གངས་ལྗོངས་གཙུག་ལག་ཟབ་ཅིང་རྒྱ་ཆེ་རིག་པའི་གནས། །འོ་མའི་མཚོ་གཏེར་ཆེ་ལས་རྩྭ་རྩེའི་ཟིལ་པ་ཙམ། །
བདག་བློའི་བུམ་པར་འཁྱིལ་ལས་ཅུང་ཟད་སྤེལ་བ་འདིར། །ནོངས་པ་ལོས་མཆིས་རིག་གནས་བདག་པོའི་སྤྱན་སྔར་བཤགས། །
དེ་ལྟར་རང་རེ་ཁ་བ་གངས་ཅན་པའི་རིག་གཞུང་རྣམས་བོད་མི་རྩམ་ཟན་ཙམ་མ་ཡིན་པར་མི་རིགས་མང་པོར་ཕན་ཐོགས་ཡོད་ཅིང༌། ཉག་ཕྲའི་དུས་སྐབས་འདིར། ཉམས་པ་སོར་ཆུད་ཅིང༌། མ་ཉམས་གཅེས་ཉར་གྱི་ཐབས་ལམ་རྨང་གཞི་ལྟ་བུ་ནི། རང་རེའི་སྐད་ཡིག་རྒྱུན་སྤྱོད་གནང་མཁན་ཡོད་དོ་ཅོག་གིས་སུམ་རྟགས་དག་གསུམ་གྱིས་མཚོན་པའི་བརྡ་སྤྲོད་ཀྱི་གཞུང་གི་འགྲོས་གཞི་ལ་བཞག་པའི་ཐོག་ནས་དག་ཡིག་སོགས་སྐད་ཡིག་འཁྲུལ་མེད་གཙང་མ་ཞིག་རྒྱ་ཁྱབ་ཏུ་རྨང་བརྟན་ཚུགས་པ་འདི་རང་ཡིན་པར་ཁུམ། སྔར་ཆོས་རྒྱལ་བཀའ་དྲིན་ཅན་ཁྲི་སྲོང་ལྡེའུ་བཙན་དང༌། ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་རིག་གཞུང་ལ་ཆེ་མཐོང་དང་སྲོག་ལྟར་གཅེས་འཛིན་ཆེ་བས་རྒྱུན་པར་ཕན་ཚུན་སྐད་ཆ་ཤོད་དུས་གང་བྱུང་ཐ་སྙད་བེད་སྤྱོད་བྱེད་པ་དང༌། དེ་བཞིན་ཡི་གེ་འབྲི་དུས་སུའང་དག་ཆ་སོགས་བརྡ་སྤྲོད་གཞུང་དང་འགལ་བ་བྱུང་ན་ཁྲིམས་སྲོལ་ལྟར་ཆད་པ་གཅོད་པ་དང༌། ལེགས་པར་ལེགས་སྐྱེས་རྨད་དུ་བྱུང་བ་གནང་བ་སོགས་རིག་གཞུང་གི་རྨང་གཞི་བརྟན་པོ་ཚུགས་ཐུབ་པ་བྱུང་མོད། དེ་ལྟ་ནའང་ཕྱི་ལོ་ ༡༩༥༩ ལོར་དུས་འགྱུར་བྱུང་བ་དང༌། དེ་རྗེས་རིག་གནས་གསར་བརྗེས་མཚོན་པའི་འཆར་ལྡན་གྱི་ལས་འགུལ་ཤན་ཞུགས་ངན་ཐེབས་ཀྱིས་གངས་ཅན་པའི་རིག་གཞུང་ཧྲིལ་པོར་ཉམས་ཉེས་གོད་ཆག་ཚབས་ཆེན་ཕོག་ནས་ཆེས་ཉག་ཕྲའི་སྐབས་བདོས་དང་ཆབས་ཅིག རང་རེའི་སྐད་ཡིག་གཉིས་ཀར་དབྱིན་རྒྱ་སྐད་ཡིག་སོགས་ཀྱིས་མཉམ་བསྲེས་ར་མ་ལུག་རྒྱུན་སྤྱོད་བྱེད་པ་ནི་རིག་གཞུང་གི་རྨང་གཞི་ཆུ་ཤུལ་གྱི་གྲམ་པ་ལྟར་བཟོ་བ་ལས་གཞན་ཅི། དེས་ན་བོད་མི་སྤྱི་བོ་གནམ་བསྟན་སྤྱི་དང༌། སྒོས་རིགས་མཐུན་གྱི་ལས་འགན་དུ་རྩི་ཁུལ་གྱིས་རང་རེའི་གངས་ལྗོངས་པའི་མེས་པོའི་ཕ་ནོར་དུ་གྱུར་པའི་རིག་གཞུང་འདིའི་རྨང་གཞིར་སྨན་པའི་བརྡ་དག་བློ་གསལ་ཉེར་མཁོ་ཞེས་པའི་དག་ཡིག་འདི་བདག་གི་སྐལ་ཐོབ་ལྟར་རང་མི་རིགས་ཀྱི་རིག་གཞུང་གི་སྲི་ཞུར་དམིགས་པ་ཡིན། བརྡ་དག་འདིའི་ཟུར་རྒྱན་ཁ་སྣོན་ཚུལ་དུ་དེང་དུས་སུའང་རང་རེའི་སྤྱི་ཚོགས་སུ་རྒྱུན་སྤྱོད་ཆེ་བའི་རིག་གནས་བཅུ་ཡི་རྣམ་གཞག་དང༌། གྲངས་གནས་བརྩི་ཚུལ། བཀྲ་ཤིས་རྟགས་བརྒྱད། ཁ་བཏགས། རི་དྭགས་ཆོས་འཁོར་བཅས་ཀྱི་སྐོར་གཞུང་གཞན་ནས་ཟུར་འདོན་ཞུས་ཡོད། མཐའ་དོན་བརྡ་དག་བློ་གསལ་ཉེར་མཁོ་ཞེས་པའི་དཔེ་དེབ་འདིས་ཉག་ཕྲའི་གངས་ཅན་པའི་རིག་གཞུང་སྤྱི་ཡོངས་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་ཡུན་གནས་ཀྱི་ཆ་རྐྱེན་དང་སྲི་ཞུར་གྱུར་ཅིག་གུ། གངས་ལྗོངས་གཞིས་རྩེའི་ཉེ་འགྲམ་ལུང་སྣ་ཤེལ་དཀར་དུ་སྐྱེས་ཤིང༌། གནས་ངེས་མེད་འགྲིམས་མྱོང་བའི་འབྲས་གཙང་བསྟན་འཛིན་ཐབས་མཁས་སུ་འབོད་པས།
སརྦ་མངྒ་ལཾ།།