གུས་བཀུར་འོས་པའི་མི་སྣ། (ཨང་དང་པོ)
གཡང་ཕྱུག སུ་ཇ་བོད་ཁྱིམ་སློབ་གྲྭ།
མཉམ་མཉམ་མཛད་རྗེས་རི་རྒྱལ་སྤོ་དང་མཉམ། །དཀར་དཀར་སེམས་རྒྱུད་དཀར་པོ་དུང་ལས་དཀར། །
འཇམ་འཇམ་གཤིས་རྒྱུད་དྲང་མོ་བལ་ལས་འཇམ། །བདེ་བདེ་ཞི་བདེའི་དེད་དཔོན་ཉིད་ཀྱི་ཞབས། །
གུས་གུས་སྒོ་གསུམ་གུས་པས་མོས་གུས་བྱེད། །
སྤྱིར་གོ་ལ་ཟླུམ་པོ་འདིའི་སྟེང་དུ་གུས་བཀུར་འོས་པའི་མི་སྣ་ནི་རང་ཉིད་ལ་ལུས་རྟེན་ཁྱད་འཕགས་བསྐྲུན་པའི་དྲིན་ཆེན་གྱི་ཕ་མ་དང༌། ལེགས་ཉེས་ཀྱི་བླང་དོར་དང་བཟང་ངན་གྱི་གནས་ལུགས། དེ་བཞིན་ཤེས་བྱ་སྦྱིན་མཁན་གྱི་དགེ་རྒན། གཞན་ཡང་སྐྱེས་སྟོབས་ཀྱི་ཤེས་རབ་ལྡན་ཞིང་སྦྱང་བརྩོན་གྱི་ཡོན་ཏན་མངའ་བའི་མཁས་མཆོག་དམ་པ། མི་རིགས་དང་མེས་རྒྱལ་གྱི་ཆེད་དུ་རང་སྲོག་བློས་གཏོང་བྱེད་ཐུབ་ཅིང་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་དཔའ་བོ་དང་དཔའ་མོ་སོགས་ནམ་མཁའི་སྐར་ཚོགས་བཞིན་བགྲང་ལས་འདས། ཡིན་ཡང་དེ་དག་ལས་ཀྱང་ཆེས་ཁྱད་དུ་འཕགས་ཤིང་བླ་ན་མེད་པའི་མཛད་རྗེས་དང་གཟི་བྱིན་ལྡན་པའི་མི་ནི་ཆེས་གུས་བཀུར་འོས་པའི་མི་སྣ་བརྗོད་ན་འདི་ལྟར།
གུས་བཀུར་འོས་པའི་མི་སྣ་ཁོང་ནི་འདས་པའི་བགྲང་བྱ་བཞི་བཅུའི་ཡར་ སྔོན་ལ་རང་ཉིད་ལྟེ་ཁྲག་འཕོ་སའི་གནས་དེར་ཞི་བདེ་བག་ཕབ་ངང་འཚོ་རྒྱུའི་གོ་སྐབས་བྲལ་བས། དགྲ་བོའི་མེ་མདའ་དང༌། ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ། དེ་བཞིན་རི་ཆུ་སྟོང་ཕྲག་མང་པོ་བརྒལ་ཏེ་ས་བཅུའི་དགེ་མཚན་ལྡན་པའི་འཕགས་ཡུལ་དུ་འབྱོར། གནས་དེ་རུ་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་སྐད་ཡིག་དང་ནང་ཆོས་ཀྱི་རྟེན་གཞི་དགོན་པ་བརྒྱ་ཕྲག་མང་པོ་བཙུགས་ཏེ་ནང་པའི་ཆོས་ལུགས་དར་ཁྱབ་སྔོན་ལས་ལྡབ་འགྱུར་གྱི་ཆེ་རུ་སོང༌། རེད་ལགས། ཁོང་གི་ཀུན་སྙོམས་ཀྱི་ཐུགས་བརྩེ་དང་བླ་མེད་ཀྱི་གཟི་བྱིན་ལྡན་པས་ང་ཚོའི་གུས་བཀུར་འོས་པའི་མི་སྣ་ཁོ་ན་ལགས།
ཕྱིའི་དངོས་པོ་ཡར་རྒྱས་ཆེ་ཞིང་ནང་བསམ་པ་སྟོང་པའི་དུས་འདིར། ང་ཚོའི་སྙིང་ཁོང་ནས་གུས་བཀུར་འོས་པ་ཁོང་གིས་གདུལ་བྱ་ཡོངས་ལ་དམ་པའི་ཆོས་འཆད་དེ། ཆོས་ཀྱི་སྦྱིན་པ་བགྲང་གིས་མི་ལངས་པ་གནང་བས་དད་ལྡན་སྐྱེ་འགྲོ་བྱིངས་ཀྱིས་ཁོང་མགོན་དུ་བཀུར་ཞིང་སྐྱབས་སུ་བསྟེན་ནས་དྭངས་གཙང་གི་ཁ་བཏགས་ཁོང་ཉིད་ལ་འབུལ། ངོ་མ་ཁོང་གི་མཛད་རྗེས་ནི་རི་རབ་ལས་མཐོ་ཞིང་གཏིང་མཐའ་བྲལ་བའི་རྒྱ་མཚོ་ལས་ཀྱང་ཟབ་པ་མ་ཟད། ཁོང་གིས་ས་སྒང་འདིའི་སྟེང་དམག་འཁྲུག་བྱུང་དུས་དྲག་པོའི་འཐབ་རྩོད་ཀྱི་ཉེས་དམིགས་དང་ཞི་བའི་འཐབ་རྩོད་ཀྱི་དགེ་ཕན་བརྗོད་མཐར། ཁོང་ཉིད་ལ་སྙན་པར་གྲགས་པའི་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོའི་གོ་མིང་ཕུལ།
ཆེས་གུས་པར་འོས་པའི་མི་ཁོང་ནི་བྲག་སྲིན་རིགས་རྒྱུད་ཀྱི་བླ་ན་མ་མཆིས་པའི་མགོན་སྐྱབས་སམ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བསླུ་མེད་ཁོ་ན་ཞིག་ཡིན། འདས་ཟིན་པའི་བགྲང་བྱ་རིང་མོའི་ཁྲོད་དུ། རྒྱ་ནག་གི་སྲིད་ཇུས་སྔོན་ལས་དམ་ཞིང་གོ་དམག་མཁྲེགས་ལ། ཆོལ་ཁ་དང་ཆོས་ལུགས་ཀྱི་བར་གྱང་མཐོ་ཡང་ཁོང་ཉིད་ཀྱི་བློ་སྤོབས་གཏན་ནས་མ་ཉམས་པར་ལག་གཉིས་ཐལ་མོ་སྦྱར་ཏེ་ཕྱིའི་ཡུལ་གྲུ་ཁག་ཏུ་འགྲིམས་ནས་སློང་མོ་བའི་ལས་ལ་ཞུགས་ཏེ་གངས་ཅན་ལྗོངས་གྱི་མ་འོངས་སོན་རྩ་རྣམས་ལ་རང་མི་རིགས་ཀྱི་བླ་སྲོག་ཏུ་གྱུར་པའི་བོད་ཀྱི་སྐད་ཡིག་གཙོ་བོར་བྱས་ཏེ་དེང་རབས་ཀྱི་ཤེས་བྱ་མཐའ་དག་ལ་སྦྱང་རྒྱུའི་གོ་སྐབས་རྩ་ཆེན་གནང༌། ངོ་མ་གུས་བཀུར་འོས་པའི་མི་ཁོང་ཉིད་མེད་ཚེ་བདག་པོ་མེད་པའི་སྒོ་ཁྱི་ང་ཚོ་གང་དུ་འཚོ། ཁོང་ཉིད་མེད་ཚེ་ཕ་མ་མེད་པའི་དྭ་ཕྲུག་ཚོ་སུ་ཡིས་བདག་སྐྱོང་བྱེད། ཁོང་ཉིད་མེད་ཚེ་རྒྱལ་ཁམས་མེད་པའི་སློང་མོ་བ་ཁྱུ་ཚོགས་གང་དུ་གནས། ཆེས་གུས་པར་འོས་པ་མི་ཁོང་ཉིད་ལ་ང་ཚོའི་རང་ཉིད་ཀྱི་དཔྲལ་བའི་མིག་དང༌། ཁོག་པའི་སྙིང་ལྟར་བདག་གཅེས་དང་གུས་བཀུར་ཞུ་དགོས།
འཕེལ་རྒྱས་ཀྱི་ཡང་རྩེར་སོན་པའི་དུས་གསར་འཕོ་འགྱུར་གྱི་ཡོ་ལང་ཁྲོད་དུ་ཕྱི་གླིང་པ་མང་པོ་ཞིག་གིས་ང་ཚོའི་གུས་བཀུར་འོས་པའི་མི་སྣའི་ཡང་དག་འཚེ་མེད་ཞི་བའི་ཕན་ནུས་དང་དགོས་དམིགས། དེ་བཞིན་ཁོང་གི་མཐུ་ནུས་རྟོགས་ཏེ་ཡིད་ཆེས་དང་རེ་བ་བཅོལ། རྒྱུ་ནོར་ལོངས་སྤྱོད་ལ་ཕངས་པ་མེད་པར་ང་ཚོར་གནང་ནས་ནང་ཆོས་ལ་སློབ་གཉེར་མཛད་ཀྱི་ཡོད། དེར་མ་ཟད། དེང་སང་འཛམ་བུ་གླིང་འདིའི་སྒང་དུ་མཚན་སྙན་རྒྱས་པའི་ཚན་རིག་པ་དང༌། སྙན་ངག་པ། ཆོས་ལུགས་པ། ས་ཁམས་དང་ལོ་རྒྱུས་སྨྲ་བ། ཆབ་སྲིད་པ། རྩོམ་རིག་པ་སོགས་ཀྱི་ང་ཚོ་བྲག་སྲིན་རིགས་རྒྱུད་ཀྱི་གུས་བཀུར་འོས་པའི་མི་སྣ་ཁོང་ཉིད་ལ་མཐའ་གཅིག་ཏུ་བརྩི་བཀུར་དང༌། ཡིད་ཆེས། གདེང་འཇོག་གནང་དང་གནང་བཞིན་པ་ནི་ང་ཚོའི་མིག་གི་མཐོང་བཞིན་ཡོད་པ་རྣམས་ཐོས་བཞིན་ཡོད་པ་བརྗོད་མ་དགོས་པ་ཞིག་རེད།
གདོང་དམར་སྤུན་ཟླའི་ཁྲ་ཆུང་མིག་གི་ལྟ་ས་དང་གངས་དཀར་སེམས་ཀྱི་འཛིན་ས་ཁོང་ཉིད་འདི་ལྟར་འཛམ་གླིང་མི་དམངས་ཀྱི་སྙིང་ནས་དགའ་ས་དང༌། ཞེ་ནས་བཀུར་སར་གྱུར་དུས་འཇོན་ཐང་མེད་པ་ང་ཚོས་ཁོང་ཉིད་ལ་ཤ་མར་ཐུད་གསུམ་གྱི་སྡེར་ཁ་བསྒྲིགས། ཇ་ཆང་ཞོ་གསུམ་གྱི་མཚོ་མོ་བསྐྱིལ་ཏེ་གསོལ་སྟོན་བཤམས་མྱོང༌། ངོ་མ། ཁོང་ནི་བྲག་སྲིན་རིགས་རྒྱུད་ཁོ་ནས་ཆེས་གུས་བཀུར་འོས་པའི་མི་མིན་པར་འཇིག་རྟེན་ཟླུམ་པོ་འདིའི་སྟེང་གནས་པའི་འབུ་སྲིན་སྲོག་ཆགས་ཡོད་ཚད་ཀྱི་མ་མ་ལྟ་བུ་ཡིན་པས། འཛམ་གླིང་མི་དམངས་ཀྱི་དབུ་ཁྲིད་ཀྱིས་ཁོང་ལ་བསྟོད་ཚིག་མེ་ཏོག་འབུལ་མཁན་ནམ་མཁའི་རྒྱུ་སྐར་བཞིན་ཤིན་ཏུ་མོད་ཅིང༌། ཁོང་ཉིད་ལ་རྒྱབ་སྐྱོར་དང་རོགས་གནང་མཁན་ཡང་ཆར་ཤུལ་གྱི་ཤ་མོ་བཞིན་བགྲང་གིས་ག་ལ་ལང༌།
མདོར་ན་ཆེས་གུས་བཀུར་འོས་པའི་མི་སྣ་ཁོང་ཉིད་ནི་འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་བྱིངས་ལ་བརྩེ་བ་ཁྱད་མེད་དུ་སྦྱིན་མཁན་གྱི་ཉི་མ་ལྟ་བུ་ཡིན་པས་ཇི་སྲིད་བསྐལ་པ་མ་འཇིག་དེ་སྲིད་བར་དུ་ནམ་ཡང་བརྗེད་ཐབས་བྲལ།
ལྗོངས་ལྗོངས་གངས་ལྗོངས་རི་བོ་ཡི་བདེན་མཐའ། །བཀག་བཀག་དུས་བཀག་བར་ཆད་དང་བྲལ་ཏེ། །
སྐྱིད་སྐྱིད་བདེ་སྐྱིད་འོད་སྣང་གི་དྭངས་མ། །སྨོན་སྨོན་བསིལ་ལྡན་གངས་ལྗོངས་ལ་སྨོན་ནོ། །
ཞན་ཆ།
རི་རྒྱལ་སྤོབས་(རི་རྒྱལ་སྤོ་) ཞི་དེ་དེད་དཔོན་(ཞི་བདེའི་དེད་དཔོན་) གོ་ལ་ཟླུམ་པོ་འདི་སྟེང་(གོ་ལ་ཟླུམ་པོ་འདིའི་སྟེང་) བགྲང་བྱ་བཞི་ཅུའི་(བགྲང་བྱ་བཞི་བཅུའི་) ས་བཅུའི་དགེ་མཚན་(ས་བཅུད་ཀྱི་དགེ་མཚན་) ནང་ཆོས་ཀྱི་རྟེན་གཞི་སྒོམ་པ་(ནང་ཆོས་ཀྱི་རྟེན་གཞི་དགོན་པ་) བགྲང་གི་མི་ལངས་པའི་སྦྱིན་བཏང་ཕྱིར(བགྲང་གིས་མི་ལང་པ་གནང་པས་) ཁོ་བོ་མཆོག་གི་(ཁོང་གི་) སྙན་པར་གྲགས་པའི་ཚན་རིག་པ་(མཚན་སྙན་རྒྱས་པའི་ཚན་རིག་པ་) མེ་ཏོག་ཕུལ་མཁན་(མེ་ཏོག་འབུལ་མཁན་) ཤ་མར་མཐུ་གསུམ(ཤ་མར་ཐུད་གསུམ།) སྨོན་སྨོན་བསིལ་ལྡན་ལྗོངས་ལ་མྱུར་འགྲོས་ཀྱི་སྨོན་ནོ། །(སྨོན་སྨོན་བསིལ་ལྡན་གངས་ལྗོངས་ལ་སྨོན་ནོ། །)
གུས་བཀུར་འོས་པའི་མི་སྣ། (ཨང་གཉིས་པ)
མགོན་པོ་དོན་གྲུབ། མ་སུ་རི་བོད་ཁྱིམ་སློབ་གྲྭ།
ཉམ་ཐག་སྐྱེ་རྒུའི་སྡུག་བསྔལ་སེལ་མཁས་པའི། །གངས་ཅན་བོད་མི་ཡོངས་ཀྱི་མགོན་གཅིག་པུ། །
ངེས་པ་དོན་གྱི་སྐྱབས་གཅིག་དམ་པ་དེར། །སོར་བཅུའི་ཐལ་མོ་སྦྱར་ནས་མགོས་ཕྱག་འཚལ། །
བཅས་བསྟོད་ཕྱག་སྔོན་ཏུ་བཏང་ནས་ཐོག་མ་དེ་ལ་དེ་རིང་རང་གཞུང་ཤེས་རིག་ལས་ཁུངས་ནས་ཕྲན་ཚོར་སྐབས་སུ་བབས་པའི་རྩོམ་རིག་གི་ལས་ལ་འཇུག་པའི་གོ་སྐབས་གནང་བ་ལ་སྙིང་ཐག་པ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་བཅས་གང་གླེང་བར་བྱ་བ་ནི། དེ་རིང་གི་འབྲི་རྩོམ་གྱི་བརྗོད་གཞི་གུས་བཀུར་འོས་པའི་མི་སྣ་ཞེས་པ་དེ་ཡིན་པས་གཟིགས་པར་མཁྱེན།
འགྲོ་བ་རིགས་དྲུག་གི་ནང་ནས་མི་ཡི་མི་ཚེ་ནི་ཧ་ལམ་བདེ་འགྲོ་ཡི་ནང་དུ་གཏོགས་ལ། དེ་ཡང་མི་ལུས་རིན་ཆེན་ཐོབ་པར་བསྐལ་པ་མང་པོར་རང་ཉིད་ཀྱིས་དགེ་བའི་ཚོགས་བསགས་ནས་མི་ལུས་རིན་ཆེན་ཐོབ་པ་ལས། མ་རུང་བའི་ལས་འབྲས་མི་རྩི་མཁན་དག་ནི་ངན་འགྲོ་སྟེ་དུད་འགྲོའི་རིགས་སུ་སྐྱེ་རྒྱུ་ནི་གདོན་མི་ཟ། དེ་འདྲའི་བརྒྱུད་རིམ་འོག་ནས་ནང་པའི་གཞུང་ལུགས་ལ། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་ཉིད་དུ་འགྱུར། །གསུངས་པ་ལྟར། གལ་སྲིད་མི་ཞིག་གིས་ལས་ངན་པ་བསགས་ཡོད་ན་འབྲས་བུ་ཡང་ངན་པ་ཞིག་དང༌། མི་དགེ་བའི་ལས་སོགས་མཐའ་གཅིག་ཏུ་འཛེམས་པའམ་སྤངས་ནས་སངས་རྒྱས་ཀྱིས་ཇི་གསུངས་བཀའ་བཞིན་བསྒྲུབས་ནས་གཅིག་ཀྱང་མ་ལུས་པར་ཉམས་ལེན་བྱས་ན་ཐར་པའི་གོ་འཕང་འཐོབ་རྒྱུ་ནི། རྒྱུ་ས་བོན་ལ་གྲོ་བཏབ་ན་འབྲས་བུ་ཡང་གྲོ་བྱུང་བ་ལས་འབྲས་ནས་འབྱུང་བ་མི་སྲིད་པའི་ཕྱིར།
དེ་ཡང་སྒོར་ཞིང་ཟླུམ་པའི་འཛམ་གླིང་འདིའི་ཐོག་ཏུ་སྐྱེ་བོ་འདྲ་མིན་རྣམས་འབྱུང་བ་ལྔ་ལ་བརྟེན་ནས་འཚོ་གནས་བྱེད་བཞིན་ཡོད་ལ། དེ་ཡང་ཕྱི་ནང་ཁོར་ཡུག་གི་རྐྱེན་ལ་བརྟེན་ནས་ལུང་ཚན་འདྲ་མིན་ཞིག་ཆགས་ཡོད། ལུང་ཚན་དེ་དག་ཡང་རིམ་བཞིན་ཆ་ལུགས་དང་གོམས་གཤིས་རིག་གཞུང་སོགས་ཕྱི་ནང་གི་འབྱུང་རྐྱེན་དུ་མས་འགྱུར་བ་ཐེབས་ནས་མི་རིགས་དཀར་ནག་བཅས་བྱུང་བ་ལས་རིམ་བཞིན་མི་རིགས་ཀྱི་དབྱེ་བ་དང་ལུང་ཚན་གྱི་འཐེན་འཁྱེར་སོགས་རྣམ་གྲངས་དུ་མ་ཞིག་འཛམ་གླིང་འདིའི་སྒང་གྲུབ་ཡོད་པ་ནི་སངས་རྒྱས་ལ་ཀ་ཁའི་ཚུལ་དུ་སྨྲ་མི་དགོས་སོ། །
འོ་་་་་་་་་་་ དེ་འདྲའི་འོག་ནས་མི་ཞིག་གི་མི་ཚེའི་ནང་རང་ཉིད་ཀྱིས་བརྩེ་བ་སྤྲད་ས་དང་དགའ་ཞེན་བྱེད་སའི་མི་སྣ་བགྲང་གིས་མི་ལང་མོད། ལ་ལ་ནི་རང་ཉིད་ཀྱི་ཕ་མ་ལས་མཐའ་གཅིག་ཏུ་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་དང་བརྩེ་བ་ཡོད་མཁན། ཁ་ཅིག་ནི་རང་ཉིད་ཀྱི་བརྩེ་བའི་ཕ་མ་དང༌། འགའ་ཞིག་ནི་ཕུ་ནུ་བར་ཡོད་པ། ཁ་ཤས་ནི་ཕོ་མོ་ཕན་ཚུན་བར་གུས་བཀུར་དང་བརྩེ་བ་ཆེ་ཆུང་སོགས་རྣམ་གྲངས་དུ་མ་ཡོད་པའི་ནང་ནས་ང་ལ་མཚོན་ན་དེ་དག་ལས་གང་ཡང་མ་ཡིན་པར་རང་ཉིད་ཀྱི་ཨ་མས་བཙས་ནས་འཇིག་རྟེན་ཐོག་གོམ་པ་དང་པོ་བརྒྱབ་པ་ནས་ཅི་ཡང་མ་ཚོར་ལ། གང་ཡང་མེད། གཅིག་ཀྱང་སྒྲུབ་མ་ཐུབ་པའི་དུས་ནས་རང་ཉིད་ཀྱི་མ་ལྟར་ལྷག་བསམ་དང་དྲང་བདེན་གྱི་སྒོ་ནས་མིའི་ཕན་ཚུན་བར་གོ་བརྡ་སྤྲོད་བྱེད་ཀྱི་གཞི་ཀ་ཁའི་རིམ་པ་ནས་ད་བར་དུ་དཀའ་ལས་གང་མང་བརྒྱབ་མྱོང་བའི་དགེ་བའི་བཤེས་གཉེན་ཆེན་མོ་སྟེ། བོད་དགེ་ལྷ་མོ་སྐྱབས་ཡིན། ཁོང་ནི་གཟུགས་སྟོབས་ཆེ་ཞིང་གཤིས་རྒྱུད་འཇམ་ལ་དབུ་སྐྲ་རིང༌། མིག་ཤེལ་གྱོན་པ་དང༌། མི་ལ་འབྲེལ་འདྲིས་ཟབ་ཅིང༌། ཁོག་རྒྱ་ཆེ་བ། ལྷག་པར་དུ་བོད་རྒྱལ་ཁབ་ལ་ཤ་ཞེན་དང་དུང་བ་ཆེ། ཡང་སྒོས་སུ་ད་ལྟའི་བོད་ཀྱི་ཆགས་འཇིག་གི་གཉན་འཕྲང་ཅན་འདིའི་སྐབས་སུ་བོད་ཀྱི་ཡང་དག་པའི་རྒྱལ་རབས་དང་དྲང་བདེན་གྱི་སྨྱུ་གུ་ལམ་ནས་རྒྱ་དམར་ལ་ཁ་གཏད་གཅོག་མཁན་གྱི་དཔེ་ལེགས་མི་སྣ་ནི་ཁོང་ཉིད་ཡིན།
ལྷག་པར་དུ་རྒྱ་དམར་གྱི་བོད་ས་བཙན་འཕྲོག་བྱེད་བཞིན་པའི་སྐབས་དམར་པོའི་རིང་ལུགས་ཀྱི་འགོ་གཙོ་མའོ་ཡིས་བྱབྱརྒྱལ་ཁབ་དང་མི་རིགས་ཤིག་རྩ་བ་ནས་མེད་པར་བཟོ་དགོས་ན་ཐོག་མར་རྒྱལ་ཁབ་བམ་མི་རིགས་དེའི་ཐུན་མོང་མ་ཡིན་པའི་སྐད་ཡིག་གམ་རིག་གཞུང་དེ་མེད་པར་བཟོ་དགོས་པ་རེད།བྱབྱ ཅེས་པར་བསམ་གཞིགས་བཏང་ནས་ཁོ་རང་ཚོའི་དམིགས་ཡུལ་གྱི་ལམ་ཁར་གཙང་པོ་དང་རི་རབ་ཀྱིས་འགོག་ཅི་ཐུབ་བྱས་ནས་ད་བར་དུ་བོད་ཕྲུག་གཞོན་སྐྱེས་ཚོ་ལ་ཡིག་ངག་གཉིས་ནས་སྐུལ་འདེད་མང་པོ་བྱས་ཡོད་ལ། ཁོ་རང་གི་དམིགས་ཡུལ་ཆེ་ཤོས་ཀྱང་རང་ཉིད་ཀྱིས་གང་ཤེས་པ་ཐམས་ཅད་མ་འོངས་བོད་ཀྱི་སོན་རྩ་ཚོའི་བློ་ལ་སྦྱར་ནས་ཁོ་ཚོས་རྒྱ་དམར་ལ་ཁ་གཏད་གཅགས་ནས་མ་འོངས་བོད་ཀྱི་གཞུང་འཛིན་པ་དང་འཛུགས་སྐྲུན་བྱེད་མཁན་ཞིག་བྱུང་ན་དེ་ནི་རེ་བ་ཆེ་ཤོས་ཡིན་ཞེས་པའི་གཏམ་དེ་ང་རང་མ་ཟད་སློབ་ཕྲུག་མི་ཉུང་བ་ཞིག་གི་སེམས་ཁམས་ཁ་ལོ་བསྒྱུར་ནས་ཚང་མས་བོད་དོན་ཐོག་ལྷག་བསམ་དང་རང་རིགས་ལ་ལར་ཞེན་ཆེ་རུ་སོང་བ་དེ་ནི་ཁོང་གི་བཀའ་དྲིན་ལས་མ་འདས། དེར་བརྟེན། ང་ཚོས་རང་ཉིད་ཀྱི་ཛ་དྲག་པོའི་དུས་སྐབས་འདིར་ལུང་ཚན་དང་ཆོས་ལུགས་ཀྱི་འཐེན་འཁྱེར་དང་ཕྱོགས་རིས་བཟུང་ནས་མ་བསྡད་པར་ཁོང་ལྟ་བུར་བསྔགས་བརྗོད་དང་རྗེས་སུ་ཡི་རང་ཞུ་རྒྱུ་ནི་གལ་འགངས་ཆེ་ལ། རྒྱལ་ཁབ་ལ་ཤ་ཞེན་ཆེ་བའི་མི་སྣ་ཁོང་ལྟ་བུ་གསོ་སྐྱོང་བྱེད་རྒྱུ་ནི་རྒྱ་དམར་ལ་ཁ་གཏད་གཅོག་རྒྱུའི་ལག་ཆ་ལྟ་བུ་ཡིན་པས་དེ་ལས་ཀྱང་གལ་ཆེའོ། །
ཀློག་མཁན་རྣམ་པ་ཚོ། གཤམ་ནས་ངའི་དགེ་རྒན་ལྷ་མོ་སྐྱབས་ཀྱི་བཀའ་དྲིན་གང་འདྲ་ཡིན་མིན་མདོར་བསྡུས་ཤིག་ཞུ་རྒྱུ་ཡིན་པས་མུ་མཐུད་དེ་གཟིགས་པར་འཚལ།
རྒན་དམ་པ་ལྷ་མོ་སྐྱབས་ལགས། རིང་ཐུང་མི་སྙོམས་པའི་ངའི་མི་ཚེ་འདིར་ཁྱེད་ཉིད་ནི་སྙིང་གི་དུམ་བུ་ཞིག་ཏུ་གྱུར།
རྒན་ལགས་ཁྱེད་ནི་འདས་པའི་ལོ་རྒྱུས་ལ་གཞིགས་ན་ཡབ་མེས་རྣམས་ཀྱི་ཤ་ཁྲག་གི་ཕུང་པོ་སྐབས་སུ་བབ་པའི་དུས་རབས་འདིའི་བླ་སྲོག་ངོ་མ་ཞིག་ཏུ་གྱུར།
སྐབས་སུ་བབ་པའི་འཚོ་བ་ལ་བལྟོས་ན་ཁྱེད་ཉིད་ནི་ང་ཚོས་མི་ཚེ་ཡི་རེ་ལྟོས་དང་བོད་ལྗོངས་གསར་སྐྲུན་གྱི་མ་ལག་ཅིག
འབྱུང་འགྱུར་ཡང་ཁྱེད་ནི་འཛམ་གླིང་གི་མཛེས་རྒྱན་དང་མ་རིག་མུན་པ་སེལ་བའི་སྒྲོན་མེ་སྟེ། ནམ་ཡང་འགྱུར་བ་མེད་པ་ནི་ཁྱེད་ཀྱི་མི་རིགས་ལ་བཅངས་པའི་བརྩེ་དུང་དང་ང་ཚོ་ལ་བཅངས་པའི་རེ་ལྟོས་ཁོ་ནའོ། །
དགེ་རྒན་ལགས། ཁྱེད་ཀྱི་ཐུགས་དགོངས་ནམ་མཁའི་དབྱིངས་སུ་ལྷག་བསམ་གྱི་སྤྲིན་པ་འཁོར་ནས་ལྔ་རིག་གི་སྦྲང་ཆར་འབབ་དུས་བཀྲེས་སྐོམ་གྱི་འཆི་ལ་ཉེ་བའི་ཤེས་ཡོན་དོན་གཉེར་ཅན་དག་གི་ཡུལ་གྱི་ཞིང་ས་བརླན། ལོ་ཏོག་སྐྱེས། དེ་བས་ཀྱང་འབྲས་བུ་སྨིན་ནོ། །
དེ་བས་ཁྱེད་ནི་འཛམ་གླིང་དང་ནང་སྒོས་སུ་བོད་གངས་ལྗོངས་སུ་ནོར་བུ་རྩ་ཆེན་ཞིག་དང་འདྲ་སྟེ་མ་རིག་རྨོངས་དད་ཀྱི་མུན་པ་སེལ་བའི་རྟ་བདུན་དབང་པོ་ཞིག་དང་དབྱེར་མ་མཆིས།
ཁྱོད་ཀྱི་མཁའ་དབྱིངས་ནས་སྦྲང་ཆར་འཇོ་བ་དང༌། ཁྱེད་ཀྱི་འོད་མདངས་མཁའ་དབྱིངས་ནས་ས་གཞི་ལ་འཕྲོས་ཚེ། ས་གཞི་ནི་སྔར་མེད་པའི་འོད་མདངས་ཀྱིས་བརྒྱན་ནས་ལྷ་ལམ་ཟླ་བའི་གྲོང་ཁྱེར་ལས་ཀྱང་མཛེས་ཉམས་ཤིག
དགེ་རྒན་ལགས། ཁྱེད་ཀྱི་མཛད་རྗེས་ནི་སུས་ཀྱང་བགྲང་མི་ཚར་ལ།
སྙན་ངག་མཁན་པོས་བྲིས་ཀྱང་མི་ཚར་རོ། །
ཁྱེད་ཀྱི་མཛད་རྗེས་ནི་རལ་གྲི་རྣོན་པོས་གཅོད་མི་ཐུབ་ལ་དབང་ཆེན་དཔོན་པོས་འཕྲོག་མི་ཐུབ།
དགེ་རྒན་ལགས། ཁྱེད་ཀྱི་མཛད་རྗེས་ནི་རི་རབ་ལས་ཀྱང་མཐོ་ལ་རྒྱ་མཚོ་ལས་ཀྱང་རྒྱ་ཆེ་ཞིང༌། རི་རབ་ལས་ཀྱང་དཔངས་མཐོ་བས་འཛམ་གླིང་སྐྱེ་འགྲོ་ཀུན་གྱིས་ཁྱེད་ལ་བསྟོད་བསྔགས་ཀྱི་གླུ་དབྱངས་ལེན་བཞིན་གདའ།
དེའི་ཕྱིར་ནམ་ཡང་འགྱུར་མེད་ནི་སུས་ཀྱང་མི་དཔོག་པའི་ཁྱེད་ཉིད་ཀྱི་མཛད་རྗེས་ཁོ་ནའོ། །
ཁྱེད་ནི་དངོས་གནས་སྐྱེས་བ་རླབས་ཆེ་ཞིང༌། མི་དམངས་ཀྱི་བདེ་སྡུག་ཁོ་ན་བསམ་པའི་བྱང་ཆུབ་སེམས་དཔའ་ཞིག་དང་གཉིས་སུ་མ་མཆིས།
ཞེས་ངའི་མི་ཚེ་འདིར་དགའ་ཉེ་གྲོགས་གསུམ་དུ་མའི་ནང་ནས་གུས་བཀུར་འོས་པའི་མི་སྣ་དང་ཆེ་དགའ་ས་དང་དུང་ས་ནི་དགེ་བའི་བཤེས་གཉེན་ཆེན་མོ་སྟེ། ང་དང་འདྲ་བའི་སློབ་ཕྲུག་དག་གི་མི་ཚེ་ཡི་རྐང་ལམ་དེ་གཞུང་ལམ་དུ་སྒྱུར་མཁན་གྱི་མི་སྣ་ཁོང་ལྟ་བུའོ། །བཅས་དུས་ཚོད་ཀྱི་རྐྱེན་པས་འདི་ནས་མཚམས་བཞག
མཐའ་དོན་དེ་ལ་ཁ་བ་རི་བའི་རྒྱན་ཆ་གཅིག་པུ་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གི་ཐུགས་དགོངས་སྒོ་གསུམ་གྱིས་དང་དུ་བླངས་ནས་བསིལ་ལྗོངས་ཀྱི་དུས་རབས་འདི་མ་ཡུམ་གངས་ལྗོངས་ལ་བསྐྱོད་པའི་རེ་འདུན་དང་བཅས་རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ། བོད་རྒྱལ་པོའི་རྒྱལ་ཁབ་རྒྱས་གྱུར་ཅིག
ཞན་ཆ།
མགོའི་ཕྱག་འཚལ་(མགོས་ཕྱག་འཚལ་) གདོད་མི་ཟ་(གདོན་མི་ཟ་) དེ་འདྲ་མྱུལ་དུ་འགྱུར་(དེ་འདྲ་ཉིད་དུ་འགྱུར་) མི་ཞིག་གི་ལས་ངན་བསག་ཡོད་ན་(མི་ཞིག་གིས་ལས་ངན་པ་བསགས་ཡོད་ན་) ཆགས་འཇིགས་(ཆགས་འཇིག་) ཁོ་ཚོའི་རྒྱ་དམར་ལ་ཁ་གཏད་གཅག་(ཁོ་ཚོས་རྒྱ་དམར་ལ་ཁ་གཏད་གཅགས་) ཕྱོགས་རུས་(ཕྱོགས་རིས་)འཆི་ལ་ཉེ་བས་ཤེས་ཡོན་(འཆི་ལ་ཉེ་བའི་ཤེས་ཡོན་) དབྱར་མ་མཆིས་(དབྱེར་མ་མཆིས་) སྙན་ངག་མཁན་པོའི་བྲིས་(སྙན་ངག་མཁན་པོས་བྲིས་) རལ་གྲི་རྣོན་པོའི་(རལ་གྲི་རྣོན་པོས་) དབང་ཆེན་དཔོན་པོའི་རྐུ་(དབང་ཆེན་དཔོན་པོས་འཕྲོག་) བདེ་སྡུག་དང་ཁོ་ན་(བདེ་སྡུག་ཁོ་ན་) སྒོ་གསུམ་གྱི་དང་དུ་ལངས་(སྒོ་གསུམ་གྱིས་དང་དུ་བླངས་) དུས་ཚོད་ལས་འདི་ནས་མཚམས་ཞུ་རྒྱུ།(དུས་ཚོད་ཀྱི་རྐྱེན་པས་འདི་ནས་མཚམས་བཞག་རྒྱུ། )ཅི་ཡང་མ་ཚོར་ལ་ཅི་ཡང་མེད། ཅི་ཡང་སྒྲུབ་མ་ཐུབ་(ཅི་ཡང་མ་ཚོར་ལ། གང་ཡང་མེད། གཅིག་ཀྱང་སྒྲུབ་མ་ཐུབ) ཁོང་ལྟ་བུ་མི་སྣ་རྒྱལ་ཁབ་ལ་ཤ་ཞེན་གསོ་སྐྱོང་བྱེད་རྒྱུ་(རྒྱལ་ཁབ་ལ་ཤ་ཞེན་ཆེ་བའི་མི་སྣ་ཁོ་ལྟ་བུ་གསོ་སྐྱོང་བྱ་རྒྱུ་)
གུས་པར་འོས་པའི་བོད་མིའི་དབུ་འཁྲིད་བསྟན་འཛིན་རྒྱ་མཚོ་མཆོག (ཨང་གསུམ་པ)
བསོད་ནམས་དབང་ཕྱུག ར་སྤུར་བོད་ཁྱིམ་སློབ་གྲྭ།
སྨོན་ཚིག
སྒྲ་དབྱངས་ཀུན་གྱིས་དབང་ཕྱུག་པ། །ཁམས་གསུམ་འགྲོ་བའི་མགོན་པོ་མཆོག །
ལུས་ཅན་སུ་ལའང་བདེ་སྦྱིན་མཁན། །བདག་ལ་རྩོམ་པའི་དངོས་གྲུབ་སྩོལ། །
ཕྱི་ལོ་གཅིག་སྟོང་དགུ་བརྒྱ་སོ་ལྔའི་ལོར། །རང་རེའི་མཛེས་སྡུག་ལྡན་པའི་ཕ་ཡུལ་དུ། །
དུས་རྒྱུན་མི་འདྲ་མཚར་རྟགས་དུ་མ་བྱུང༌། །ཨ་མདོ་སྐུ་འབུམ་སྟག་འཚེར་ཡུལ་ལུང་དུ། །
ལྷ་ཡུལ་ཕྱོགས་ནས་རྒྱལ་བའི་ཡང་སྲིད་ཕེབས། །ཆུང་དུས་གང་ཟག་ཀུན་དང་མི་མཚུངས་ཤིང༌། །
ཤེས་སྤྱོད་གཙང་གསུམ་གང་ཅིར་འགྲན་ཟླ་མེད། །ཆུང་དུས་མཚན་ལ་ལྷ་མོ་དོན་གྲུབ་ཟེར། །
ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་ཟེར། །ཡུམ་བཟང་མཚན་ལ་བསོད་ནམས་འཚོ་ཞེས་ཟེར། །
རིམ་བཞིན་རྭ་སྒྲེང་གཙོས་པའི་བླ་ཆེན་ཚོས། །ཡང་སྲིད་བཙལ་འགོ་བརྩམས་ནས་གང་སར་བསྐྱོད། །
ལྷ་མོ་བླ་མཚོའི་ངོ་མཚར་རྟགས་མཚན་ལས། །ཡང་སྲིད་ཨ་མདོ་སྟག་འཚེར་འཁྲུངས་པ་རྟོགས། །
ཨ་མདོར་བསྐྱོད་ནས་ཡང་སྲིད་ངོས་འཛིན་གནང༌། །རིམ་བཞིན་རྒྱལ་ས་ལྷ་སར་གདན་འདྲེན་ཞུས། །
རྭ་སྒྲཻང་མཆོག་ནས་དབུ་སྐྲ་གཙུག་ཕུད་བཞེས། །རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་དང༌། །
ཡེ་ཤེས་བསྟན་འཛིན་རྒྱ་མཚོ་མཚན་དུ་གསོལ། །དགུང་ལོ་བཅོ་ལྔ་སོན་པའི་དུས་དེ་ལ། །
གསེར་ཁྲི་མངའ་གསོལ་པོ་ཏཱ་ལ་རུ་གནང༌། །བཅུ་དྲུག་སོན་སྐབས་ལུགས་གཉིས་ཐུགས་འགན་བཞེས། །
བོད་མི་ཡོངས་ཀྱི་འདུན་པ་ཆ་ཚང་གྲུབ། །ཡིན་ཡང་ཕྱི་ལོ་ང་དགུའི་ལོ་ངན་དེར། །
རྒྱ་ནག་དམར་པོས་བཙན་འཛུལ་རྐྱེན་ངན་དང༌། །བོད་མིའི་རང་དབང་རྩོད་ལེན་བྱེད་པའི་ཆེད། །
རྒྱ་གར་འཕགས་ཡུལ་ཕྱོགས་སུ་བཙན་བྱོལ་ཕེབས། །འཕགས་ཡུལ་ཕེབས་རྗེས་རྒྱ་གར་སྲིད་བློན་དང༌། །
རང་རེའི་རིག་གཞུང་མི་ཉམས་གོང་འཕེལ་ཆེད། །བོད་སློབ་ཟུར་དུ་འཛུགས་པའི་ཆོག་མཆན་ཞུས། །
རྒྱལ་པོའི་བཀའ་ལྟར་ཁས་ལེན་ལམ་སང་གནང༌། །ཐོག་མར་མ་སུ་རི་ཡི་བོད་ཁྱིམ་བཙུགས། །
རིམ་བཞིན་སློབ་གྲྭ་དུ་མ་གསར་འཛུགས་གནང༌། །མི་དམངས་ཆེད་དུ་གང་སར་གཞིས་ཆགས་བཙུགས། །
ལྗོན་ཤིང་སྟེང་ནས་འབྲས་བུ་རྒྱས་པ་བཞིན། །བོད་མིའི་གནས་སྟངས་རིམ་བཞིན་ཡར་རྒྱས་ཕྱིན། །
ཁོང་གི་སེམས་གཏིང་འདུན་པ་དཻ་གནས་བཞིན། །སློབ་ཕྲུག་ཤེས་ཚད་ལོ་རེར་ཡར་ཐོན་བྱུང༌། །
ཅེས་སྨྲ་འདོད་ཀྱི་འདུན་པ་ཞིག་སེམས་གཏིང་དུ་བཅངས་ནས། གོང་འཁོད་ཀྱི་བརྗོད་གཞི་བཟུང་ས་ནི། རང་རེའི་གུས་པར་འོས་པའི་མི་སྣ་གྲགས་ཅན་བོད་ཁ་བའི་ལྗོངས་ཀྱི་དབུ་ཁྲིད་ྋསྐྱབས་མགོན་བསྟན་འཛིན་རྒྱ་མཚོ་ཡི་བཀའ་དྲིན་རྒྱ་མཚོའི་ནང་གི་ཆུ་ཐིགས་ལྟ་བུ་ཞིག་བྲི་བར་བྱའོ།།
དེ་ཡང་ྋགོང་ས་མཆོག་གི་མཛད་རྗེས་དང་བཀའ་དྲིན་རྣམས་ངས་དུང་ལྟར་དཀར་བའི་ཤོག་དཀར་འདིའི་སྟེང་མཐའ་དག་བྲིས་ཀྱང་ཚར་མི་ཐུབ། དེའི་སྟབས་ཀྱིས་མདོར་ཙམ་ཞིག་བྲིས་ན། རང་རེའི་ཕ་ཡུལ་ཆོས་ལྡན་ཞིང་ཁམས་དེའི་དབུ་ཁྲིད་ྋགོང་ས་མཆོག་ནི་ད་ལྟ་ང་ཚོས་མི་ཚེ་འདིའི་ནང་མཇལ་ཐུབ་པ་ཙམ་ཀྱིས་བསོད་ནམས་དཔག་མེད་བསགས་ཡོད་པ་མ་ཟད། དེ་དག་ནི་ཚེ་སྔོན་གྱི་བསོད་ནམས་ཀྱི་རྣམ་སྨིན་ཞིག་ཡིན། ཅིའི་ཕྱིར་ཞེ་ན། རང་གི་རྒྱལ་ཁབ་འདི་ཕྱི་ལོ་ང་དགུའི་ལོ་ལ་རྒྱ་ནག་གིས་བཙན་འཕྲོག་བྱས་ཡོད་ཀྱང༌། འདི་གར་འཕགས་ཡུལ་ཕྱོགས་སུ་རང་རེའི་རྒྱལ་ཁབ་ལས་ལྷག་པ་མི་ཚེ་དོན་དང་ལྡན་པ་ཞིག་དང་དེང་དུས་ཀྱི་ཤེས་ཡོན་འདྲ་མིན་སྦྱང་རྒྱུའི་གོ་སྐབས་ཐོབ་པ་དེ་སུའི་བཀའ་དྲིན་ཡིན་ནམ། རང་རེའི་དཔེ་ཁུག་ནང་ལ་རང་རྒྱལ་གྱི་ཊམ་ཁའི་ཟུར་གཅིག་སྟོན་རྒྱུ་མེད་རུང༌། ལུས་ལ་གྱོན་གོས་དང༌། ཁ་ལ་དུས་ཐོག་ཏུ་བཟའ་རྒྱུ་ཡོད་པ་འདི་སུའི་བཀའ་དྲིན་ཡིན་ནམ། དེ་དག་ནི་རྒྱ་གར་གཞུང་དང་ཕྱི་རྒྱལ་རོགས་ཚོགས་ཚོས་བོད་མིའི་དབུ་ཁྲིད་ཁོང་གི་ཞལ་ལ་གཟིགས་ནས་སྦྱིན་པ་ཞིག་རེད་མ་གཏོགས། བོད་མི་སྒེར་སོ་སོའི་ཞལ་རས་ཀྱི་དབྱིབས་དང་རྣམ་པ་མཛེས་ལོས། གཟུགས་པོའི་སྟོབས་ལ་བལྟས་ནས་སྦྱིན་བཞག་པ་ཞིག་རེད་དམ་ཟེར་ན། རྩ་བ་ནས་མ་རེད། ལྷག་པར་ད་ལྟའི་དུས་ཚོད་འདིར་ཁོང་གིས་བོད་མིའི་རང་དབང་འཐབ་རྩོད་ཆེད་ཕྱི་རྒྱལ་ཁག་ལ་གདན་འདྲེན་ཞུས་པ་ལྟར། རང་རེའི་རྩ་ཆེའི་སྐད་ཡིག་དང༌། རིག་གཞུང༌། ཆོས་བཅས་ཆ་ཚང་འགྲེལ་བརྗོད་བྱེད་དུ་སྐུ་ངལ་འཛེམས་མེད་ཐོག་ཆིབས་བསྒྱུར་བསྐྱངས་ཀྱི་ཡོད། འོན་ཀྱང་དེའི་ལྡོག་མཐའ་རུ་རང་རེའི་བོད་མི་ན་གཞོན་དང༌། ཡང་ན་ལས་མེད་བར་འཁྱམ་རེ་ཟུང་གིས་ཁོང་གི་བཀའ་ལ་མི་བརྩི་བ་དང༌། ཁོང་གི་དྲིན་རྣམས་ཧ་མ་གོ་བར་རང་རེའི་སྐད་ཡིག་རིག་གཞུང་དེ་ཙམ་མི་ཤེས་ཀྱང་ད་དུང་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་དང་སྒེར་པའི་སྦྱིན་བདག་འཚོལ་རྒྱུའི་བསམ་བློ་ཁོ་ན་བཏང་ནས་སྡོད་ཀྱི་ཡོད། དེ་དག་ནི་ཧ་ཅང་ཐབས་རྡུགས་དང་ཡ་མཚན་ཅན་ཞིག་རེད། རྒྱུ་མཚན་ནི། རང་གིས་བཤད་པའི་སྐད་ནི་བོད་སྐད། རང་གི་ཕ་ནི་བོད་པ། རང་གི་མི་རིགས་ནི་བོད་རིགས། རང་གི་རྒྱལ་ཁབ་ནི་བོད་ཡིན་ཡང་ད་དུང་སོ་སོའི་སྐད་ཡིག་རིག་གཞུང་ལ་མཐོང་ཆུང་བཏང་ན། དེ་ཧ་ཅང་ཡ་མཚན་རེད། སྐད་ཡིག་དང་རིག་གཞུང་ནི་རྒྱལ་ཁབ་དེ་རང་བཙན་ཡིན་མིན་གྱི་དཔང་པོ་མེད་དུ་མི་རུང་བ་ཞིག་རེད། ད་དུང་ནང་གི་ཕས་སྦྱིན་བདག་བཙལ། མས་སྦྱིན་བདག་བཙལ། ཕྱི་ངོས་ནས་གྲྭ་པ་དང་བླ་མས་སྦྱིན་བདག་བཙལ། གང་ལྟར་བོད་པའི་སྤྱི་ཚོགས་ཀྱི་མི་སྣ་ཚང་མས་སྦྱིན་བདག་རྐུབ་ལ་རྒྱུག་བསྡད་ན་བོད་ལ་རང་དབང་ཐོབ་རྒྱུ་ཤིན་ཏུ་དཀའ། རང་བཙན་ཞེས་པའི་ཡིག་འབྲུ་གཉིས་པོ་དེ་ལེན་པར་ྋགོང་ས་མཆོག་གཅིག་པུས་ག་ལ་ནུས། དེར་བརྟེན་བོད་པའི་སྐྱེ་བོ་སེར་སྐྱ་མི་དམངས་ཀུན་གྱིས་མཉམ་རུབ་བྱེད་རྒྱུ་ཤིན་ཏུ་གལ་གནད་ཆེའོ། །
བོད་མིའི་དབུ་ཁྲིད་མཆོག་གི་འོད་མདངས་ཀྱིས། །ཕྱོགས་བཞི་ཀུན་ལ་ཁྱབ་ནས་མུན་པ་སེལ། །
འཛམ་གླིང་རྒྱལ་ཁབ་མཐའ་དག་སྐྱེ་བོ་ཡིས། །ྋགོང་ས་མཆོག་ལ་དགའ་བས་གུས་གྱུར་ཅིག །
ཞན་ཆ།
གུས་བཀུར་འོད་པའི་(གུས་བཀུར་འོས་པའི་) ཡུལ་ལུངས་སུ་(ཡུལ་ལུང་དུ་) ཨམ་མདོ་(ཨ་མདོ་) མི་ཚུངས་ཞིང་(མི་མཚུངས་ཤིང་) གང་ཅིའི་(གང་ཅིར་) ར་གྲེང་རྩོད་(ར་སྒྲེང་གཙོས་) དབུ་སྐྲ་རྩེད་ཕུད་(དབུ་སྐྲ་གཙུག་ཕུད་) ཆ་ཚང་གྲུབ་གནང་མཛད་(ཆ་ཚང་སྒྲུབ་གནང་མཛད་) རྩོད་ལེན་བརྒྱབ་པའི་(རྩོད་ལེན་བྱེད་པའི་) མཆོག་ཆན་(ཆོག་མཆན་) མཁས་ལེན་ལམ་སེང་(ཁས་ལེན་ལམ་སང་) འགན་འཁུར་གནང༌།(ཐུགས་འགན་བཞེས།) རྒྱ་མཚོའི་དྲིན་(རྒྱ་མཚོའི་བཀའ་དྲིན་) ཕ་ཡུལ་མཆོད་རྟེན་ཞིང་ཁམས་(ཕ་ཡུལ་ཆོས་ལྡན་ཞིང་ཁམས་) བྱས་ཙང་(དེའི་སྟབས་ཀྱིས་) ཅིའི་ཕྱིར་ཟེར་ན་(ཅིའི་ཕྱིར་ཞེ་ན་) སྐུ་ངལ་མཛེས་མེད་(སྐུ་ངལ་འཛེམས་མེད་) སྦྱིན་བདག་ཚོལ་རྒྱུའི་བསམ་བློ་(སྦྱིན་བདག་འཚོལ་རྒྱུའི་བསམ་བློ་) རང་བརྩན་(རང་བཙན་) གཅིག་པུས་ཁྱོག་མི་ཐུབ་(གཅིག་པུས་ག་ལ་ནུས་)