ཤེས་རབ་ལས་བརྩོན་འགྲུས་གལ་ཆེ།(ཨང་དང་པོ།)
འཕྲིན་ལས་བཟང་པོ། སུ་ཇ་བོད་ཁྱིམ།
༄༅།། བསྟན་པའི་མངའ་བདག་དམར་སེར་གོས་བཟང་བཀླུབས་པའི་སྐུ། །འཛིན་མའི་ཁྱོན་ལ་ཆོས་སྒྲའི་དབྱངས་སྙན་སྒྲོགས་པའི་གསུང༌། །
རྒྱ་ཆེར་ལུང་རྟོགས་གཞུང་ཀུན་མཁྱེན་པའི་རབ་ཡངས་ཐུགས། །མཚོ་སྐྱེས་འོད་ཀྱིས་མུན་རྨོངས་འཇོམས་པ་གང་དེར་འདུད། །
ཞེས་ཚིགས་སུ་བཅད་པས་སྣེ་དྲངས་ནས་བསམ་གཞིགས་ཀྱི་ཁ་ལོ་ཤེས་རབ་དང་བརྩོན་འགྲུས་གཉིས་ཀྱི་ཕྱོགས་སུ་བསྒྱུར་བ་ན། ཤེས་རབ་ཞེས་པ་ནི་རིག་པའི་གསལ་ཆ་ཞིག་སྟེ་ཡེ་ཤེས་ཀྱི་དོན་ཡིན་ལ། བརྩོན་འགྲུས་ཞེས་པ་ནི་རྒྱུ་མཚན་རྟོགས་པའི་སྒོ་ནས་བྱ་དངོས་གང་ཞིག་བསྒྲུབ་པའམ་ཤེས་པར་བྱེད་པར་འབད་པ་བྱས་པ་ལ་གོ། རྒྱུ་མཚན་དེ་ལ་བརྟེན་ནས་ངས་ནམ་ཡང་བློ་ཐག་ཆོད་པའི་ངང་ཁུངས་ལུང་དང་བཅས་ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་ཞེས་བརྗོད་བཞིན་ཡོད།
དེའང་ཐོག་མར་ང་ཚོས་འགྲོ་བ་མིའི་རིགས་ཀྱི་འཕེལ་རིམ་ལ་ཕྱི་མིག་ཅིག་བལྟས་པ་ན། ལུས་ལ་ཤིང་ལོ་དང་ཟས་སུ་མ་རྨོས་ལོ་ཏོག་ཟ་བའི་གདོད་མའི་སྤྱི་ཚོགས་ནས་དེང་དུས་ཚན་རྩལ་རིག་གནས་ཀྱིས་ས་རླུང་བར་སྣང་ཐམས་ཅད་ཁོངས་ཏུ་སྡུད་བཞིན་པའི་དུས་རབས་བར་དུ་ཤེས་རབ་ཡོད་པ་གཅིག་མཚུངས་ཡིན། གང་ལགས་ཞེ་ན་ལུས་སུ་ཤིང་ལོ་གྱོན་ཤེས་པ་དང་ཟས་སུ་ལོ་ཏོག་ཟ་ཤེས་པ་དེ་ཤེས་རབ་ཡོད་པའི་རྟགས་མཚན་ཡིན་ལ། ཤེས་རབ་མེད་ན་ཆུ་རྡོ་བཞིན་ཤེས་བྱེད་མེད་པས་སོ།།
དེས་ན་གདོད་མའི་སྤྱི་ཚོགས་ནས་རིམ་བཞིན་འཕེལ་རྒྱས་ཇི་ལྟར་ཕྱིན་ནམ་ཞེ་ན། མིས་རང་ཉིད་འཚོ་སྡོད་དང་ཕྱིའི་ཁོར་ཡུག་གི་གནོད་འཚེ་སྲུང་ཆེད་བརྩོན་པ་ཁུར་དུ་བླངས་ནས་མཁོ་འདོད་ཡོད་ཚད་འཚོལ་སྙེགས་བྱེད་པའི་ལས་སུ་བརྩོན་པས་ན། རིམ་བཞིན་མིའི་ཤེས་རིག་གི་རྒྱ་ཁྱོན་ཆེ་རུ་ཕྱིན་ནས་དངོས་པོ་གསར་གཏོད་དང་སྤྱི་ཚོགས་འཕཻལ་རྒྱས་སུ་བཏང་བར་བལྟས་ན། བརྩོན་འགྲུས་ནི་མིའི་རིགས་འཕེལ་རྒྱས་འགྲོ་བྱེད་ཀྱི་གཞི་རྟེན་ཡིན་པ་ལས་ཤེས་རབ་མིན་ནོ། དེ་བཞིན་དེང་དུས་འཛམ་གླིང་ན་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་རྒྱས་བཞིན་པའི་མཁས་དབང་འདྲ་མིན་ལ་བརྟག་དཔྱད་བྱས་པ་ཡིན་ནའང༌། གནའ་ནས་ད་བར་དུ་སྲོལ་རྒྱུན་གྱི་རྟོགས་བརྗོད་འགའ་ཞིག་ཕུད་པའི་མཁས་པ་སུ་ཞིག་བརྩོན་པ་ཏིལ་འབྲུ་ཙམ་ཡང་མ་བྱས་པར་ཤེས་རབ་ཁོ་ན་ལ་བརྟེན་ནས་མཁས་པའི་གོ་འཕང་ཐོབ་མེད་ལ། དེ་ལས་ལྡོག་ཏེ་མཁས་པའི་གོ་འཕང་ཐོབ་པའི་གང་ཟང་དེ་དག་གིས་གཞན་ལས་ལྷག་པའི་འབད་པ་ཞིག་དང༌། གཞན་ལས་ལྷག་པའི་བརྩོན་པ་ཞིག་གི་མཐུ་སྟོབས་ལ་བསྟེན་ནས་སྙན་པའི་གྲགས་པ་རྒྱས་པ་ཤ་སྟག་ཡིན་པས་རྣམ་དཔྱོད་རྒྱས་པའི་གང་ཟག་སུ་ཞིག་ཡིན་ཀྱང༌། ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་བ་མ་གྲོས་རང་མཐུན་ཡིན་པ་རེད། རང་ཅག་བོད་ཁ་བ་ཅན་གྱི་ཞིང་ཁམས་ལ་མཚོན་ནའང་མིག་མཐོང་ལག་ཟིན་དུ་གནས་པའི་ལོ་རྒྱུས་མཆིས་ཏེ། དཔེར་ན། ལུས་གཅིག་ལ་སངས་རྒྱས་པའི་མི་ལ་རས་པ་ལྟ་བུར་མཚོན་ནའང་ཤེས་རབ་ལ་བརྟེན་ནས་སངས་རྒྱས་པ་ཞིག་མ་ཡིན་པར༌། དེ་ནི་བརྩོན་པ་ཁུར་དུ་བླངས་པའི་འབྲས་བུ་ཞིག་ཡིན་པས་སོ།། མང་ཚོགས་ཀྱི་ཁ་རྒྱུན་ལ། ཤེས་རབ་ཅན་གྱིས་ལག་སྟོང་མཆན་དུ་འཛུགས།། བརྩོན་འགྲུས་ཅན་གྱིས་རི་བོ་རྡུལ་དུ་བརླགས༌།། ཞེས་པ་མ་ཎི་བཞིན་བགྲང་བཞིན་པ་དེ་ཡང་རང་སྣང་གང་དྲན་གྱིས་བརྗོད་པ་ཞིག་མ་ཡིན་པར། དེ་ནི་སྤྱི་ཚོགས་ཀྱི་ཉམས་མྱོང་གཅིག་ཏུ་བསྡུས་ནས་སྡོམ་ཚིག་ཅིག་གཏན་ལ་ཕབ་པ་རེད། བརྩོན་པ་བསྐྱེད་ནས་འབད་ནུས་ན།། སྲིད་ན་དཀའ་བ་གང་ཡང་མེད།། ཞེས་གསུངས་པ་ལས་ཀྱང༌། རང་ཅག་གི་རྒྱུད་ལ་བརྩོན་པ་བྱེད་ཐུབ་པའི་ནུས་པ་ཞིག་ལྡན་ན་འཇིག་རྟེན་སྲིད་པའི་སྟེང་ན་སྒྲུབ་མི་ཐུབ་པ་གཅིག་ཀྱང་མེད་པས་ན། བརྩོན་འགྲུས་ནི་རྨི་ལམ་མངོན་དུ་འགྱུར་བྱེད་དང༌། སྤྱི་ཚོགས་ཡར་རྒྱས་འགྲོ་བྱེད། ཡོད་ཚད་ནས་ཡོད་ཚད་བདེ་བླག་ངང་འགྲུབ་བྱཻད་ཀྱི་གཞི་རྟེན་ཡིན་པས། བརྩོན་འགྲུས་མེད་ན་མིའི་རིགས་ལ་འཕེལ་རྒྱས་ཀྱི་ནུས་ཤུགས་ཡོད་མི་སྲིད་ལ། མྀའི་རིགས་ལ་འཕེལ་རྒྱས་ཀྱི་ནུས་ཤུགས་མེད་ན་ང་ཚོ་ཡང་སེམས་ཅན་གཞན་བཞིན་ནགས་གསེབ་ཏུ་འཁྱར་བཞིན་པ་ཁོ་ན་ཙམ་ཡིན་སྲིད་པས་ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་ཞིང༌། བརྩོན་འགྲུས་ནི་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན་པ་བསྟན་ཡོད།
ལྕགས་མདུང་བརྡར་ནས་ཁབ་ཏུ་བསྒྱུར་བའི་ལོ་རྒྱུས་དང་རི་བོ་བརྐོས་ནས་ཐང་དུ་བསྒྱུར་བའི་གཏམ་རྒྱུད་སོགས་ལས་ཀྱང་ང་ཚོར་བརྩོན་འགྲུས་འདི་གལ་ཆེན་ཞིག་ཡིན་པའི་བསླབ་བྱ་བསྟན་བཞིན་ཡོད་ལ། མ་ཟད་ཤེས་རབ་ཀྱི་རྩལ་དྲུག་རྒྱས་པའི་སྔོན་བྱུང་མཁས་པའི་ཕ་རོལ་དུ་ཕྱིན་པ་གང་གིས་ཀྱང་བསྟུད་མར་ལོ་བཅུ་གཉིས་ལ་བརྩོན་པ་ལྷུར་ལེན་བྱས་པ་ནས་རྗེ་བཙུན་བྱམས་མགོན་གྱི་ཞལ་དངོས་སུ་གཟིགས་ཐུབ་པའི་ལོ་རྒྱུས་འདི་དག་གིས་ཀྱང་ཤེས་རབ་ཁོ་ནས་འདོད་དོན་བསྒྲུབ་མི་ཐུབ་པས་ན་བརྩོན་འགྲུས་ནི་ཆེས་གལ་ཆེ་ཤོས་སུ་གྱུར་བ་བསྟན་ཡོད།
མདོར་ན། རང་ཅག་གངས་ཅན་བོད་ཀྱི་གསར་སྐྱེས་ཚོས་ཀྱང་བརྩོན་འགྲུས་ཀྱི་རྟ་ཕོ་བཞོན་ནས་ཤེས་བྱའི་ཐང་ཆེན་དུ་མུ་མཐུད་བསྐྱོད་ན། ནམ་ཞིག་འབྲས་བཟང་གི་ནོར་བུ་ལག་ཏུ་སོན་སྲིད་ལ། མཐུན་སྒྲིལ་དང་རྡོག་རྩ་གཅིག་སྒྲིལ་སྒོས་མ་ཡུམ་གངས་ལྗོངས་ཀྱི་ལས་དབང་རྒྱ་མིའི་རྨོངས་སྤྱོད་ཀྱི་གདུག་རྩུབ་འོག་ལས་ཐར་བར་བརྩོན་ན། ནམ་ཞིག་རྒྱལ་ཁའི་གླུ་སྒྲ་གངས་ལྗོངས་ཀྱི་མཁའ་དབྱིངས་ན་སྒྲོགས་ངེས་ལ། བདེ་སྐྱིད་ཀྱི་ཞི་བདེའི་ཉི་མ་ཡང་ཤར་སྲིད་པས་བརྩོན་པར་གྱིས་དང་གངས་ཅན་བོད་ཀྱི་གཅེས་པར་འོས་པའི་གསར་སྐྱེས་ཚོ། ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་ཞིང༌། བརྩོན་འགྲུས་ལྡན་ན་སྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མེད་དེ། གོང་བརྗོད་ཀྱི་རྒྱུ་མཚན་དག་དང༌། མིའི་རིགས་ཀྱི་ཉམས་མྱོང༌། འཛམ་གླིང་ཧྲིལ་པོའི་འདས་ཟིན་པའི་ལོ་རྒྱུས་ལ་ཕྱི་མིག་འཕངས་བ་ཙམ་གྱིས་རྟོགས་ངེས་པས། རྒྱལ་ཞེན་གྱི་ལྷག་བསམ་སྙིང་དབུས་སུ་བཅངས་ནས་བདེན་པའི་ཁུངས་ལུང་གིས་རྒྱབ་རྟེན་འོག། བརྩོན་པར་གྱིས་དང༌། མ་འོངས་བོད་ཀྱི་སོན་རྩ་ཚོ། ང་ཚོས་ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་བའི་རྒྱུ་མཚན་འོག་ནམ་ཡང་རང་དང་རང་མི་རིགས་ཀྱི་བདེ་སྡུག་སླད་བརྩོན་པ་མཉམ་དུ་བསྐྱེད་ཨང༌།
མཐའ་དོན
བཀའ་བསྟན་འབུམ་སྡེའི་གཞུང་མང་རྟོགས་པ་ཡིས། །གདུལ་བྱའི་ཚོགས་ལ་བརྩོན་པས་རབ་སྐྱོངས་བ། །
བྱམས་དང་སྙིང་རྗེའི་བདག་ཉིད་གངས་ཅན་མགོན། །བཞེད་དོན་མྱུར་འགྲུབ་བསྐལ་བརྒྱར་བརྟན་པར་ཤོག །
བོད་རྒྱལ་ལོ།
ཞན་ཆ། སྒྲོགས་པའི་གསུངས། སྒྲོགས་པའི་གསུང༌། ཚིགས་སུ་བཅད་པའི་སྣེ་དྲངས། ཚིགས་སུ་བཅད་པས་སྣེ་དྲངས།ཞིག་ཏེ། ཞིག་སྟེ། ཁོངས་སུ་བསྡུ་བཞིན་པའི། ཁོངས་སུ་སྡུད་བཞིན་པའི། འཁོར་ཡུག ཁོར་ཡུག། རྟག་དཔྱད། བརྟག་དཔྱད། མ་ཎི་བཞིན་བགྲངས། མ་ཎི་བཞིན་བགྲང༌། ལྕགས་མདུང་བདར་ནས། ལྕགས་མདུང་བརྡར་ནས། ཕྱི་མིག་ཞིག། ཕྱི་མིག་ཅིག། དམངས་ཚོགས།མང་ཚོགས། སྡོམ་ཚིག་ཞིག། སྡོམ་ཚིག་ཅིག། བདེ་ལེགས་ངང་འགྲུབ་བྱེད། བདེ་བླག་ངང་འགྲུབ་བྱེད།
ཤེས་རབ་ལས་བརྩོན་འགྲུས་གལ་ཆེ།(ཨང་གཉིས་པ།)
ཉི་མ་འབྲུག་གྲགས། བོན་གཞིས་ཉིན་སློབ། རྡོ་ལན་ཇི།
༄༅།། ཤེས་རབ་ལྡན་པའི་མི་དང༌།། བརྩོན་འགྲུས་ཆེ་བའི་མི་གཉིས།། མཁས་པའི་གོ་འཕང་འཐོབ་པར།། བརྩོན་འགྲུས་ཅན་དེ་མྱུར་རོ།། ཇི་སྐད་དུ་བརྩོན་འགྲུས་མེད་ན་ཤེས་རབ་སྤང་ལ་མེ་ཤོར་བ་འདྲ་དང༌། སྙིང་ལ་རུས་པ་ཡོད་ན་རྡོ་ལ་ཨི་ཁུང་འབིགས་ཐུབ། ཅེས་ཡོངས་གྲགས་སུ་གྲགས་པའི་གཏམ་དཔེ་འདིར་གཙོ་བོ་བརྗོད་པར་བྱ་བའི་ཡུལ་ནི། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་པའི་གང་ཟག་གི་ཤེས་པའི་རིགས་སུ་གཏོགས་པའི་གཙོ་བོ་ཡུལ་ངེས་ལྔ་ཡི་ནང་གསེས་ཀྱི་གཉིས་པ་ཤེས་རབ་དང་སེམས་བྱུང་དུ་གྱུར་བའི་བརྩོན་འགྲུས་གཉིས་ཡིན། ཐོག་མར་ཤེས་རབ་ཟེར་བ་ནི་རང་ཡུལ་ཤེས་པར་བྱེད་པའི་རིག་པ་མགྱོགས་ཤོས་སམ་རིག་པ་གསལ་པོ། དོན་གང་ཡིན་པ་མ་ནོར་བར་རྟོགས་པ་བྱེད་པའི་གསལ་ཞིང་རིག་པ་ཞིག་རང་རེའི་མཁས་མང་རྒྱ་མཚོས་བཞེད་དགོངས་གཅིག་མཐུན་ཡིན། ཡང་ཡོངས་གྲགས་སུ་ཤེས་རབ་ནི་རིག་པ་སྤྱང་པོ་དང་གྲུང་པོ་ལ་ངོས་འཛིན་ཞུ་ཡི་ཡོད། དཔེར་ན། མི་འདི་དང་འདི་ལ་ཤེས་རབ་བཟང་པོ་ཡོད་རེད། མི་དེ་ལ་སྤྱང་གྲུང་འཛོམས་པོ་ཡོད་རེད་དཱ༑ ཞེས་བརྗོད་པ་ཡང་དོན་དུ་ཤེས་རབ་ནི་རིག་པ་སྤྱང་པོར་འཇོག་པའོ།།
གཉིས་པ་བརྩོན་འགྲུས་ནི་ཡོངས་གྲགས་སུ་བློ་སེམས་གཅིག་ཏུ་བསྒྲིམ་ཏེ༑ རང་གི་ལྟ་བ་དང་བསྒྲུབ་བྱ་དང་ལས་དོན་སོགས་ལ་ལེ་ལོ་མ་ཡིན་པར་ དགའ་ཞེན་ཐོག་འབད་པ་དང་བརྩོན་པ་སོགས་ཅི་རིགས་ལ་དཀའ་བ་དང་དུ་བླང་སྟེ་རིག་པ་སྒྲིམ་པའི་བློའི་བྱེད་ལས་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད། གོང་གསལ་སོ་སོའི་སྒྲ་དོན་གཏན་ལ་ཕབ་པ་གཞི་བཟུང་ཐོག་དེ་རིང་སྐབས་བབ་ཀྱི་བརྗོད་གཞི་ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་ཞེས་པར་སྤྱིར་ཁོ་བོ་བློ་སྟོབས་ཆུང་བས་གང་བསམ་ཡི་གེའི་རིས་སུ་འབྲི་བར་དཀའ་བས་གལ་ཆེ་མིན་སྐོར་ཚད་ལྡན་འབྲི་མ་ཐུབ་པ་མཁྱེན་རྒྱ་ཆེ་བའི་གོང་མ་རྣམས་དང་རང་གི་མཆེད་གྲོགས་གོང་མ་རྣམས་ཀྱི་དྲུང་དུ་བཟོད་གསོལ་ཡོད།
མི་སུ་ཡིན་རུང་མི་ལུས་རིན་པོ་ཆེ་ཐོབ་པ་དང༌། རང་དང་ལྷན་སྐྱེས་ཀྱི་ཤེས་རབ་ཞིག་མཉམ་དུ་འབྱུང་གི་ཡོད། འོན་ཀྱང་མི་ཚང་མ་མཛུབ་མོ་ལྔ་བཞིན་རིང་ཐུང་དང་མདོར་ན་རིག་པ་ཡང་འདྲ་མིན་ཡོད། དཔེར་ན། མི་བརྒྱར་སེམས་བརྒྱ། ཞེས་པ་དང་གཅིག་མཚུངས་རེད། དེས་ན་ཤེས་རབ་བཟང་བའི་མི་ཕལ་མོ་ཆེ་སློབ་སྦྱོང་དང་ལས་དོན་གང་རིགས་ལ་མྱུར་དུ་སྦྱངས་པ་ཐོབ་པ་དང༌། མཉམ་དུ་བརྩོན་འགྲུས་ཀྱི་རྟ་གྲུ་ལ་མ་བཞོན་ན་མཐར་ཐུག་གི་བསྒྲུབ་བྱ་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་དཀའ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་རེད། དྲང་པོ་བཤད་ན་ཤེས་རབ་ཅན་གྱི་མི་དང་སློབ་ཕྲུག་ཕལ་མོ་ཆེ་ལེ་ལོ་ཡོད། རྒྱུ་མཚན་གང་ཡིན་བྱས་ན། ཁོང་ཚོའི་བསམ་པར་ངས་ཕྱིས་སུ་སྦྱངས་ཆོག། ང་ནི་རིག་པ་ཡག་པོ་ཡོད། དེ་ཚེ་ལམ་སེང་སྐར་མ་ཁ་ཤས་ནང་ཤེས་ཀྱི་རེད་ཅེས་ཁེངས་པ་དང་ང་རྒྱལ་གྱིས་བརྩོན་འགྲུས་ཀྱི་ལམ་ལ་འགྲོ་ཡི་མེད། དེ་བས་ཤེས་རབ་ཆུང་བའི་མི་དེ་རང་གི་སྔོན་བསགས་ཉེར་ལེན་གྱིས་ད་ཡོད་ཤེས་རབ་འདི་ལ་མྱུར་དུ་སྤྱང་པོ་དང་གསལ་པོ་བཟོ་ཡ་ནི་ཐུབ་ཁག་པོ་ཞེ་དྲག་ཡིན། ཡིན་ནའང་སེམས་ཤུགས་ཆག་ནས་བསྡད་པ་ཡིན་ན་འབྲས་བུ་གང་ཡང་སྨིན་རྒྱུ་མེད་ཚེ། རང་ཉིད་ཀྱི་རྒྱུད་ལ་ས་བོན་ཚུལ་དུ་ཡོད་པའི་བརྩོན་འགྲུས་ཀྱི་ཆ་དེ་བེད་སྤྱད་གང་ཐུབ་ཐུབ་བྱས་པ་ཡིན་ན་ཤེས་རབ་ཅན་ལས་ཤེས་རབ་ཆུང་བའི་མི་དེ་མཁས་པར་འགྱུར་གྱི་རེད། དཔེར་ན། སློབ་དེབ་ཁག་ནང་སྒྲུང་དང་ལེགས་བཤད་སོགས་སུ་གསལ་བའི་སློབ་ཕྲུག་བྷར་ཧ་ར་ཇ། ཆཎཔྱརྟཎཔྱཎད ཁོང་དབང་པོ་རྟུལ་པོ་ཡིན་པ་སོང་ཙང་ཉིན་ཞིག་ལམ་ལ་འགྲོ་དུས་ཐག་པ་ཕྲ་མོ་ཞིག་རྡོའི་སྟེང་དྲུད་དྲུད་ནས་རྡོ་ལ་རི་མོ་བཀོད་པ་མཐོང་དུས་ཁོང་གི་རྒྱུད་ལ་བརྩོན་འགྲུས་ཀྱི་མྱུ་གུ་སྨིན་ཏེ། མཐའ་མར་ཀུན་གྱི་ནང་ནས་འབུར་དུ་ཐོན་ཏེ་ཀུན་གྱི་བསྟོད་བསྔགས་ཕུལ་བ་སོགས་བྱུང་ཡོད། དེ་བཞིན་དུ་སུ་ཡིན་རུང་གང་བྱ་བར་བྱ་བའི་ལས་ལ་ཤེས་རབ་ཆེ་ཆུང་ལ་མ་ལྟོས་པར་བརྩོན་འགྲུས་གནང་བ་ཡིན་ན་མི་ཤེས་པ་དང་མི་ཐུབ་པ་གང་ཡང་མེད་དེ། སྟོན་པའི་ངག་ནས་སྦྱངས་པའི་སྟོབས་ལས་ཤེས་བྱའི་དཀྱིལ་འཁོར་གསལ་ཞེས་གསུངས་པའི་ཕྱིར། དེས་ན་བརྩོན་འགྲུས་ནི་ཤེས་རབ་ལས་གལ་ཆེ་བའི་རྒྱུ་མཚན་གཙོ་བོ་དེ་ལྟར་དུ་འཇོག་དགོས།
སྤྱིར་ཤེས་རབ་གཅིག་པུའི་ཐོག་ནས་སློབ་སྦྱོང་བྱེད་པ་ཡིན་ན། མགྱོགས་པོ་ཤེས་པ་དང་བརྗེད་སླ་བོ་ཡིན། དེས་ན་ཤེས་རབ་དང་བརྩོན་འགྲུས་ཟུང་འབྲེལ་ཐོག་སྦྱང་བྱའི་གནས་ལ་འབད་པ་ཡིན་ན་མཐར་མི་བརྗེད་པའི་གཟུངས་ཐོབ་པར་འགྱུར་བ་ནི། ལུང་དུ་མ་ལས་གསལ་ལོ། ཁྱད་པར་དུ་ང་ཚོ་རྩམ་ཟན་པ་ཡིན་དུས། སྔོན་བསགས་ལས་དབང་གི་རྒྱུའི་ནུས་པ་ནར་ཐོན་པ་ལས་བྱུང་བའི་འབྲས་བུ་རིག་པ་གསལ་པོ་དང་སྤྱང་གྲུང་འཛོམས་པོ་ཤ་སྟག་ཡིན་པ་ནི་ངས་བཤད་མི་དགོས། འོན་ཀྱང་བརྩོན་འགྲུས་གནང་མཁན་གྱི་སྐྱེ་བུ་ཉུང་དུ་སྣང༌། ཆེ་ས་ཐེག་ཆེན་གྱི་ལམ་ནས་བཤད་ན། སེམས་ཅན་ཐམས་ཅད་སངས་རྒྱས་ལམ་ལ་འདྲེན་དགོས་པ་དང་སེམས་ཅན་ཚང་མ་བདེ་སྐྱིད་དང་ལྡན་པ་ཞིག་ཡོང་བར་དགེ་བའི་ལས་ལ་བརྩོན་འགྲུས་འབད་མེད་གནང་དགོས་པ་ནི་ལུང་དུ་མ་ལས་གསལ་ལོ། མདོར་ན་བརྩོན་འགྲུས་མེད་ན་ཤེས་རབ་རོ་དང་འདྲ། དེས་ན་ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་བར་མཐོང་ངོ། མཐའ་དོན་བོད་མི་ཡོངས་ཀྱི་ལྷ་སྐལ་གང་ལ་ཕོག་པའི་ྋགོང་ས་སྐུ་འཕྲེང་བཅུ་བཞི་པ་ྋསྐྱབས་མགོན་རྒྱལ་བའི་དབང་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བའི་སྨོན་འདུན་དང༌། རྩམ་ཟན་ཁ་བ་རི་བའི་དགཽས་པ་ཉག་གཅིག་སྟེ་བོད་ཀྱི་བདེན་མཐའ་མྱུར་དུ་འཐོབ་པའི་ཤིས་སྨོན་གྱི་མཚམས་སྦྱར་ཏེ་འཇུག་བསྡུས་པའོ།། བོད་རྒྱལ་ལོ། སརྦ་མངྒཾ། བཀྲ་ཤིས་བདེ་ལེགས།
ཞན་ཆ། ངོས་འཛིན་བཞུ་ཡི་ཡོད། ངོས་འཛིན་ཞུ་ཡི་ཡོད། དང་དུ་སླང་དང་དུ་བླངས། གཏན་ལ་ཕབས། གཏན་ཕབ། བེད་སྤྱོད་གང་ཐུབ་བྱེད་པ་ཡིན་ན། བེད་སྤྱོད་གང་ཐུབ་ཐུབ་བྱས་པ་ཡིན། ཐ་མར་ཀུན་གྱི་ནང་ནས། མཐའ་མར་ཀུན་གྱི་ནང༌། ཤེས་རབ་གཅིག་པུས་ཐོག་ནས། ཤེས་རབ་གཅིག་པུའི་ཐོག་ནས། སྐབས་བབས། སྐབས་བབ། མཛུམ་མོ་ལྔ།མཛུབ་མོ་ལྔ། བརྩོན་འགྲུས་ཀྱི་སྨྱུ་གུ། བརྩོན་འགྲུས་ཀྱི་མྱུ་གུ། བསྟོད་སྔགས། བསྟོད་བསྔགས། ལྷ་བསྐལ་གངས་ལ་ཕོགས་པའི། ལྷ་སྐལ་གང་ལ་ཕོག་པའི། གཤིས་སྨོན། ཤིས་སྨོན།
ཤེས་རབ་ལས་བརྩོན་འགྲུས་གལ་ཆེ།(ཨང་གསུམ་པ།)
ལྷུན་གྲུབ་རྡོ་རྗེ། སེར་བྱེས་འབྲིང་རིམ་སློབ་གྲྭ།
༄༅།། ཤེས་རབ་ལས་བརྩོན་འགྲུས་གལ་ཆེ་ཞེས་པའི་ཚིག་འདི་ཁོ་བོས་ཉིན་ལྟར་དྲན་འཛིན་མེ་ལོང་གི་དཀྱིལ་དུ་འདོད་ཚུལ་དང་མཚུངས། ཤེས་རབ་ཅེས་པ་འདི་སྐྱེ་བོ་སུ་ཞིག་ཡིན་རུང་ཐོག་མར་རང་ཉིད་སྐྱེད་མའི་མངལ་ནས་ནོར་འཛིན་གྱི་སྟེང་དུ་གྲུབ་པ་ནས་བཟུང་རང་རྒྱུད་དུ་ལྡན་པའི་གཟུགས་དང་ དབྱིབས་གང་ཡང་མེད་པའི་རིན་ཐང་ལྡན་པའི་ཡོ་བྱད་རྩ་ཆེན་ཞིག་རེད། ཤེས་རབ་ཅེས་བརྗོད་པ་ཙམ་གྱི་སྐྱེ་བོ་ཀུན་ལ་ཆ་མཉམ་ལྡན་པའི་ངེས་པ་མེད། དེ་འདྲ་ཡིན་དུས་སྐྱེ་བོ་ཀུན་གྱི་རྒྱུད་ལ་ཤེས་རབ་ཁྱབ་ཆེ་ཆུང་སྣ་ཚོགས་ཡོད།
བརྩོན་འགྲུས་ཞེས་པ་འདི་ནི་ཐོག་མར་གང་ཟག་རང་ཉིད་གྲུབ་པ་དང་སེམས་རྒྱུད་དུ་རང་བཞིན་གྱི་ལྡན་པ་ཤིན་ཏུ་དབེན། འདི་ནི་སྐྱེ་བོ་རང་ཉིད་ཀྱི་རྣམ་དཔྱོད་དོན་དུ་བཀོལ་ནས་བཟོ་བཅོས་ལེགས་པོ་བྱས་པར་བརྟེན་ནས་བྱུང་བ་ཡིན། མི་ཤེས་རབ་དང་རིག་རྩལ་གྱི་གནས་ཚད་ཅི་ཙམ་མཐོན་པོ་ཡོད་ཀྱང༌། རང་གི་སེམས་པས་མནོ་བསམ་ལེགས་པོ་ཞིག་བཏང་ནས་བརྩོན་འགྲུས་ཞེས་པ་འདི་ཤེས་རབ་དང་ལྷན་དུ་དོན་ཐོག་ཏུ་མ་བཀོལ་ན། ལས་སམ་བྱ་བ་གང་འདྲ་ཞིག་སྒྲུབ་འདོད་ཀྱང༌། རང་གི་དགོངས་བཞེད་དང་མཚུངས་པའི་འབྲས་བུ་སྟོན་མི་ཐུབ། དེ་བཞིན་དུ། ད་ཆ་ཁོ་བོའི་སློབ་གྲྭའི་ནང་གི་ཉམས་མྱོང་ཐོག་ཅུང་ཙམ་ཞུས་ན། དཔེར་ན་སློབ་ཕྲུག་ཉི་མ་ཤེས་རབ་དང་རིག་རྩལ་གྱི་གནས་ཚང་ཅི་ཙམ་ཡོད་ཅེས་བརྗོད་ཀྱང༌། ཉི་མ་རང་ཉིད་ལ་བརྩོན་འགྲུས་མེད་ན། མཐར་ཁོའི་ཤེས་བྱའི་མཁའ་དབྱིངས་ཀྱི་གནས་ཚད། སློབ་མ་གཞན། ཤེས་རབ་དང་རིག་རྩལ་ཉི་མ་ལས་ཞན་པའམ་སྐྱོ་བ་དག་ལས་ཞན་པ་ཡོང་ངེས་རེད། ཡོངས་གྲགས་ལ། རུལ་སྦལ་དང་རི་བོང་ཞིག་རྒྱུགས་རྩལ་འགྲན་བསྡུར་སྐབས། རུས་སྦལ་དེ་བརྩོན་འགྲུས་དང་སྙིང་རུས་ལྡན་པས། མཐར་རྒྱུགས་རྩལ་གྱི་རྒྱལ་ཁ་རུས་སྦལ་དེར་ཐོབ་ཚུལ་ཡོད། ཡང་གཞན་ཞིག་ནས་ཞུས་ན། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་འཇུག་པ་ལས། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འབྲངས་ཤིང༌།། ཞེས་གསུངས་སོ། ཚིགས་བཅད་ཅིག་པོ་འདི་ཡིས། ཡོན་ཏན་དང་ཤེས་བྱ་གཅིག་ཀྱང་མ་ལུས་པ་མཐའ་འཁྱོལ་པ་ཞིག་རྟོགས་པར་བརྩོན་འགྲུས་ཞེས་པ་འདི་གལ་འགངས་ཆེན་པོ་ཡིན་པ་གསུངས་པ་ཡིན། གལ་སྲིད་ང་ཚོས་ཤེས་རབ་དང་བརྩོན་འགྲུས་གཉིས་གཞི་འདྲེན་བྱེད་དང་ལག་པ་གཉིས་ལ་སྦྱར་ནས་བཤད་ན། ཤེས་རབ་ནི་ལག་པ་ལྟ་བུ་ཡིན། དེ་བཞིན་དུ། བརྩོན་འགྲུས་ནི་མིག་དབང་ལྟ་བུ་ཡིན། མི་བྱེ་བྲག་པ་ཤེས་བྱའི་མཁའ་དབྱིངས་ཀུན་ལ་རྨོངས་པའི་སློབ་མ་ཕྲན་ཡིན་ཡང༌། མིག་དབང་ནི་ལག་པ་ལས་གལ་འགངས་དང་རིན་ཐང་ཆེ་བ་བརྩི་ཡི་རེད། ང་ཚོའི་མིག་དབང་འཕྲོག་བརླག་ཏུ་སོང་ན་རྙེད་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ་ཀྱང༌། འཚོ་བ་ནི་མུན་པའི་སྨག་རུམ་གྱིས་བཏུམས་པའི་ས་ཁུལ་ཞིག་ཏུ་ཚུད་པ་དང་གཅིག་མཚུངས་ངང་རང་ཉིད་ཅི་འདོད་ཀྱང་བྱེད་པའི་ནུས་པ་མེད་སྟབས། རེ་བ་དེ་རྣམས་སྟོང་བསམ་གྱི་མནོ་བསམ་ཞིག་ཏུ་འགྱུར་རྒྱུ་མ་གཏོགས་གཞན་ཅི་བྱ་གཏོལ་བྲལ། དེ་བཞིན་དུ༌། དཔེར་ན། སློབ་མ་བཀྲ་ཤིས་ལ་ཆ་བཞག་ན་གལ་སྲིད། བཀྲ་ཤིས་ཤེས་ཡོན་ཅན་ཞིག་ཆགས་འདོད་ན། ཁོ་ལ་སྔོན་འགྲོའི་ཆ་རྐྱེན་ནམ་མཐུན་རྐྱེན་ཤེས་རབ་དང་བརྩོན་འགྲུས་གཉིས་དགོས་ཤིང༌། བརྩོན་འགྲུས་ནི་ཤེས་རབ་ལས་ལྷག་པ་མེད་དུ་མི་རུང་བ་ཞིག་ཡིན།
ངེད་ཅག་བྱེ་བྲག་སྐྱེ་བོ་རྣམས་པ་ལ། །ཐོག་མར་རང་བཞིན་ཤེས་རབ་ལྡན་ན་ཡང༌། །
ཅི་འདོད་བྱ་བའི་འབྲས་བུ་སྒྲུབ་པ་ལ། །བརྩོན་འགྲུས་མེད་ན་ནམ་མཁའི་མེ་ཏོག་བཞིན། །
མདོར་ན། ཤེས་རབ་དང་བརྩོན་འགྲུས་གཉིས་གལ་ཆེ་ཚུལ་ཅི་འདྲ་ཞིག་སྒྲུབ་ཀྱང་ཤེས་རབ་ནི་གལ་ཆུང་བ་དང་བརྩོན་འགྲུས་ནི་དེ་ལས་གལ་འགངས་ཆེ་བར་ཤིན་ཏུ་འདོད།
འདི་དག་ནི་གུས་པས་ཅི་ནུས་ཤིག་བྲིས་ཁུལ་ཡིན།
ཞན་ཆ། ཡངས་གྲགས་ལ། ཡོངས་གྲགས་ལ། གཞན་ཞིག་ནས་ཞུ་ན༑ གཞན་ཞིག་ནས་ཞུས་ན། རིགས་རྩལ་གྱི་གནས་ཚད་ཇི་ཙམ། རིག་རྩལ་གྱི་གནས་ཚད་ཅི་ཙམ། ནོར་བསམ་ལེགས་པོ་བཏང༌། མནོ་བསམ་ལེགས་པོ་བཏང༌། ཚིག་བཅད་གཅིག་པོ་འདི་ཡིས། ཚིགས་བཅད་གཅིག་པོ་འདི་ཡིས།
མདུན་ཤོག