ཆོས་རྗེ་ས་སྐྱ་པཎ་ཆེན་གྱིས་མཛད།

    འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །
    རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །
    ཡི་གེའི་སྦྱོར་བ་བཤད་པར་བྱ། །ཡི་གེ་མིང་ཚིག་དགོས་འབྲེལ་དང༌། །
    འཇུག་ཚུལ་བསྟེན་ཚུལ་བསྟན་བྱ་བདུན། །དབྱེ་བསྡུ་དེ་བཤད་སྔོན་རྗེས་ལ། །
    ཡུལ་བྱེད་ཚུལ་ཆེད་བཞི་བཞི་སྟེ། །ཚུལ་གཉིས་པ་ལ་ཕྲག་བཅུ་བདུན། །
    ཡན་ལག་བཅུ་གཅིག་ཡི་གེ་འོ། །མིང་བཅུ་ཚིག་ལ་བརྒྱད་གཉིས་དགོས། །
    ལྡོག་དང་རྗེས་འགྲོ་ལུས་མདོར་བསྡུས། །ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །
    ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པ་སྟེ། །
    སྡེ་པ་ཕྱེད་དང་བརྒྱད་གནས་པ། །མགྲིན་པ་དང་ནི་ལྕེ་དབུས་དང༌། །
    སོ་བར་ལྕེ་ཡི་རྩེ་མོ་དང༌། །མཆུ་དང་ལྕེ་དབུས་མགྲིན་པ་དང༌། །
    གནས་ལྔ་དག་ནས་འབྱུང་བ་ནི། །སྡེ་བཞི་དག་ལ་རིམ་བཞིན་དུ། །
    མཐའ་གཉིས་དྲུག་པའི་གསུམ་པ་དང༌། །ལྔ་པའི་ཐོག་གསུམ་བདུན་པའི་གཉིས། །
    ལྔ་པའི་བཞི་པ་མནན་བྱ་བ། །གསུམ་པ་གསུམ་དང་གཅིག་དང་གཅིག །
    ལྷག་མ་དྲུག་སྟེ་དེ་ལྟར་ན། །བདུན་བདུན་ལྔ་ལྔ་དྲུག་ཚན་ལ། །
    ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་བཞི་རུ། །
    སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །
    ཙ་སོགས་གསུམ་ནི་ཅ་སོགས་སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །
    ལྷག་མ་དྲུག་ནི་མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །
    མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཨ་ནི་ཡིག་འབྲུ་ཀུན་གྱི་སྲོག །
    མིང་ཚིག་རབ་ཏུ་གསལ་བར་བྱེད། །ཁོང་ནས་འབྱུང་བ་སྐྱེ་མེད་པའོ། །
    མོ་ཡི་ཡི་གེའི་ནང་ནས་ནི། །རྗེས་འཇུག་ཡི་གེ་བཅུ་དབྱུང་བྱ། །
    འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །
    མི་འཇུག་པ་ནི་ཉི་ཤུ་འོ། །རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །
    དང་པོ་གཉིས་(གསུམ་)པ་ལྔ་པ་དྲུག །བདུན་པ་རྣམས་ནི་སྔོན་འཇུག་གོ །
    སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །
    ཤིན་ཏུ་མོ་དང་བཞི་རུ་དབྱེ། །དང་པོ་གསུམ་པ་གཉིས་པ་ཡི། །
    ཐོག་གཉིས་གསུམ་པ་ལྔ་པ་སྟེ། །བཞི་པ་དེ་ཉིད་དེ་ལྟར་ན། །
    དེ་དག་རེ་རེའང་བཞི་བཞི་སྟེ། །གང་ལ་འཇུག་བྱེད་གང་གིས་བྱེད། །
    ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་འཇུག་བྱེད་གང་གིས་ན། །
    ཕོ་ནི་ཕོ་བཞི་མོ་བདུན་ནོ། །དང་པོ་ཕོ་གསུམ་མོ་བརྒྱད་ལའོ། །
    གཉིས་པ་ཕོ་གཉིས་མོ་བཞི་ལའོ། །མོ་ནི་མོ་ལྔ་མ་ནིང་ལྔའོ། །
    ཤིན་ཏུ་མོ་ནི་མོ་བཞི་དང༌། །ཤིན་ཏུ་མོ་གསུམ་མ་ནིང་བཞིའོ། །
    མི་འཇུག་པ་ནི་འདི་དག་སྟེ། །ཕོ་ནི་མ་ནིང་ལ་མི་འཇུག །
    མོ་ནི་ཕོ་ལ་འཇུག་ལ་མིན། །མ་ནིང་རང་ལ་རང་མི་འཇུག །
    རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །
    མོ་དང་(མ་ནིང་)མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེས་ན། །
    ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །མ་ནིང་རན་པར་ཇུག་(འཇུག་)པ་ཡིན། །
    མོ་ནི་ཞན་པའི་ཚུལ་གྱིས་འཇུག །ཤིན་ཏུ་མོ་ནི་མཉམ་པས་སོ། །
    ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །
    མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་དང་མ་འོངས་ཕྱིར། །
    ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །སྡེ་པ་ཕྱེད་དང་བརྒྱད་པོ་ཡི། །
    དང་པོ་གསུམ་པ་བཞི་པ་ལ། །མས་གཉིས་དྲུག་པའི་གསུམ་པ་དང༌། །
    བདུན་པ་ལས་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་ཡིན་དེའི། །
    གསུམ་ལྔ་བཅུ་དང་བདུན་བརྒྱད་དང༌། །གཅིག་གཉིས་བཞི་དྲུག་དགུ་གྲངས་བཞིན། །
    གསུམ་གཉིས་ལྔ་ཡི་སྡེ་ཚན་གྱིས། །ཕོ་མོ་མ་ནིང་གསུམ་དུ་དབྱེ། །
    དེ་ཡང་དབྱེ་བ་བཞི་བཞི་སྟེ། །གང་ལ་འཇུག་བྱེད་གང་གིས་བྱེད། །
    ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །གང་ལ་ཡི་གེ་ཐམས་ཅད་ལ། །
    གང་གི་བཅུ་པོ་དེ་དག་གིས། །ཇི་ལྟར་རྣམ་པ་གཉིས་ཡིན་ཏེ། །
    སྒྲ་ཡི་འཇུག་ཚུལ་དོན་གྱི་ཚུལ། །དང་པོ་སྒྲ་ཡི་འཇུག་ཚུལ་ནི། །
    དྲག་ཞན་བར་མ་གསུམ་དུ་འཇུག །དེ་ནས་དོན་གྱི་འཇུག་ཚུལ་ནི། །
    རང་རང་མཐུན་པའི་མཐའ་དྲངས་ཏེ། །རྗེས་འཇུག་ཡི་གེ་བཅུ་པོ་ནི། །
    མིང་གང་གི་ནི་མཐར་སྦྱར་བ། །དེ་ལ་ཨཱ་ལི་བཞི་པ་སྦྱར། །
    སླར་བསྡུ་བར་ནི་ཤེས་པར་བྱ། །རྗེས་འཇུག་ཡི་གེ་བཅུ་པོ་ལས། །
    མིང་གང་མཐའ་ན་བཅུ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །
    གང་མིང་མཐའ་ན་བརྒྱད་པ་གནས། །དེ་ལ་གཉིས་པ་ཨུ་ཡང་སྦྱར། །
    གང་མིང་མཐའ་ན་གསུམ་པ་གནས། །དེ་ལ་ཨཱ་ལི་གཉིས་པ་སྦྱར། །
    བཞི་པ་དགུ་པ་དངོས་ཀྱང་སྟེ། །ལས་དང་ཆེད་དང་རྟེན་གནས་དང༌། །
    དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །
    ཨི་དང་མཐུན་ལུགས་འདི་ལྟ་སྟེ། །དང་པོ་གཉིས་ལ་དང་པོ་མཐུན། །
    གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །བདུན་པ་ཉིད་ནི་བདུན་པ་སྟེ། །
    ལྷག་མ་རྣམས་ལ་གྱ་སྦྱར་བ། །དེ་དག་ཨི་སྦྱར་འབྲེལ་བའི་ས། །
    དེ་རྣམས་ལ་ནི་བཅུ་པ་སྦྱར། །བྱེད་པ་པོ་རུ་ཤེས་པར་བྱ། །
    ཨཱ་ལི་ཕྱིས་ནས་གཉིས་པ་སྦྱར། །ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །
    ལ་དོན་སུ་ལ་ཨུ་ཕྱིས་ནས། །དེ་ལ་གསུམ་པའི་དང་པོ་སྦྱར། །
    སྟེང་དུ་ཨཱ་ལི་གསུམ་པས་བརྒྱན། །དེ་ནི་ལྷག་མ་དང་བཅས་པའོ། །
    རྗེས་འཇུག་ཡི་གེ་བཅུ་པོ་ལ། །དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །
    རྗེས་འཇུག་ཡི་གེ་བཅུ་པོ་ཡི། །བཞི་པ་དགུ་པ་བཅུ་པ་པ(ལ་བཅུ་པ)། །
    སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །དགར་དང་སྡུད་པའང་དེ་བཞིན་ཡིན། །
    གང་མིང་བརྗོད་པའི་དང་པོ་རུ། །ཀྱེ་སྦྱར་ན་ནི་བོད་པར་འགྱུར། །
    མིང་གང་མཐའ་དང་མཐུན་པ་ཡི། །བཞི་པ་ལ་ནི་ཨི་སྦྱར་བ། །
    དགར་དང་བསྣན་(བརྣན་)པའི་ཚིག་ཏུ་འགྱུར། །མིང་གང་རུང་བའི་བར་མཚམས་སུ། །
    གསུམ་པ་ལ་ནི་གཉིས་པ་སྦྱར། །དེ་ནི་སྡུད་དང་འབྱེད་པ་དང༌། །
    རྒྱུ་མཚན་ཚེ་སྐབས་གདམ་ངག་ལྔའོ། །མིང་གང་གི་ནི་ཡ་ཐ་རུ། །
    དང་པོ་ལ་ནི་གཉིས་ལ་སྦྱར། །དེ་ནི་བྱེད་པའི་ཚིག་བརྒྱད་པོ། །
    སྤྱི་ལ་བྱ་བ་ཉིད་དུ་འགྱུར། །མིང་གང་གི་ནི་ཡ་(མ་)ཐ་ན། །
    པུ་ལིངྒ་ཡི་སྒྲ་བྱུང་ན། །བདག་པོའི་སར་ནི་ཤེས་པར་བྱའོ། །
    མིང་གང་གི་ནི་ཡ་ཐ་ན། །སྟྲཱི་ལིངྒ་ཡི་སྒྲ་བྱུང་ན། །
    དགག་པའི་གནས་སུ་ཤེས་པར་བྱ། །མིང་གང་གི་ནི་ཡ་ཐ་ན། །
    གསུམ་པ་ལ་ནི་ཨེ་སྦྱར་བ། །ཐ་སྙད་དབང་དུ་གསུམ་ཡིན་ཏེ། །
    དངོས་པོའི་དབང་དུ་བཞི་རུ་འགྱུར། །དུས་ཀྱི་དབང་དུ་གཉིས་ཡིན་ནོ། །
    གཉིས་པའི་བཞི་པ་ཨིས་བརྒྱན་པ། །གསུམ་པའི་གསུམ་སྦྱར་མ་འབྲེལ་དང༌། །
    གཞན་ལྡན་རྣམ་གཅོད་དངོས་རྐྱེན་དང༌། །ཕྱི་ཚིག་ཐ་དད་མིན་པ་འོ། །
    ལྔ་(སྔ་)གཉིས་ཁོ་ན་བདེན་བཅས་འཇུག །དང་པོའི་གསུམ་པ་བདུན་པའི་གཉིས། །
    སྦྱར་བ་སྤྱི་འཇུག་གསུམ་པ་ཡི། །དང་པོ་ཨེས་བརྒྱན་བཞི་རྗེས་ལྡན། །
    དམིགས་འཛིན་དེ་གཉིས་ཆ་ལྡན་ཏེ། །ཁ་ཅིག་ལྔ་(སྔ་)ཕྱིས་ཟིལ་གནོན་སྦྱར། །
    གདགས་དང་བརྗོད་པའི་ཁྱད་པར་ནི། །ཀ་ག་པ་བ་ཟ་ས་གཉིས། །
    ལ་ཡི་ཡི་གེ་བཏགས་པ་དང༌། །ཀ་ཁ་ང་ཇ་ཏ་ད་ན། །
    སྟེང་དུ་ར་ཡིས་བརྒྱན་པ་དང༌། །དེ་བཞིན་ས་ཡིས་བརྒྱན་པ་དང༌། །
    ཀ་ཁ་ང་ཅ་ཇ་ཏ་ད། །སྟེང་དུ་ལ་ཡིས་བརྒྱན་པ་ནི། །
    དོན་ལ་ཐ་དད་ཡོད་པའི་ཕྱིར། །མ་བུ་ཐ་དད་གནས་པ་ཡིན། །
    མ་ཡི་ཡི་གེ་ཆུང་བ་སྟེ། །བུ་ཡི་ཡི་གེ་ཆེ་བ་ཡིན། །
    བརྗོད་པ་ཐ་དད་ཤེས་པར་བྱ། །ཀ་ཁ་ག་པ་ཕ་བ་མ། །
    དེ་ལྟར་ཡི་གེ་བདུན་པོ་དང༌། །ཀ་ཁ་ག་ཅ་ཙ་ཆ་ཚ། །
    ཞ་ར་ཤ་ས་བཅུ་གཅིག་དང༌། །ཀ་ཁ་ག་ཏ་ད་པ་ཕ། །
    བ་མ་ས་ཧ་བཅུ་གཅིག་ལ། །ཡ་སྟ་ར་སྟ་ཝ་སྟ་གསུམ། །
    གོ་རིམ་བཞིན་དུ་ཤེས་པར་བྱ། །གུ་གུ་འགྲེང་བུ་ན་རོ་དང༌། །
    ཞབས་ཀྱུ་ཀུན་ལ་འབྱུང་བ་ཡིན། །འདིར་མང་སྤྲོས་པས་ཅི་ཞིག་བྱ། །
    ཆོས་ཀྱི་སྐད་དང་མཐུན་པ་ཡིས། །རང་ཡུལ་སྐད་ངན་སྤང་བར་བྱ། །
    ཚིགས་སུ་བཅད་ལ་(པ་)མཚམས་སྦྱོར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང༌། །
    དེ་ནི་དེ་བཞིན་སྦྱར་བར་བྱའོ། །ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །
    ཡི་གེའི་ཁོང་ནས་མིང་འབྱུང་སྟེ། །མིང་གི་ཁོང་ནས་ཚིག་ཕྱུང་ནས། །
    ཚིག་གིས་དོན་རྣམས་སྟོན་བྱེད་པའོ། །མིང་ལ་གྲུབ་དང་རྗེས་གྲུབ་གཉིས། །
    དང་པོ་འདོད་རྒྱལ་ཕྱི་མ་ལ། །རྣམ་གཉིས་དོན་ལྡན་བརྒྱད་ཡིན་ཏེ། །
    ཡིན་དང་ངོ་བོར་གྲུབ་པ་དང༌། །དངོས་པོའི་རྐྱེན་དངོས་བཏགས་པ་ལྔ། །
    ཡོད་ཕན་བྱེད་ལས་འདྲ་བ་འོ། །ཚིག་གི་དབྱེ་བསྡུ་བྱེད་པ་བརྒྱད། །
    དངོས་ལས་བྱེད་ཆེད་འབྱུང་གནས་འབྲེལ། །གནས་དང་བྱེད་པོ་བསྡུ་བ་བརྒྱད། །
    འབྲུ་མང་པོ་དང་ཚིག་སྡུད་དང༌། །བྱེ་བྲག་ཡན་ལག་གཞི་བསྡུ་དང༌། །
    གཞི་གཅིག་སྐྱེས་བུ་ཟླས་བསྡུ་བའོ། །དང་པོའི་ཚིག་མང་དང་གཉིས་ཏེ། །
    དེ་ལ་རང་མིང་ལྡན་མི་ལྡན། །ཕྱོགས་དང་རྣམ་གྲངས་ཕན་ཚུན་བསྟེན། །
    དྲུག་གི་ཕྱོགས་ཀུན་ཕྱོགས་གཅིག་ལ། །མཐུན་དང་ཐ་དད་དབྱེ་བ་བཞི། །
    ཕྱེ་ལ་ཕྱེད་(བྱེད་)པ་དྲུག་གིས་བསྒྱུར། །བརྒྱད་(བརྒྱ་)དང་བཞི་བཅུ་རྩ་བཞི་ལས། །
    དུས་གཅིག་གསུམ་ལྡན་ཉིད་དུ་སྦྱར། །མོ་ཡི་ཡི་གེ་མེད་པ་ན། །
    ཕོ་ཡིག་བརྗོད་པ་མེད་པར་འགྱུར། །ཕོ་ཡིག་དེ་དག་རྣམས་ལ་ཡང༌། །
    འཇུག་པར་བཅས་པ་མེད་ན་ནི། །མིང་དང་ཚིག་ཀྱང་གསལ་མི་ནུས། །
    མིང་ཚིག་གསལ་བ་མེད་ན་ནི། །དོན་རྣམས་བརྗོད་པར་མི་འགྱུར་རོ། །
    དེ་ལྟར་འགྱུར་ན་འཇིག་རྟེན་གྱི། །སེམས་ཅན་རྣམས་ནི་བདེ་བར་འགྱུར། །
    ས་སྐྱ་པཎྜིཏས་སྦྱར་པའོ།།    །།

མདུན་ཤོག