྋ་གོང་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང་བོད་དུ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བའི་བཀྲ་ཤིས་སྨོན་འདུན་དང་བཅས། བོད་རྒྱལ་ལོ།། །།

ཞན་ཆ།
    སུམ་(གསུམ) མིའི་ཚེ་(མི་ཚེའི) སློབ་གྲ་(གྲྭ) ཤེས་ཡོན་འབྲས་(སྤྲད)  གྲ་(འདྲ)མིན།  སྤྱིར་བཏང་བཤད་ནས་(ན) བཤེས་(ཤེས)ཡོན།  ཐུགས་གུར་(འཁུར) ཚང་མའི་(མས)མཁྱེན་གསལ་ལྟར། རྒྱ་དམར་པོ་(པོའི)འོག སྡུག་བཙུག་(གདུག་རྩུབ) འོག་དུ་(ཏུ) ད་ལྟ་ཀྱང་(ཡང) ཉང་(མྱོང)བཞིན་ཡོད། སློབ་གྲྭ་དུ་(གྲྭར) དུས་ཚོས་(ཚོད) ཆུད་ཟོད་(ཟོས)དུ་(སུ)མི་(མ)གཏང་(བཏང)ནས་(བར་ ) བརྩི་ཀུར་(བཀུར) ཁོང་ཁྲོ་སྐྱལ་(སྐྱེས)དུས། ཕྲུ་གུ་ལ་དུང་(རྡུང)འདེགས་(རྡེག)བཏང༌། གང་དུ་བལྟ(བལྟས)ཀྱང༌། དགེ་རྒན་གྱི་(དགེ་རྒན་གྱིས)བཀའ་སློབ་གནང་གི་ཡོད། སེམས་ལ་བཅང་(བཅངས) ག་ཚོད་ཤེད་(བཤད)ཀྱང༌། ཕན་ཐོག་(ཐོགས) སྒྲིག་རྩུག་(འཛུགས)ལེགས་པོ་འཁེར་(འཁུར)དགོས་ཀྱི་ཡོད། ང་རང་ནི་ཁྱིམ་ཕྱུགས་པོ་ནས་མེད།(ང་རང་ནི་ཁྱིམ་ཕྱུག་པོ་ནས་མིན།) སེམས་ལ་ཅངས་(བཅངས)ནས། མི་འདྲང་(འདྲ)སྟེ་ རེད་མཉམ་(སྙམ)གྱི་འདུག  ཡིད་ཆེ་(ཆེས)བཙན་འཛུལ་(བྱོལ)ཡིན་པ། མཉམ་བཤིགས་(གཤིབ )ཀྱུས་(དཀྱུས)མ།

མདུན་ཤོག