ཟླ་རེའི་གསར་འགྱུར།

བུ་གླེན་པས་མནའ་མ་སློང་བ།

གནའ་སྔ་མོར་རྒན་མོ་ཞིག་ལ་བུ་གླེན་པ་ཞིག་ཡོད།  བུ་གླེན་པ་ནར་སོན་པ་དང་ཁྱིམ་ཚང་གི་ཕྱུག་པ་ཞིག་གི་བུ་མོ་མནའ་མར་བསླངས་ཀྱང་། ཁོ་ཚང་མེད་པོ་ཡིན་པ་དང་བུའི་གླེན་རྟགས་ཡུལ་མི་རྣམས་ལ་གྲགས་ཆེ་བས།  བུ་མོ་དེ་མ་འཐད་པར་ཕྱུག་པོ་གཞན་ཞིག་ཚང་ལ་མནའ་མར་སོང་། ཕྱུག་པོ་ཚང་གིས་སྟོན་མོ་གྲ་སྒྲིག་བྱེད་བཞིན་ཡོད་པ་བུ་གླེན་པས་ཐོས་རྗེས་རང་གི་ཨ་མར་“ང་ལ་སྣམ་བུ་འདོམ་ལྔ་བྱིན་དང་སྐད་ཆ་སློབ་ཏུ་འགྲོ་རྒྱུ་ཡིན” སྣམ་བུ་འདོམ་ལྔ་ཁྱེར་ནས་སོང་སྟེ་མི་མང་པོ་ཚོགས་པའི་སྔོན་ནས་བླ་མ་ཞིག་ཕེབས་པར་འཕྲད།  སྐབས་དེར་མི་མང་པོ་ཡར་མ་ལངས་པས།  ཞབས་ཕྱི་བ་ཞིག་མི་མང་པོའི་མདུན་ལ་བྱོན་ནས། “གླེན་པ་རྣམས།  ཡར་ལ་ལོངས་ཤིག” ཅེས་བཀའ་བཀྱོན་མཛད་པ་བུ་གླེན་པས་ཐོས།  དེར་སྣམ་བུ་འདོམ་གང་བྱིན་ནས་སྐད་ཆ་དེ་ལ་ལ་སྩོལ་ཞེས་ཞུས་སོ། །  དེ་ནས་ཡང་སོང་སོང་བས་བྱིས་པ་སྐོར་ཞིག་གིས་བྱིའུ་ཚང་སློག་བཞིན་ད་སྔོན་ཅག་ཅག་ཅག་བྱས་ཀྱང་ད་ལྟ་གྲགས་རྒྱུ་མེད་པར་སོང་ཞེས་པ་ཐོས་ནས་སྣམ་བུ་འདོན་གང་ཡང་དེ་ཚོར་བྱིན་ནས་སྐད་ཆ་དེ་བསླབས དེ་ནས་ཡང་ཆུ་ཁ་ཞིག་ལ་ཐོན་དུས་རྒན་པོ་ཞིག་ཟམ་པའི་ཐོག་ཏུ་འགྲོ་བཞིན་ཟམ་ཞིག་གི་སྟེང་ནས་མི་ཞིག་འགྲོ་ཁ་དཀའ་མོ་རེད་ཅེས་པ་ཐོས།  ཡང་སྣམ་བུ་འདོམ་གང་དེར་བྱིན་ནས་སྐད་ཆ་དེ་བསླབས དེ་ནས་ཡང་མུ་མཐུད་དུ་སོང་སོང་བས།  སྡེ་བ་ཞིག་གི་ནང་དུ་སྡེ་དཔོན་གྱིས་ནངས་ཁ་ཡ་མོན་དུས་ཐོག་ཡིན་ཞེས་བརྡ་གཏོང་བ་ཐོས་ནས།  ཡང་སྣམ་བུ་འདོམ་གང་བྱིན་ནས་སྐད་ཆ་དེ་བསླབས།  དེ་ནས་ཡང་སྔར་བཞིན་མདུན་དུ་སོང་སོང་བས་རྔོན་པ་འགའ་ནགས་ནས་ལག་སྟོང་ངང་ཕྱིར་ལོག་ལོང་བཞིན།  རང་ལ་བསྡད་ན་རང་ང་ལོག་ཀ་ཞེས་ལབ་ཐོས་པ་དང་ཡང་སྣམ་བུ་འདོམ་གང་བྱིན་ནས་སྐད་ཆ་དེ་བསླབས།  སྐད་ཆའི་ཚིག་ལྔ་བོ་ལ་སྣམ་བུ་འདོམ་ལྔ་བྱིན་ནས་བསླབས་རྗེས།  བུ་གླེན་པ་རང་ཡུལ་དུ་ལོག་ནས།  རང་གི་ཨ་མར” ད་ང་བུད་མེད་ཅིག་གི་སྟོན་ཐོག་ལ་འགྲོ་རྒྱུ་ཡིན’ ཟེར་ནས་སོང་།  ཁྱིམ་ཚང་དེའི་སྒོ་ཁར་ཐོན་པ་དང་མི་གཞན་ཚང་མས་ཁོ་ལ་མཐོང་ཆུང་གིས་ཡར་མ་ལངས།  ཁོས་དེ་མཐོང་ནས” གླེན་པ་རྣམས།  ཡར་ལོངས་ཤིག’ ཅེས་པས།  མི་ཐམས་ཅད་རང་དགར་ཡར་ལངས།  དེ་ནས་ཁོ་ཁང་བའི་མང་ལ་སོང་ནས་ད་སྔོན་ཅག་ཅག་ཅག་ལ་ཅག་ཅག་ཅག་བྱས་ཀྱང་ད་ཁ་གྲགས་རྒྱུ་མེད་པར་སོང་ཞེས་པས་མི་རྣམས་ཡ་མཚར། དེ་ནས་ཁོས་ཟ་མ་ཟ་སྐབས་ཁོ་ལ་ཐུར་མ་རྐང་གཅིག་ལས་བཞག་མེད་པར་ཟམ་ཞིག་གི་སྟེང་ནས་མི་ཞིག་འགྲོ་ཁ་དཀའ་མོ་རེད་ཅེས་པས་མི་ཐམས་ཅད་ཧ་ལས་སོང་།  ཡང་སྟོན་ཐོག་ནས་ཕྱིར་ལོག་སྐབས་ཁོས་ཨེ་ནངས་ཁ་ཡ་མོན་དུས་ཐོག་ཡིན་ཟེར་རྗེས་རང་ཡུལ་ལ་ལོག དེ་ནས་ཁྱིམ་དེའི་བཟའ་མི་དང་སྟོན་ཐོག་ཏུ་གནས་པའི་མི་ཐམས་ཅད་ཀྱིས་བུ་འདི་གླེན་པ་ཕར་ཞོག་དེ་ལ་སྤོབས་པ་དང་སེམས་རྒྱ་ཆེ་བར་འདུག  ནངས་ཀ་བུ་མོ་ཁོའི་དྲུང་དུ་མ་བསྐྱལ་ན་བྱ་བ་ཅི་འབྱུང་མི་ཤེས་ཞེས་གྲོས་བྱས་སོ། །
ཕྱི་ཉིན་ཕྱུག་པོ་དེ་ཚང་གིས་བུ་མོ་ཁོ་ཚང་ལ་མནའ་མར་བསྐྱལ་ཡོང་།  ཁོས་མཐོང་མ་ཐག་ཧ་ཧ་རང་ང་བསྡད་ན་རང་ང་ལོག་ནས་ཡོང་ཀ་ཞེས་པས། མང་ཚོགས་ཀྱིས་བུ་འདི་གླེན་པ་མ་ཡིན་པར་མཁས་པ་ཞིག་རེད་ཅེས་ཕྱོགས་ཐམས་ཅད་ལ་བསྒྲགས་སོ། །
དེ་ནས་ཁོས་བུ་མོ་དེ་དང་མཉམ་དུ་ལོ་འགར་འཚོ་བ་རོལ་རྗེས།  རེ་ཞིག་ལ་ཆུང་མའི་ཡུལ་ནས་མཛོ་མོ་ཞིག་ཤི་སོང་བས།  ཆུང་མས་ཁོའི་ཁྱོ་བོར” ཁྱོད་ངའི་ཡུལ་ལ་སོང་ནས་མི་ལ་ན་ཚ་མ་ཡོང་ན་ཕྱུག་ལ་གོད་ཁ་བྱུང་རྒྱུ་ལོས་ཡོད།  ན་ཚ་ཕྱེད་ཀ་ང་བྱིན་ལ་རོགས་བྱེད་ཅེས་བཤད་དགོས།  དེ་ནས་ཁྱོད་སོང་ལ་མདུན་དུ་ཅོག་རྩེ་ཞིག་འཇོག་ངེས་ཡིན།  ཁྱོད་ཀྱིས་ཨ་ཙན་དན་གྱི་ཅོག་བཟང་པོ་ཞེས་ཤོད།  ཡང་དགོང་མོར་ཐོན་ན་ཁྱོད་སྒོར་བུད་ལ་བཅོ་ལྔའི་ལྷ་ཟླ་དཀར་བོའི་དཀར་ཚུལ་ལ་ལྟོས་དང་ཞེས་ཟེར་དགོས།  ཚིག་དེ་དག་ལས་འདས་པའི་སྐད་ཆ་ཚིག་གཅིག་ཀྱང་མ་བཤད’ ཅེས་བཤད་རྗེས།  ཁོ་ཆུང་མའི་ཡུལ་ལ་སོང་ནས་དེ་ལྟར་བྱས་པས་ཡུལ་མི་རྣམས་ཀྱི་བསྟོད་བསྔགས་ཐོབ།  ཡང་དེ་ནས་ཉིན་འགའི་རྗེས་སུ་ཆུང་མའི་ཨ་མ་ཚེ་ལས་འདས་སོང་བས།  ཆུང་མ་དང་མཉམ་དུ་མྱ་ངན་ལ་འགྲོ་བའི་ལམ་ཁ་ནས་བུད་མེད་ཀྱིས་ཁྱོད་ཁྱིམ་ལ་ཐོན་ན”མིའི་སྡུག་བསྔལ་འདི་འདྲ་ཡིན་པ་རེད’ཅེས་ཤོད་ཟེར་བ་ལ།  ཁོས་མ་ཉན་པར”ངས་ཤེས་སོང’ཟེར།  དེ་ནས་ཁོ་བཟའ་ཟླ་གཉིས་མི་མང་པོས་མྱ་ངན་ཞུ་བའི་ཁྲོད་ལ་ཐོན་ནས་ཁོས”ཕྱུགས་ལ་གོད་ཁ་མ་བྱུང་ན་མི་ལ་ཤི་ཆད་བྱུང་ནའང་སྐྱོན་མེད’ཅེས་ཟེར།  དེའི་དགོང་མོར་བྱི་ལ་ཞིག་མདུན་དུ་འདུག་པར་བལྟས་ནས”ཙན་དན་གྱི་བྱི་ལ་བཟང་བོ་འདི’ཟེར་བས་མི་ཚང་མ་ཧ་ལས་སོང་།  ཡང་ནང་སྒོའི་ཕྱིར་ཐོན་པ་དང་ཚེས་ཉི་ཤུའི་ཟླ་བ་ལ་བལྟས་ནས”ཨ་བཅོ་ལྔའི་ལྷ་ཟླ་དཀར་བོ་དཀར་ཀ’ཞེས་ཟེར་བས།  མི་མས་མག་པ་འདིས་གླེན་རྟགས་ཁོ་ན་ལས་མི་སྟོན་པས།  དངོས་གནས་གླེན་པ་གླེན་ནག་ཅིག་རེད་ཟེར་ནས་ཕྱོགས་མཚམས་ཀུན་ཏུ་གྲགས།  ཁོའི་ཆུང་མས་ཀྱང་གླེན་པའི་བྱ་བྱེད་མ་བཟོད་པར་ཕྱིར་རང་གི་ཡུལ་ལ་ལོག་སོང་ངོ། །

(ཚེ་སྐལ་གྱིས་བསྡུས་པ། མཚོ་སྔོན་མང་ཚོགས་སྒྱུ་རྩལ 1991 ལོའི་དེབ་གསུམ་པ་ལས་བདམས།)

མདུན་ཤོག

སྔོན་མ།
བློན་པོ་བློ་བཟང་གི་གཏམ་རྒྱུད།
ཕྱི་མ།
སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོ་ཚོགས་པ།