མོན་ཌ་གྷོ་མེ་རེ་ས་གནས་ཀྱི་ངོ་རྒོལ་ལས་འགུལ་མཚམས་འཇོག་བྱེད་པའི་སྐབས་དེར་ཀིང་ལོ་ན་ཉི་ཤུ་རྩ་བདུན་ལས་མིན། ཁོང་ན་ཚོད་གཞོན་པའི་སྐབས་དེ་དུས་ནས་འཛམ་གླིང་ནང་མཐོང་ཆེན་བྱེད་ས་ཞིག་ཏུ་གྱུར། ཚགས་པར་དང་དུས་དེབ་མང་པོའི་ནང་ཁོང་གི་སྐོར་བྲིས་ཡོད། མི་ཚོས་ཁོང་ལ་”དེང་རབས་ཀྱི་མའོ་སེ་ས(Modern Moses)”ཞེས་འབོད་ལ། ཁ་ཤས་ཀྱིས་ཁོང་ནི་བྷོ་ཀེར་ཌེ་ཝ་ཤིང་ཌོན་(Booker T.Washington)གྱི་རྗེས་སུ་བྱུང་བའི་མི་རིགས་ནག་པོའི་དབུ་ཁྲིད་རླབས་ཆེ་ཤོས་དེ་ཡིན་པར་བརྗོད། ཁོང་གསུང་བཤད་གནང་བར་ཚོགས་འདུ་མང་པོའི་སྟེང་གདན་དྲངས་པ་དང་མཉམ་དུ་དགོང་ཟས་ཟ་བར་མགྲོན་འབོད་ཀྱང་ཐེངས་མང་བྱས་ཤིང། ཁོང་ལ་ཆེ་བསྟོད་ཀྱི་བྱ་དགའ་མང་པོ་ཕུལ་བ་དང་ཆ་རྐྱེན་མེད་པར་ལས་རིགས་གཉེར་བའི་གདམ་ཀ་ཡང་མང་པོ་སྤྲད།
   དེ་དག་ཚང་མས་ཁོང་གི་འདོད་བློ་ཁེངས་དགོས་པ་ལྟ་བུ་ཞིག་ཡིན་མོད། ཁོང་དེ་ལྟར་ཡིད་ཚིམ་ནས་མ་བསྡད་པར་ཁོང་གིས་”ངས་འཆི་རྒྱུ་ལ་སེམས་ཁུར་བྱེད་ཀྱི་ཡོད། ལོ་ན་ཉི་ཤུ་རྩ་བདུན་གྱི་སྟེང་སྐད་གྲགས་ཐོབ་པའི་མི་ཞིག་ལ་མཚོན་ན་ལས་དོན་བསྒྲུབས་པ་ལས་བསྒྲུབ་རྒྱུ་མང་པོ་ཡོད་པ་རེད། མང་ཚོགས་ཀྱིས་ངའི་མི་ཚེའི་ལྷག་མ་འདིའི་རིང་ཞྭ་མོའི་འོག་ནས་རི་བོང་འཛིན་ཐུབ་པའི་རེ་བ་བྱེད་བཞིན་ཡོད་པ་རེད།”ཅེས་བཤད།
   ཀིང་གིས་ཁོང་ལ་ཆ་རྐྱེན་མེད་པར་ཕུལ་བའི་ལས་རིགས་དེ་དག་གཅིག་ཀྱང་མ་གཉེར་བར། མོན་ཌ་གྷོ་མེ་རེ་ས་གནས་སུ་ཡོད་པའི་ཡེ་ཤུ་ཆོས་ཁང་དུ་ཁྲུས་ཆོག་བྱེད་པའི་ཆོས་པ་ཞིག་བྱས་ནས་འདུག་རྒྱུའི་ཐག་བཅད་མོད། འོན་ཀྱང་དྲང་བདེན་གྱི་སླད་དུ་འཐབ་རྩོད་བྱ་རྒྱུ་རྒྱུན་འཁྱོངས་བྱས། མོན་ཌ་གྷོ་མེ་རེ་ས་གནས་ཀྱི་ངོ་རྒོལ་ལས་འགུལ་མཚམས་འཇོག་གྲབས་ཡོད་དུས་ལྷོ་ཕྱོགས་ཀྱི་མི་རིགས་ནག་པོའི་འགོ་ཁྲིད་ཚོས་ཚོགས་པ་ཞིག་གསར་འཛུགས་བྱས། ཚོགས་པ་དེའི་མིང་ལ་ལྷོ་ཡི་ཡེ་ཤུ་ཆོས་ཀྱི་འགོ་ཁྲིད་མཐུན་ཚོགས་ཞེས་མིང་བཏགས་པ་དང་། ཀིང་མཐུན་ཚོགས་དེའི་ཚོགས་གཙོ་ལ་འོས་འདེམས་བྱས། ཚོགས་པ་དེའི་དམིགས་ཡུལ་ནི་ས་ཕྱོགས་ཀུན་ཏུ་གནས་པའི་མི་རིགས་ནག་པོ་ཚོར་བརྩི་མཐོང་རག་པར་འཐབ་རྩོད་བྱ་རྒྱུ་དེ་ཡིན་ལ། དེའི་ལག་ཆ་གཙོ་བོ་ནི་”ཡེ་ཤུ་ཆོས་ལུགས་དང་མཐུན་པའི་བརྩེ་བ་འམ་”འཚེ་མེད་ཞི་བ་”ཡིན་པ་རེད།
ལྷོ་ཡི་ཡེ་ཤུ་ཆོས་ཀྱི་འགོ་ཁྲིད་མཐུན་ཚོགས་ཀྱིས་སྣེ་ཁྲིད་དེ་ལྷོ་ཕྱོགས་ས་ཁུལ་དུ་སྤྱི་སྤྱོད་འགྲུལ་འཁོར་ནང་འགྲོ་རྒྱུ་མཚམས་འཇོག་བྱེད་པའི་ངོ་རྒོལ་ལས་འགུལ་གཞན་ཞིག་སྤེལ། མཐུན་ཚོགས་དེས་ད་དུང་མི་རིགས་ནག་པོ་ཚོས་འོས་ཤོག་འཕེན་ཆོག་པའི་ཁྲིམས་མཐུན་དེབ་སྐྱེལ་ཡོང་ཐབས་ཀྱི་ལས་འགུལ་སྣེ་ཁྲིད་ཀྱང་བྱས། ཐེངས་མང་རིང་ཁོང་ཚོས་དེབ་སྐྱེལ་བྱ་རྩིས་བྱེད་སྐབས་འགོག་རྐྱེན་མང་པོ་འཕྲད། དུས་རྒྱུན་དུ་ཁོང་ཚོར་ཡིག་རྒྱུགས་ཧ་ཅང་ཁག་པོ་གཏོང་གི་ཡོད་པས། ཕལ་ཆེར་ཡིག་རྒྱུགས་ཀྱི་ཚད་གཞི་ལོན་མཁན་གཅིག་ཀྱང་ཡོང་མི་ཐུབ་པ་ལྟ་བུ་ཡིན།
   སྤྱི་ལོ་༡༩༥༧ ལོའི་ཟླ་༥ པའི་ནང་ཀིང་གིས་ཝཱ་ཤིང་ཌོན་ཌེ་སེ་རུ་སྨོན་ལམ་གསུང་ཆོས་ཤིག་གོ་སྒྲིག་བྱ་རོགས་བྱས་ཤིང་། དེར་སྲིད་འཛིན་དམ་པ་ལེན་ཀོན་གྱི་དྲན་གསོའི་རྡོ་རིང་གི་མདུན་ཐང་དུ་མངའ་སྡེ་སུམ་ཅུ་ནས་མི་མང་སྟོང་ཕྲག་སུམ་ཅུ་ཙམ་འཛོམས། ཀིང་གསུང་བཤད་གནང་བར་ཡར་བཞེངས་པ་དང་མི་མང་ཚང་མ་ཡར་ལངས་ཏེ་དགའ་སྤྲོའི་འབོད་སྒྲ་ཆེན་པོ་བསྒྲགས། ཀིང་གིས་མི་རིགས་ནག་པོ་ཚོར་འོས་ཤོག་འཕེན་པའི་ཐོབ་ཐང་དགོས་བའི་རེ་འདུན་བཏོན།
   ཀིང་གིས་”ང་ཚོར་འོས་འདེམས་བྱ་རྒྱུའི་ཐོབ་ཐང་སྤྲོད་དང་། དུས་དེ་ནས་བཟུང་ང་ཚོ་ཁྲིམས་སར་གཏུག་བཤེར་བྱེད་དུ་མི་ཡོང་། ང་ཚོས་ཚུལ་མཐུན་གྱི་ཁྲིམས་སྲོལ་གཏན་ལ་འབེབས་ངེས། ང་ཚོར་འོས་འདེམས་བྱ་རྒྱུའི་ཐོབ་ཐང་སྤྲོད་དང་། ང་ཚོས་གྲོས་ཚོགས་སུ་ཡ་རབས་སྤྱོད་བཟང་ལྡན་པའི་འཐུས་མི་བསྐོ་ངེས། ང་ཚོར་འོས་འདེམས་བྱ་རྒྱུའི་ཐོབ་ཐང་སྤྲོད་དང་། ང་ཚོས་གཞན་ཕན་ལྷགས་བསམ་ཅན་གྱི་ཁྲིམས་དཔོན་རེག་པར་བྱ་ཆོག་”ཅེས་བཤད།
   དེའི་རྗེས་ཀྱི་ལོ་ངོ་གསུམ་གྱི་རིང་ཀིང་གིས་མི་རིགས་ནག་པོ་ཚོའི་འོས་ཤོག་འཕེན་པའི་ཐོབ་ཐང་རྩོད་ལེན་བྱེད་པར་འབད་བརྩོན་ཆེན་པོ་བྱས་ཤིང་། ཁོང་གིས་ཨ་རིའི་སྤྱི་མཐུན་མངའ་སྡེ་ཁག་གི་སྲིད་གཞུང་ངོས་ནས་མི་རིགས་ནག་པོ་ཚོའི་འཐབ་རྩོད་ལ་རྒྱབ་སྐྱོར་ཐོབ་པར་འབད་བརྩོན་བྱས། ཁོང་མི་རིགས་ནག་པོའི་ཐོབ་ཐང་སྐོར་གཏམ་བཤད་གནང་བར་ས་གནས་ཁག་ཚང་མར་སོང་། ཁོང་བཙོན་དུ་འཛིན་བཟུང་བྱས་པའི་སྐབས་སུའང་སེམས་ངལ་དེ་ཙམ་མ་བྱས། ཁོང་གིས་མི་རིགས་ནག་པོའི་མི་དམངས་སྐོར་ཞིག་ལ”ངས་དཀའ་སྡུག་ཅུང་ཙམ་མྱངས་ན་སྐྱིད་པོ་འདུག ངས་དཀའ་སྡུག་ཅུང་ཙམ་མྱོང་བ་འདིས་ང་ཁྱོད་ཚོ་དང་ཁ་ཐག་ཇེ་ཉེར་འགྲོ་བར་ཕན་ཐོག་གི་འདུག་”ཅེས་བཤད་མྱོང་། ཁོང་མི་སྐྱིད་པ་ཞིག་ཡོད་པ་ནི་ད་སྐབས་རང་ཉིད་ཀྱི་བཟའ་ཟླ་དང་ནང་མི་ཚོ་མཉམ་དུ་འདུག་པའི་དུས་ཚོད་ཉུང་ཙམ་ལས་མེད་པ་དེ་ཁོ་ན་རེད།
   མི་མང་འདུ་འཛོམས་བྱུང་བའི་མདུན་དུ་ཡང་ཡང་ཐོན་དགོས་པ་དེ་ཡང་ཉེན་ཁ་ཆེན་པོ་ཡོད་པ་ཞིག་རེད། སྤྱི་ལོ་༡༩༥༨ ལོའི་ཟླ་༡༠ པའི་ནང་།    ཉིན་ཞིག་ཀིང་གིས་ནེའུ་ཡོག་(New York)གྲོང་ཁྱེར་གྱི་མི་རིགས་ནག་པོ་མང་པོ་འདུས་སྡོད་བྱེད་སའི་ཧེར་ལེམ་(Herlem)ས་ཁུལ་གྱི་སྡེ་ཚན་ཚོང་ཁང་ཞིག་ཏུ་རང་ཉིད་ཀྱི་བརྩམས་ཆོས་《རང་དབང་གི་ཕྱོགས་སུ་མདུན་བསྐྱོད་བྱེད་པ།》ཞེས་པར་མཚན་རྟགས་འགོད་པའི་སྐབས། གློ་བུར་དུ་མི་རིགས་ནག་པོའི་བུད་མེད་ཅིག་གིས་ཁོང་གི་བྲང་ངོས་སུ་ཡི་གེའི་ཁ་འབྱེད་བྱེད་ཅིག་གིས་བསྣུན་པ་དང་། ཕྱིས་སུ་བུད་མེད་དེ་རིག་འཚོ་མ་ཟིན་པའི་སྨྱོ་ནད་སྨན་ཁང་ཞིག་ཏུ་བསྐྱལ། དུས་ཡུན་ཆུ་ཚོད་གསུམ་གྱི་རིང་སྨན་ལས་གཤག་བཅོས་བྱས་མཐར་ཀིང་སྲོག་ཉེན་ལས་སྐྱོབ་ཐུབ་པ་བྱུང་། ཀིང་ལ་སྨན་བཅོས་བྱེད་མཁན་སྨན་པ་དེས་”ཡི་གེ་ཁ་འབྱེད་བྱེད་དེས་བསྣུན་པའི་རྗེས་སུ་གལ་ཏེ་ཁོང་ཧབ་སྦྲིད་བརྒྱབ་པའམ་གློ་ལུ་བརྒྱབ་ཡོད་ཚེ་མཚོན་ཆ་དེས་ཁོང་གི་སྐུ་སྲོག་འཕྲོག་ཡོད་ངེས།”ཞེས་བཤད།
   སྤྱི་ལོ་༡༩༥༩ ལོའི་ལོ་མཇུག་ཙམ་ལ་ཀིང་གིས་མོན་ཌ་གྷོ་མེ་རེ་ས་གནས་ཀྱི་ཡེ་ཤུ་ཆོས་ཁང་གི་འཐུས་མི་ཚོ་ལ་ཁོང་གང་མགྱོགས་དགོངས་པ་ཞུ་རྒྱུ་ཡིན་སྐོར་བཤད། ཁོང་ལུས་ཁམས་གསོ་ཆེད་ཨཱ་ཌ་ལཱན་ཌཱ་ས་ཁུལ་དུ་ཡོད་པའི་རང་གི་ཁྱིམ་ལ་ལོག་འཆར་ཡོད། ཁོང་གིས་ངའི་ལས་ཁུར་ཅུང་ཇེ་ཡང་དུ་གཏོང་དགོས་ཀྱི་འདུག་ཅེས་བཤད། ཁོང་གི་ལས་ཁུར་ལྕི་དྲགས་པས་ངལ་གསོ་ཅུང་ཙམ་མ་བྱས་ཚེ་ལུས་ཁམས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན་པ་རེད། ཨཱ་ཌ་ལཱན་ཌཱ་རུ་ཁོང་གི་ཡབ་ཆེན་གྱིས་ཁོང་ལ་ཆོས་ཁང་གི་ཕྱག་ལས་མང་པོ་གནང་རོགས་བྱ་ངེས་པས། རྗེས་སུ་ཁོང་གིས་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་དོན་རྒྱུན་འཁྱོངས་ཐུབ་ངེས།
   ཀིང་གིས་”ལོ་རྒྱུས་ཀྱིས་ངའི་ཕྲག་ཏུ་འདོར་ཐབས་བྲལ་བའི་འགན་ཁུར་ཞིག་བཀལ་བྱུང།”ཞེས་གསུངས།
   ཁོང་གིས་གསུང་བཤད་གནང་ཚར་བ་དང་སྐད་གདངས་གཉོམ་པོར་གྱུར་ཞིང་ངུས་བྱུང།
   སྤྱི་ལོ་༡༩༦༠ ལོའི་ལོ་འགོ་ལ་ཀིང་ཡབ་ཀྱིས་འཛིན་སྐྱོང་བྱེད་པའི་ཡེ་ཤེས་ཆོས་ཁང་དེར་ཕྱིར་ལོག་པ་དང་། སྐབས་དེར་ཏག་ཏག་སྤྱི་དམངས་ཐོབ་ཐང་རྩོད་ལེན་བྱེད་པའི་ལས་འགུལ་ཤུགས་ཆེན་སྤེལ་བའི་འགོ་བཙུགས་མ་ཐག་ཡིན། སྤྱི་ཟླ་གཉིས་པའི་ནང་མི་རིགས་དཀར་པོ་དང་ནག་པོའི་སློབ་ཕྲུག་ཚོས་ལྷོ་ཕྱོགས་ས་ཁུལ་དུ་མདུན་ཅོག་གཅིག་གི་སྟེང་ཉིན་གུང་གི་ཟས་ལ་མཉམ་རོལ་བྱ་བའི་ལས་འགུལ་ཐོག་མར་སྤེལ། ཁོང་ཚོ་མི་རིགས་དཀར་པོ་ཚོ་གུང་ཚིགས་ལ་རོལ་སའི་ཅོག་ཙེའི་སྟེང་མཉམ་དུ་བསྡད་དེ་འདོད་མོས་བཞིན་ཞབས་ཞུ་མ་བསྒྲུབ་བར་མི་འགྲོ་བའི་ལས་འགུལ་སྤེལ། མི་རིགས་དཀར་པོ་དང་ནག་པོ་མཉམ་སྡོད་བྱེད་པའི་ལས་འགུལ་དེ་མེ་དཔུང་འབར་བ་བཞིན་དར་ཁྱབ་ཆེན་པོ་བྱུང་། རིང་པོར་མ་འགོར་བར་མི་རིགས་དཀར་པོ་དང་ནག་པོ་མཉམ་སྡོད་བྱེད་པའི་ལས་འགུལ་དེ་སྡེ་ཚན་ཚོང་ཁང་དང་། ཚོང་སྣ་མང་བའི་ཁྲོམ་ར་ཆེན་པོ་དང་། དཔེ་མཛོད་ཁང་དང་། ཟློས་གར་ཁང་སོགས་སུ་དར་ཁྱབ་བྱུང་བ་དང། སློབ་ཕྲུག་མང་པོ་ཞིག་འཇུ་བཟུང་གིས་བཙོན་དུ་བཅུག
   ཀིང་གིས་མི་རིགས་དཀར་ནག་གཉིས་མཉམ་སྡོད་བྱེད་པའི་ལས་འགུལ་འགོ་རྩོམ་པའི་སྣེ་ཁྲིད་བྱས་མེད་ལ། ཐོག་མར་སྣེ་ཁྲིད་དང་མཛུབ་སྟོན་བྱེད་མཁན་གཅིག་ཀྱང་མེད་པར་ཁོང་ཚོས་རང་མོས་བཞིན་ལས་འགུལ་དེ་འགོ་བརྩམས། སློབ་ཕྲུག་ཚོ་ལྷོ་ཕྱོགས་ས་ཁུལ་གྱི་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལམ་ལུགས་མེད་པར་བཟོ་ཐབས་ཀྱི་ལས་གཞིའི་ནུས་པ་ཞན་དྲགས་པར་ཁོང་ཁྲོ་ལངས་ཏེ། ཁོ་རང་ཚོའི་ངོས་ནས་ལས་ཐབས་ཤིག་སྤེལ་རྒྱུའི་ཐག་གཅོད་བྱུང་ལ། སློབ་ཕྲུག་དེ་ཚོས་ཀིང་གིས་ངོ་རྒོལ་ལས་འགུལ་སྤེལ་ཐབས་ཚང་མ་ཞིབ་རྒྱས་ཤེས་ཀྱི་ཡོད། ཁོང་ཚོས་ཀྱང་འཚེ་མེད་ཞི་བའི་ལྟ་གྲུབ་ལ་ཡིད་རྟོན་བྱེད་ཀྱི་ཡོད། ཁོང་ཚོར་ངན་དམོད་དང་གཅར་རྡུང་ཅི་ཙམ་བྱས་ཀྱང་ཕྱིར་ངན་ལན་གཏན་ནས་བསློགས་མེད། ཀིང་ནི་ཁོང་ཚོའི་བསམ་བློ་དང་འདུ་ཤེས་འཛིན་སྟངས་ཀྱི་མིག་དཔེ་ལྟ་ས་ཡིན་པ་རེད།
   ཀིང་མི་རིགས་དཀར་ནག་གཉིས་མཉམ་སྡོད་བྱེད་པའི་ལས་འགུལ་ནང་ཞུགས་ཏེ་ནུས་པ་ལྡན་པའི་ལས་དོན་གཉེར་ནས་རིང་པོ་མ་འགོར་བར། སྤྱི་ལོ་༡༩༦༠ ལོའི་སྤྱི་ཟླ་༡༠ པའི་ནང་ཨཱ་ཌ་ལཱན་ཌཱ་ས་ཁུལ་དུ་སྡེ་ཚན་ཚོང་ཁང་ཞིག་གི་ནང་དུ་མཉམ་སྡོད་བྱེད་པའི་ལས་འགུལ་(sit-ins)ཁྲོད་ནས་འཛིན་བཟུང་བྱས། ཁྲིམས་དཔོན་བཙན་པོ་ཞིག་གིས་ཀིང་བཙོན་ཁང་ནང་དུ་ཟླ་བཞིའི་རིང་འདུག་དགོས་པའི་བཙན་བཀའ་བཏང་ཞིང། འཛིན་བཟུང་བྱས་པའི་ཉིན་དེའི་ཕྱི་ཉིན་ནས་བཙོན་ཁང་དུ་བཅུག་སྟེ་མི་གཅིག་ཀྱང་ཁོང་ལ་ཐུག་འཕྲད་བྱེད་མི་ཆོག་པ་བྱས།
   ཀིང་བཙོན་དུ་བཅུག་པའི་གནས་ཚུལ་དེ་འཛམ་གླིང་ཁྱོན་ཡོངས་ལ་ཁྱབ་པར་གྱུར། སྐབས་དེར་རྗོན་ཨེ་ཧྥ་ཀེན་ནེ་ཌི་(John F.Kennedy)ཡིས་ཨ་མེ་རི་ཁའི་སྲིད་འཛིན་གྱི་ཕྱག་ལས་གནང་གི་ཡོད་པ་དང། ཁོང་གིས་ཨཱ་ཌ་ལཱན་ཌཱ་ས་གནས་སུ་ཡོད་པའི་ཀིང་གི་བཟའ་ཟླ་ཀོ་རེ་ཌཱ་ལ་ཁ་པར་བཏང་ནས་སེམས་གསོ་བྱས། རྗེས་སུ་ཀིང་གི་བཟའ་ཟླ་ཀོ་རེ་ཌཱ་ཡིས་ཁ་པར་གྱི་ལམ་ནས་གླེང་མོལ་བྱས་སྐོར་བརྗོད་དོན་”ཁོང་གིས་ཁྱེད་རང་ལ་དཀའ་ངལ་ཡོད་པ་དེ་བཤད་མ་དགོས་པ་ཞིག་རེད། ཁོང་གིས་ང་ཚོའི་གནས་བབ་ལ་སེམས་ཁུར་བྱེད་ཀྱི་ཡོད་པ་དེ་ང་ལ་ཤེས་འཇུག་འདོད་ཡོད་སྐོར་དང།    ཁོང་གི་ངོས་ནས་ནུས་པ་གང་ཡོད་བཏོན་ནས་རོགས་པ་བྱ་ངེས་ཡིན་སྐོར་སོགས་བཤད་ཡོད་པར་བརྗོད།”
   ཀེན་ནེ་ཌི་ཡི་སྤུན་མཆེད་རོ་བྷེར་ཌ་ཡིས་ཀྱང་ཁ་པར་བཏང་། ཁོང་གིས་ཀིང་བཙོན་དུ་འཇུག་མཁན་ཁྲིམས་དཔོན་དེ་ལ་ཁ་པར་བཏང་སྟེ་ཀིང་ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་སྒོ་ནས་གློད་གྲོལ་ཆོག་མིན་སྐད་ཆ་དྲིས་པ་དང་། ཕྱི་ཉིན་དེར་ཁྲིམས་དཔོན་དེས་ཀིང་ཁྲིམས་མཐུན་གྱི་འགན་ལེན་ཡོད་པའི་སྒོ་ནས་གློད་གྲོལ་བྱ་རྒྱུའི་མོས་མཐུན་བྱས། ཀིང་གིས་རྗོན་ཨེ་ཧྥ་ཀེན་ནེ་ཌི་ལ”སྙིང་ཐག་པ་ནས་ཐུགས་རྗེ་ཆེ་”ཞུས། སྤྱི་ལོ་༡༩༦༠ ལོའི་ཟླ་༡༡ པའི་ནང་མི་རིགས་ནག་པོ་མང་ཆེ་བས་ཀེན་ནེ་ཌི་ལ་འོས་ཤོག་བླུགས་པ་དང། མི་རིགས་ནག་པོ་མང་ཆེ་བས་འོས་ཤོག་བླུགས་པ་དེས་ཁོང་སྲིད་འཛིན་དུ་འོས་འདེམས་བྱ་བར་གཞོགས་འདེགས་ཐོབ།
   སྤྱི་ལོ་༡༩༦༡ ལོར་མི་རིགས་དཀར་པོ་དང་ནག་པོའི་སློབ་ཕྲུག་ཚོ་འགྲུལ་འཁོར་ནང་བསྡད་དེ་ཕྱོགས་སྐྱོད་ཀྱིས་རང་དབང་རྩོད་ལེན་གྱི་ལས་འགུལ་སྤེལ་འགོ་བརྩམས། ལྷོ་ཕྱོགས་སུ་ཁོང་ཚོ་སྤྱི་སྤྱོད་འགྲུལ་འཁོར་དག་གི་ནང་བསྡད་དེ་ལས་འགུལ་སྤེལ་ཐབས་བྱས། སྤྱི་སྤྱོད་འགྲུལ་འཁོར་འབབ་ཚིགས་ཁག་ཏུ་ཁོང་ཚོས་དེ་སྔོན་མི་རིགས་དཀར་པོ་ཚོ་ཁོ་ནས་སྤྱོད་པའི་གུང་ཚིགས་ཟ་ས་དང་། སྒུག་སྡོད་བྱེད་ས། ངལ་གསོ་རྒྱག་ས་སོགས་མཉམ་སྤྱོད་བྱས་པས། ཁོང་ཚོའི་ནང་ནས་མང་པོ་ཞིག་བཙོན་འཇུག་བྱས། བཙོན་ཁང་དུ་ཁོང་ཚོས་རང་དབང་ཆེད་བརྩམས་པའི་གླུ་གཞས་དག་བླངས། སྐབས་དེར་ཁོང་ཚོ་དགའ་སའི་རང་དབང་གི་གཞས་ནི་”ང་ཚོ་དཀའ་སྡུག་ལས་རྒྱལ་ཁ་འཐོབ་ངེས།”ཞེས་པ་དེ་ཡིན་ལ། དེའི་གཞས་ཚིག་ཁག་ཅིག་ནི།

འུ་ཅག་ལག་རྡང་གིས་སྐྱོད་དང
འུ་ཅག་ལག་རྡང་གིས་སྐྱོད་དང
ཡུན་གྱིས་འུ་ཅག་ལག་རྡང་གིས་སྐྱོད་དང     
སེམས་བསམ་པའི་གཏིང་ནས
ཉིན་ཞིག་ང་ཚོ་དཀའ་སྡུག་ལས་རྒྱལ་བའི་ཡིད་ཆེས་ང་ལ་ཡོད
འུ་ཅག་སྐྲག་མི་དགོས    འུ་ཅག་འཇིགས་མི་དགོས
དེང་སྐབས་འུ་ཅག་འཇིགས་སྐྲག་སྐྱེ་མི་དགོས   
སེམས་བསམ་པའི་གཏིང་ནས
ཉིན་ཞིག་ང་ཚོ་དཀའ་སྡུག་ལས་རྒྱལ་བའི་ཡིད་ཆེས་ང་ལ་ཡོད།

   མཚམས་རེར་རང་དབང་གི་ལས་འགུལ་སྤེལ་བར་འགྲུལ་འཁོར་ནང་ཕྱོགས་སྐྱོད་བྱེད་མཁན་ཚོར་མི་རིགས་དཀར་པོའི་ཟིང་འཁྲུག་སློང་མཁན་ཚོས་གཅར་རྡུང་བྱེད་ཀྱི་ཡོད། ཉིན་ཞིག་རང་དབང་ལས་འགུལ་སྤེལ་བར་འགྲུལ་འཁོར་ནང་ཕྱོགས་སྐྱོད་བྱེད་མཁན་ཁག་ཅིག་གིས་ཨཱ་ལཱ་བྷཱ་མཱ་ས་ཁུལ་གྱི་ཆོས་ཁང་ཞིག་གི་ནང་ཀིང་གིས་གཏམ་བཤད་གནང་བར་ཉན་ནས་སྡོད་སྐབས། ཁོང་ཁྲོ་ལངས་པའི་མི་རིགས་དཀར་པོ་སྐོར་ཁག་ཅིག་ཆོས་ཁང་གི་ཕྱི་རོལ་ཏུ་འཛོམས་ཤིང་། ཁོ་ཚོ་ཆོས་ཁང་གི་ནང་ལ་ཤོར་རྩིས་བྱས། འོན་ཀྱང་ཨ་རིའི་སྲིད་གཞུང་གི་བདེ་སྲུང་དམག་དཔུང་གིས་མིག་ཚ་བའི་དུག་རླངས་གཡུགས་ཏེ་འགོག་ཐབས་བྱས་ཤིང། མཐར་རྒྱལ་ཁབ་ཀྱི་བདེ་སྲུང་མི་སྣ་ཚོ་ལ་བརྡ་བརྒྱབ་སྟེ་མི་རིགས་དཀར་པོའི་ཟིང་ཆ་སློང་མཁན་དེ་དག་ཕྱིར་ལོག་བཅུག་ནས་ཀིང་དང་རང་དབང་ལས་འགུལ་སྤེལ་བར་འགྲུལ་འཁོར་ནང་ཕྱོགས་སྐྱོད་བྱེད་མཁན་ཚོ་སྲུང་སྐྱོབ་བྱས།
   རྗེས་སུ་ཀིང་གིས་རང་དབང་ལས་འགུལ་སྤེལ་བར་འགྲུལ་འཁོར་ནང་ཕྱོགས་སྐྱོད་བྱེད་མཁན་སྐོར་ཞིག་ལ་”ང་ཚོ་ཚང་མས་ངེས་པར་དུ་རྩ་དོན་ཞིག་གི་ཆེད་འཆི་བར་འཚེ་མེད་ཞི་བའི་བརྟུལ་ཞུགས་འཛིན་པའི་སྙིང་སྟོབས་གོང་འཕེལ་གཏོང་དགོས། ང་ཚོ་སུ་ཡང་འཆི་རྐྱེན་ཞིག་ལ་འཕྲད་པའི་སྣང་ཚུལ་གཏན་ནས་མཐོང་འདོད་མེད་ལ། ང་ཚོ་ཚང་མ་ཚེ་སྲོག་ལ་བརྩེ་འདང་ཡོད་པ་རེད། འདིར་ལུས་སྲོག་ཕངས་མེད་ཀྱིས་འཆི་འདོད་མཁན་སུ་ཡང་མེད། འོན་ཀྱང་ང་ཚོ་ཚང་མས་འགའ་ཞིག་འཆི་རྐྱེན་ལ་འཕྲད་ངེས་པའང་ཤེས་ཀྱི་ཡོད་པ་དེ་རེད།”ཅེས་བཤད།

མདུན་ཤོག