༄༅། །བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་མཚན།

ཚེ་རིང་ཆོས་སྒྲོན། སིམ་ལ་གཏན་སློབ། (ཨང་དང་པོ)

    ཚོགས་གཉིས་ཆུ་གཏེར་བསྲུབས་ལས་བྱུང་བ་ཡི། །སྤངས་རྟོགས་ཆ་ཤས་དཀྱིལ་འཁོར་ཡོངས་སུ་རྫོགས། །
    འགྲོ་བའི་རྨོངས་པའི་ཚ་གདུང་སེལ་མཛད་པ། །འཇམ་མགོན་ཀུན་མཁྱེན་བླ་མས་བདག་སྐྱོངས་ཤིག ། 

  ཅེས་མཆོད་བརྗོད་དང་བཀའ་དྲིན་དྲན་པའི་ཚིག་གི་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། རྩོམ་གྱི་གཞི་བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་བཞིན་པའི་རྒྱུ་མཚན་ཟེར་བ་དེ་ཡིན།
    འཛམ་གླིང་འདིའི་ནང་བདེ་བ་མི་འདོད་པའི་མི་སུ་ཞིག་ཀྱང་མེད། མཐའ་ན་འབུ་སྲིན་ཕྲ་མོ་ཞིག་ཡིན་རུང་སྡུག་བསྔལ་ནམ་ཡང་མི་འདོད་ཅིང་བདེ་བ་ཞིག་ཐོབ་པ་ལ་ནང་པའི་ཆོས་ཁོ་ན་མ་གཏོགས་ཕྱིའི་དངོས་པོས་བདེ་བ་ནམ་ཡང་མི་སྤྲོད་དོ། །དེར་བརྟེན་ནང་པའི་ཆོས་ཤིག་ཤེས་པ་ལ་དང་པོ་བོད་ཀྱི་སྐད་ཡིག་ཡང་དག་པ་ཞིག་ཤེས་དགོས་པ་ཤིག་ཏུ་གལ་ཆེན་པོ་ཡིན། ཡིན་ནའང་སྐྱོ་བ་ཞིག་ལ་ད་ལྟའི་དུས་ཀྱི་བོད་མི་རྣམས་ནས་སོ་སོའི་སྐད་ཡིག་ལས་ལྷག་པ་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་ལ་དོ་སྣང་དང་འདུན་པ་ཡང་བྱེད་ཀྱི་ཡོད། རྗེ་སྲོང་བཙན་སྒམ་པོའི་བློན་པོ་ཐུ་མིས་བརྩམས་པའི་བོད་ཀྱི་སྐད་ཡིག་ཡང་དག་པ་དེ་ཉམས་རྒུད་དུ་འགྲོ་བཞིན་ཡོད་པ་ྋགོང་ས་མཆོག་གི་བཀའ་སློབ་ནས་གསལ་པོ་ཤེས་ཐུབ། ཁོང་བོད་པའི་གཞིས་ཆགས་དང་སློབགྲྭ་ཁག་དུ་ཕེབས་ཀྱང་སྐད་ཡིག་མི་ཉམས་གོང་འཕེལ་སྐོར་ལ་བསླབ་བྱ་སྐྱོན་གྱི་ཡོད་ཀྱང་གནས་ཚུལ་སྡུག་པོ་འདི་མུ་མཐུད་འགྲོ་བཞིན་ཡོད། དེར་རྒྱུ་མཚན་དུ་མ་ཡོད། ཡིན་ནའང་གཙོ་བོ་ཁ་ཤས་གཤམ་དུ་བཀོད་ཡོད།
    ༡༽ ཤེས་ཡོན་ཡོད་པའི་བོད་མི་རྣམས་ནས་སོ་སོའི་ཕྲུ་གུ་དབྱིན་ཇིའི་སློབ་གྲྭར་གཏོང་རྒྱུ་ལ་དགའ་སྣང་དང་ཐབས་ཤེས་མང་བ་བྱེད་ཀྱི་ཡོད་པ་མ་ཟད་ཕན་ཚུན་དབར་ལ་དབྱིན་སྐད་རྒྱབ་ཀྱི་ཡོད།
    ༢༽ ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ནས་རྒྱལ་ཁབ་གཞན་གྱི་ལུགས་སྲོལ་ལ་དབྱིངས་ཞུགས་ཏེ་སོ་སོའི་སྐད་ཡིག་དྲན་པ་བརྗེད་མཁན་ཡང་མང་པོ་ཡོད།
    ༣༽ སློབ་གྲྭའི་ནང་དུ་ཡིན་ན་སློབ་ཕྲུག་རྣམས་ནས་སློབ་ཚན་དབྱིན་ཡིག་ལ་སོགས་པར་དོ་སྣང་མང་བ་སྤྲད་པ་དང༌། དཔེར་ན། དཔེ་མཛོད་ཁང་དུ་འགྲོ་བ་ཡིན་ན་ཚང་མས་ལམ་སེང་དབྱིན་ཇི་སོགས་ཀྱི་་ཚགས་ཤོག་དང་ཀློག་དེབ་སོགས་ཀློག་གི་ཡོད། ཡང་རྒྱུ་མཚན་གཙོ་བོ་གཞན་ཞིག་བཀོད་ན།
    ༡༽ འཛིན་རིམ་བཅུ་གཉིས་ཐོན་པའི་རྗེས་སུ་བོད་ཡིག་སློབ་ཚན་ཡོད་པའི་མཐོ་སློབ་སློབ་གྲྭ་དཀོན་པོ་ཡོད་པ་མ་ཟད། བོད་ཡིག་མཁས་པ་ཞིག་ལ་ལས་ཀ་ཡག་ཤོས་དང་མང་ཤོས་དགེ་རྒན་མ་གཏོགས་མེད།
    ༢༽ སྤྱི་ཚོགས་ནང་དུ་བོད་ཡིག་མཁས་པ་ཡོད་མཁན་སྐྱེ་བོ་དེ་ལ་ཚང་མས་མཐོང་ཆུང་དང་དམན་པར་བརྩིས་ཀྱི་ཡོད།
    ༣༽ བོད་མི་ཤེས་ཡོན་ཅན་དང་ལས་བྱེད་པ་རྣམས་ནས་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པའི་སྐོར་ལ་བསླབ་བྱ་རྒྱག་གི་ཡོད་ཀྱང་ཡིན་ནའང་སོ་སོའི་ཕྲུ་གུ་སོགས་དབྱིན་སྐད་ལ་དོ་སྣང་དང་འདུན་པ་མང་བ་སྤྲོད་འཇུག་གི་ཡོད།
    ༤༽ ཕ་མ་འགའ་ཤས་ཀྱིས་དབྱིན་སྐད་ལ་དོ་སྣང་མང་པོ་སྤྲོད་བཅུག་པའི་ཕྲུ་གུ་འགའ་ཤས་གསལ་བྱེད་ ༣༠ ཡང་ཤེས་ཀྱི་མེད། གལ་ཏེ་གནས་ཚུལ་སྡུག་པོ་འདི་མུ་མཐུད་དེ་སོང་ན་མཐར་བོད་ཀྱི་སྐད་ཡིག་བརླགས་ཏེ་བོད་རྒྱལ་ཁབ་ཞིག་ཡོད་པ་ལོ་རྒྱུས་ཙམ་ཞིག་ཆགས་སྲིད།
    དེར་བརྟེན་བོད་ཀྱི་གཏམ་དཔེ་རུ།  རྐྱེན་མ་ཡོང་སྔོན་ནས་ཟློགས། ཆུ་མ་ཡོང་གོང་ནས་ཆུ་རག ཅེས་པ་ལྟ་བུ་རེད། བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་བའི་རྒྱུ་ནི་ད་ལྟ་བུའི་དུས་ཀྱི་བོད་མི་ཚང་མའི་ལས་འགན་ཡིན། རང་རེ་རྣམས་ལ་སོ་སོའི་རྒྱལ་ཁབ་མེད་པར་སོང་རྒྱུ་ཡོད་ན་མེད་ན་གཙོ་བོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡིན། དེང་ང་ཚོས་སྲུང་སྐྱོབ་ཚུལ་བཞིན་མ་བྱས་ན་སྔོན་རྗེ་འུ་དུམ་བཙན་པོ་སྟེ་གླང་དར་མས་བསྣུབས་པའི་བསྟན་བཅོས་དྲུག་ལྟར་རྨེག་མེད་དུ་ཆགས་པ་དེ་ཡིན། དེར་བརྟེན་ད་ལྟ་རང་རེ་བོད་མི་རྣམས་ལ་སྒྲའི་བསྟན་བཅོས་གཉིས་ལྷག་པ་དེ་ནོར་བུ་ལྟར་སྲུང་སྐྱོབ་བྱེད་དགོས་པ་ཡིན། མཐར་        བོད་ཀྱི་སྐད་ཡིག་བཟང་པོ་མྱུར་དུ་འཕེལ་བར་ཤོག །

    བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་ཤར་བར་ཤོག །
    ྋགོང་ས་མཆོག་སྐུ་ཚེ་ཁྲི་ལོར་བཞུགས་པར་ཤོག །

ཞན་ཆ།
    ཆུ་སྟེར་(གཏེར) བསུབས་(བསྲུབས)ལས་འབྱུང་(བྱུང)བ་ཡི། འགྲོ་བོ་(བའི) གསེལ་(སེལ)མཛད་པ། བླ་མས་(བླ་མའི) ཚིགས་ཀྱི་(ཚིག་གིས) ཕྱིའི་དངོས་པོ་(དངོས་པོས) དེར་རྟེན་(དེར་བརྟེན)  སོ་སོར་སྐད་ཡིག(སོ་སོའི་སྐད་ཡིག) དབྱིངས་བཞུགས་ཏེ་(དབྱིངས་ཞུགས་ཏེ) སོ་སོ་སྐད་ཡིག་(སོ་སོའི་སྐད་ཡིག) སློབ་གྲྭ་ནང་དུ་(སློབ་གྲྭའི་ནང་དུ) དབྱིང་ཇི་ཐོག(དབྱིན་ཇིའི་ཐོག) མང་པོས་སྤྲད་བཅུགས་པ་(མང་པོ་སྤྱོད་བཅུག་པ) ལས་གན་ཡིན་(ལས་འགན་ཡིན) སོ་སོ་རྒྱལ་ཁབ་(སོ་སོའི་རྒྱལ་ཁབ) རིགས་གཞུང་(རིག་གཞུང) བྱེད་ན་(བྱས་ན) སྨིགས་མེད་དུ་(རྨེག་མེད་དུ) ཆག་སྲིད་པ་ཡིན་(ཆགས་སྲིད་པ་ཡིན) དེར་རྟེན་(དེར་བརྟེན) འཕེལ་བ་ཤོག་(འཕེལ་བར་ཤོག) ཉམས་རྒྱུད་(ཉམས་རྒུད) སློབ་སུ་བཏང་ཡས་ལ(སློབ་གྲྭར་གཏོང་རྒྱུ)

༄༅། །ཕ་མ་དང་དགེ་རྒན་བཀའ་དྲིན་ཆེ་ཚུལ།

བཀྲ་ཤིས་ལྷ་མོ། སྦེལ་ཀོབ་གཏན་སློབ། (ཨང་གཉིས་པ)

ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི།།
དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཆེན་པོར་བསྔོ། །

    ཞེས་པའི་སྨོན་ཚིག་བཏོན་ནས་ཕ་མ་དང་དགེ་རྒན་བཀའ་དྲིན་ཆེ་ཚུལ་ཀྱི་སྐོར་ཞིག་འབྲི་འདོད་ཆེན་པོ་བྱུང་བས་སྤྱིར་ཕ་མ་ཞེས་པ་ནི་སོ་སོའི་ལུས་སྦྱིན་མཁན་ཡིན་པ་མ་ཟད། ཟླ་བ་དགུ་ཙམ་དཀའ་ངལ་ཆེན་པོས་ལྟོ་བའི་ནང་ཉར་བ་དང༌། ཕྲུ་གུ་བཙས་པའི་དུས་སུ་ཡང་ན་ཟུག་དྲག་པོ་དང་སོ་སོའི་སྲོག་ཉེན་ཁ་ཆེན་པོ་ཡོང་གི་ཡོད། ད་དུང་ཡང་ཕྲུ་གུ་དེ་ལ་བྱམས་སྐྱོང་གནང་གི་ཡོད། སོ་སོའི་ཕྲུ་གུའི་མི་གཙང་བ་ཚང་མ་གཙང་མ་བཟོ་ཡི་ཡོད་པ་དང་ཕྲུ་གུ་དེ་ལ་བཟའ་སྟངས། འཐུང་སྟངས། སྡོད་སྟངས་ཚང་མ་ཕ་མས་སློབ་པ་དང༌། སོ་སོ་ལ་བཟའ་རྒྱུ་མེད་ནའང་ཕྲུ་གུ་དེ་ལ་སྤྲོད་པ་སོགས་བྱེད་ཀྱི་ཡོད།
    དེ་ནས་ཕ་མས་ཕྲུ་གུ་སློབ་གྲྭར་བཏང་བ་དང༌། སློབ་གྲྭ་རུ་ཕྲུ་གུ་ལ་དགེ་རྒན་གྱི་བྱམས་སྐྱོང་ཐོག་སློབ་སྦྱོང་གནང་བ་དང་མཉམ་དུ་བསླབ་བྱ་གདམས་པ་སོགས་ཀྱིས་ཕྲུ་གུ་དེ་སྤྱི་ཚོགས་ནང་མི་དྲང་ལྡན་ཞིག་ཆགས་ཐུབ་ཀྱི་ཡོད། སྤྱིར་དགེ་རྒན་ནི་ང་ཚོའི་ཕ་མ་གཉིས་པ་ཡིན། མིའི་མི་ཚེའི་ནང་སློབ་སྦྱོང་མེད་ན་མི་དེ་ལ་གུས་མཁན་མེད་པ་དང༌། མི་དེ་ལ་བརྩི་མཁན་ཡང་རག་གི་མེད་པ་དེ་ཚང་མས་མཁྱེན་གསལ་རེད། དགེ་རྒན་རྣམས་ཀྱིས་ང་ཚོ་ལ་མི་ཚེ་གསར་པ་ཞིག་གནང་གི་ཡོད་པ་དཔེར་ན། ཕ་མ་མེད་པའི་ཕྲུ་གུ་དེ་ཚོ་ལ་ཕ་མའི་བརྩེབ་དེ་དགེ་རྒན་གྱིས་གནང་ཐུབ་ཀྱི་ཡོད་པ་དང༌། སྐབས་རེ་དགེ་རྒན་གྱིས་རླུང་བསྟན་པ་ཡིན་ནའང་དེ་ཕྲུ་གུའི་ནོར་འཁྲུལ་ཡིན་པ་དེ་ཁས་བླངས་དགོས། གང་ལགས་ཤེ་ན་དགེ་རྒན་གྱི་བཀའ་གང་གནང་བ་ཡིན་ནའང་དེ་ཕྲུ་གུ་ཚང་མ་ལ་ཕན་ཐོགས་ཡོང་བའི་ཆེད་དུ་ཡིན་པ་དེ་ཤེས་དགོས།
    དེང་སང་ང་ཚོས་མཐོང་གསལ་རེད། ཕྲུ་གུས་ཕ་མ་བསད་པ་དེ་འདྲ་མང་པོ་གོ་བྱུང་བས། ཕ་མ་གསོད་མཁན་ཕྲུ་གུ་དེ་མང་ཆེ་བ་སློབ་སྦྱོང་མེད་མཁན་དང༌། ཐ་མག་འཐེན་མཁན་རྐྱང་པ་རེད་འདུག དེ་ཚོ་ཆུང་དུས་ནས་སློབ་གྲྭ་ལ་དགེ་བའི་བཤེས་གཉེན་ཚོའི་བཀའ་ལ་མ་ཉན་པ་དང་སྤྱོད་པ་ངན་པ་ཤ་སྟག་འདུག ཁ་ཤས་སློབ་སྦྱོང་མཐར་མ་འཁྱོལ་ནས་དེང་དུས་སུ་ཚོང་རྒྱབ་པར་འགྲོ་ཡི་ཡོད་པ་ཚང་མས་མཁྱེན་གསལ་རེད། དགེ་བའི་བཤེས་གཉེན་དང་ཁོང་ཚོའི་སློབ་སྦྱོང་གལ་ཆེ་ཚུལ་དེ་ཚང་མས་མཐོང་གསལ་རེད།
    ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་སྙན་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་ཅིག་བསྡེབས་ཁྱོད་ཀྱི་གསན་པའི་རིགས། །ཞེས་རྩ་བ་དེ་འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ནང་བཀོད་ཡོད། ཕ་མ་དང་དགེ་བའི་བཤེས་གཉེན་གཉིས་ཕྲུ་གུའི་ལམ་སྟོན་མཁན་ཡིན་པ་དང༌། དེའི་སྤྱོད་པ་དང༌། ཤེས་ཡོན་དང༌། སྒྲིག་དང༌། བཟའ་སྟངས། འཐུང་སྟངས། སྡོད་སྟངས་སོགས་གཞན་ཡང་མང་པོ་བསླབས་ཡོད་པ་དང༌། ཕ་མས་བྱམས་སྐྱོང་བྱེད་པ་དེ་བསམ་གྱིས་མི་ཁྱབ་པ་དང༌། སོ་སོའི་བརྩེ་བའི་ཕ་མ་དེ་ནི་སོ་སོ་ལ་གང་ཡང་མེད་ནའང་ཐབས་ཤེས་གང་ཐུབ་བྱས་ནས་ཕྲུ་གུ་དེའི་མ་འོངས་འགྲོ་སྟངས་ཡག་པོ་བཟོ་དགོས་ཀྱི་ཡོད།
    ཟ་བཏུང་ཡག་པོ་ཞིག་ཡིན་ནའང་ཕྲུ་གུ་ལ་བཞག་པ། གྱོན་རྒྱུ་ཡག་པོ་གཅིག་རག་ནའང་ཕྲུ་གུ་ལ་བསམ་བློ་བཏང་ནས་སོ་སོ་ཟ་ཤོར་དོགས་བྱེད་པ་དེ་ནི་བརྩེ་བའི་སྒོ་ནས་བཞག་པ་དང་སྤྲད་པ་ཡིན། སློབ་སྦྱོང་ཡིན་ནའང་ངས་ཕྲུ་གུ་ལ་ཡག་ཤོས་སྤྲོད་དགོས་པའི་བསམ་བློ་དེ་ཕ་མ་ཚང་མར་ཤར་ཀྱི་ཡོད། འོན་ཀྱང་ཕྲུ་གུའི་སྤྱོད་པ་ངན་ཙང་ཕ་མ་བྱེད་ཐབས་གང་ཡང་ལྷག་གི་མེད། བཀའ་དྲིན་ཆེ་བའི་ཕ་མ་དང་དགེ་རྒན་གྱིས་ང་ཚོ་ལ་གང་བསླབས་པ་དང་གདམས་པ་དེ་གྲངས་ཀ་བརྒྱབ་ན་གྲངས་མེད་ཡིན་པ་དང༌། དེའི་བྱམས་སྐྱོང་དེ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན། ཕ་མ་དང་དགེ་རྒན་གཉིས་ཀྱི་བཀའ་དྲིན་འཇལ་ནའང་འཇལ་ཐུབ་ཐབས་མེད་པ་དང༌། ཁོང་ཚོ་ནི་ནད་པ་ཞིག་ལ་སྨན་གནང་མཁན་འདྲ་པོར་བཀའ་དྲིན་ཆེ་བ་དང༌། ཤིང་སྡོང་སྐམ་པོ་ཞིག་ལ་ཆུ་བླུགས་པ་ལྟར་ཡིན། ང་ཚོས་ཕ་མ་དང་དགེ་རྒན་གྱི་བཀའ་དྲིན་དེ་བསམ་ཐུབ་པ་ཞིག་དགོས། འཕགས་པ་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ནང་གི་རྩ་བ་དེ་འབད་པར་བྱེད་དགོས།
    རྩ་བ་དེ་ནི། གང་ལ་ཕ་དང་མ་དག་མཆོད་པ་ཡི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །
    དེ་དག་ལ་ཡང་མཐོ་རིས་གནས་པར་འགྱུར། །སླད་མ་ལ་ཡང་མཐོ་རིས་གནས་པར་འགྱུར། །
    ཞེས་པའི་དོན་ནི་ཚེ་འདིར་བཀའ་དྲིན་ཆེ་བའི་ཕ་མ་ལ་མཆོད་པ་ན། དཀོན་མཆོག་གིས་ཀྱང་ལམ་སྟོན་ཡག་པོ་བྱེད་པ་དང༌། འཆི་བའི་རྗེས་སུ་ཕ་མ་ལ་མཆོད་དྲག་པར་འགྱུར་མཁན་དེ་མཐོ་རིས་ལྷ་མིའི་སྐྱེ་བ་ལེན་ཀྱི་ཡོད་པ་དེ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུངས་པ་དེ་ལྟར་ང་ཚོས་འབད་བརྩོན་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེའོ། །ཕ་མ་དང་དགེ་རྒན་རྣམས་ལ་གུས་བསྐུར་བྱེད་དགོས་སོ། །བཀྲ་ཤིས་བདེ་ལེགས།། །།

ཞན་ཆ།
    ལུས་འབྱིན་མཁན་(ལུས་སྦྱིན་མཁན) མ་ཟས་(མ་ཟད)   བརྩེས་པའི་(བཙས་པའི) གནང་ཀྱི་ཡོད་(གནང་གི་ཡོད) བཟོ་ཀྱི་ཡོད་(བཟོ་ཡི་ཡོད) བཟའ་སྟང་(བཟའ་སྟངས) འཐུང་སྟང་(འཐུང་སྟངས) སྡོད་སྟང་(སྡོད་སྟངས) ཕ་མའི་(ཕ་མས) བཟའ་ཡད་མེད་པ་དང་(བཟའ་རྒྱུ་མེད་པ་དང) རྩིས་མཁན་(བརྩི་མཁན) དགེ་རྒན་གྱི་(དགེ་རྒན་གྱིས) སྣང་ཐུབ་(གནང་ཐུབ) ཀླུང་(རླུང)  ཡིན་ནས་(ཡིན་ནའང) གང་ལ་ཞེས་ན་(གང་ལགས་ཤེ་ན) ཕ་མ་བསད་མཁན་(ཕ་མ་གསོད་མཁན) ཉེན་པ་དང་(ཉན་པ་དང) ཤ་དག་རེད་(ཤ་སྟག་རེད) ཁྱོད་ཀྱི་གསན་(ཁྱོད་ཀྱིས་གསན) བཤས་གཉེན་(བཤེས་གཉེན) ལམ་བསྟོན་ཡིན་(ལམ་སྟོན་ཡིན)  བསམ་གྱི་མི་ཁྱབ་པ(བསམ་གྱིས་མི་ཁྱབ་པ) བཟོ་ཟོད་ཀྱི་ཡོད་(བཟོ་དགོས་ཀྱི་ཡོད་) བཟའ་ཡད་(བཟའ་རྒྱུ) ཡིན་ནས་(ཡིན་ནའང) གོན་ཡད་(གོན་རྒྱུ) ཀྲད་པ་ཡིན་(སྤྲད་པ་ཡིན) ཡིན་ནས་(ཡིན་ནའང) ཡག་ཤོད་(ཡག་ཤོས) ཀྲད་(སྤྲད) ཚང་མང་(ཚང་མར) ཐབ་གང་(ཐབས་གང) དྲང་མེད་(གྲངས་མེད) ཆུ་ཀླུག་པ་(ཆུ་བླུགས་པ) ནང་གྱི་(ནང་གི) ཚངས་བཅད་(ཚངས་བཅས)  མཐོ་རིགས་(མཐོ་རིས) དཀོན་མཆོག་གྱི་ཀྱང་(དཀོན་མཆོག་གིས་ཀྱང)

མེ་ལྕེའི་ཕུགས་བསམ།

འཇམ་དབྱངས་འཕྲིན་ལས། དོན་འགྲུབ་གླིང༌། (ཨང་གསུམ་པ)

༄༅། །མཁའ་དབྱིངས་རྟ་བདུན་དབང་པོས་ཀྱང་དམར་སྒོར་སྒོར་གྱི་ཟིལ་ཤུགས་དེ་ལ་འགྲན་རྩོད་ནམ་ཡང་མ་ཐུབ་པར་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཕམ་ཁའི་རྐང་རྗེས་ཤིག་འཇོག་དགོས་བྱུང་བ་དེ་ནི་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་ཅིང་སྙིང་སྟོབས་ཞུམ་པ་མེད་པའི་དཔའ་བོ་སྟེ། གངས་སེང་རིགས་རྒྱུད་ལས་ཐོན་པའི་ཕོ་རྒོད་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ཉིད་ཀྱི་ཤ་ཁྲག་ལས་གྲུབ་ཅིང་ཚོར་ཤེས་ཡོད་པའི་སྐུ་ལུས་གསོན་པོ་དེ་མཆོད་སྡོང་གི་ཚུལ་དུ་གཞིས་བྱེས་བོད་མི་རྩམ་གཟན་པ་དག་ལ་རང་བཙན་རྩོད་ལེན་གྱི་ཆེད། སེམས་ཤུགས་ཀྱི་ངར་སྒྲ་དུས་གཏན་དུ་མི་འཇིགས་པའི་ཕྱིར་མེ་སྒྲོན་ཏེ་ཚག་སྒྲ་དང་བཅས་སྦར་བའི་ཉི་མོ་དེ་ཡིན།
    མེ་རླབས་དགུང་དུ་འཕྱུར་བའི་ཁྲོད་ཨ་ཚ་དང་ཨ་རུའི་སྐད་ངན་ནི་ལྟ་ཅི། དེ་ལས་ལྡོག་སྟེ་ལག་གཉིས་སྙིང་གར་སྦྱར་ཏེ་ྋགོང་ས་ྋསྐྱབས་མགོན་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག བོད་རང་བཙན་གཙང་མ་ཡིན། ཞེས་བདེན་ཚིག་མཐའ་གཅིག་ཏུ་བསྒྲགས་པའི་དཔའ་བོ་ཁོང་ནི་གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱི་དམར་པོ་རྒྱ་དམར་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པའི་དམ་བཅའ་དང་སེམས་ཤུགས་ཀྱི་ཕུང་པོ་གཅིག་ཏུ་བསྡུས་པ་ལས་གྲུབ་པ་ཞིག་ཡིན་པ་ལས་སྟེས་དབང་གིས་ཡིན་ག་ལ་སྲིད།
    དེས་མ་ཚད་རང་དོན་འགྲུབ་ན་ཆ་ལུགས་ངན་ཡང་ངན་ཞེས་པ་དང་སྤྱི་རྟ་སྒེར་བཞོན་ཞེས་པའི་ཁ་དཔེ་བཞིན་ཁ་མཁས་ཚིག་སྙན་གྱིས་རང་དོན་ཁོ་ནར་བརྩོན་ཏེ་མི་རིགས་ཀྱི་ལ་རྒྱ་དང༌། རིག་གཞུང༌། ལས་འགན་འཐབ་རྩོད་སོགས་གཏིང་བརྗེད་དང་རྒྱབ་བསྐྱུར་བྱེད་མཁན་གྱི་བོད་རིགས་རྒྱུ་ནོར་གྱི་རྨོངས་པས་ཡོངས་སུ་འཐོམས་པ་དག་ལ་ཁོང་གི་སྐུ་ལུས་ཀྱི་མེ་ལྕེ་དྲག་པོ་དེས་སྒྲོན་མེའི་ཚུལ་དུ་བྱས་ཏེ་སླར་ཡང་བོད་མི་རྣམས་ལ་སེམས་ཤུགས་རི་རྒྱལ་ལྷུན་པོ་དང་རྡོ་རྗེའི་བྲག་ལྟ་བུ་ཞིག་སྦྱིན་ནས་དཀར་གསལ་འོད་སྣང་གི་ལམ་བུའི་ཐོག་དྲངས་ཡོད་པ་ནི་ཁོང་གི་གཟི་བརྗིད་རེད་ལ་རྩམ་གཟན་པ་ཡོངས་ཀྱི་སྤོབས་པ་ཡང་རེད།
    དེ་ཡང་སྤྱི་ལོ་ ༡༩༩༨ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་གྲོས་ཆོད་དོན་ཚན་གསུམ་གཙོ་བོ་བཟུང་སྟེ་དེ་རྣམས་ལ་མཉམ་འབྲེལ་རྒྱལ་ཚོགས་ནས་གྲོས་མོལ་དང་ངོས་བཞེས་ཡོང་བའི་ཆེད་བོད་མི་དྲུག་གིས་ཟས་བཅད་ངོ་རྒོལ་ཉིན་བཞི་བཅུ་ལྷག་ཙམ་བྱས་ཀྱང་ཕན་འབྲས་ཅི་ཡང་མ་བྱུང་བའི་ཐོག་རྒྱ་གར་སྐོར་སྲུང་བས་རང་ལུས་དམར་པོ་དེ་བོད་མིའི་འཕྲལ་ཕུགས་ཀྱི་བདེ་སྐྱིད་ཀྱི་དོན་ཁོ་ནར་འབུལ་རྒྱུར་ཐེ་ཚོམ་གྱི་དྲྭ་རྒྱས་མ་བཅིངས་ཤིང་སེམས་ཤུགས་ཀྱི་རླབས་ཕྲེང་དགུང་དུ་འཕྱུར་བཞིན་པའི་ཟས་བཅད་ངོ་རྒོལ་བ་དག་བཙན་འཁྲིད་ཀྱིས་སྨན་ཁང་ལ་བསྐྱལ་བ་སོགས་ལས་འགུལ་ཤུགས་དྲག་ཆེ་བ་དེར་བར་ཆད་བཟོས་པ་དག་དཔའ་བོ་ཁོང་གིས་མིག་མཐོང་ལག་ཟིན་བྱུང་སྟབས། བློ་འགྱོད་དང་ཐུགས་ཕམ་བློ་ཡུལ་ལ་ཤོང་དཀའ་བ་བྱུང་བའི་ཐོག་རྒྱ་དམར་གྱི་མནར་གཅོད་འོག་གནས་བཞིན་པའི་གཞིས་ལུས་བོད་མི་ཡོངས་ཀྱི་སྡུག་བསྔལ་དང་བྱེས་འབྱོར་བོད་མིའི་ཚོགས་ལ་བསྐུལ་མ། དེས་མ་ཚད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དེ་རྒྱལ་ཁབ་སྟོབས་ཤུགས་ཆེ་བ་ཁ་ཤས་ཀྱི་དབང་བསྒྱུར་འོག་ཡོད་པ་ཙམ་ལས་བདེན་པར་རྒྱབ་སྐྱོར་དང་ངན་པ་ཚར་གཅོད་སོགས་སྤང་བླང་དང་འཛམ་གླིང་མི་དམངས་ལ་གཅིག་མཐུན་གྱི་ལྟ་བ་དང་དྲང་བདེན་གྱི་ལས་འགུལ་སྤེལ་མི་ཐུབ་པ་དེ་ལ་མཐའ་གཅིག་ཏུ་འགོག་རྒོལ་ཆེད་གཞན་གྱི་སྐུལ་སློང་སོགས་ཅི་ཡང་མེད་པར་རང་ལུས་ལ་རང་གིས་མེ་སྦར་ཏེ་ཆེས་མཐའ་མའི་སྐྱོ་གླུ་དེ་དམར་མདངས་ཀྱི་མེ་ལྕེའི་འོད་དུ་བརྟེན་ནས་འཛམ་གླིང་མི་དམངས་ཀྱི་སྙན་གྱི་བུ་གར་ཕུལ་ཡོད།
    སྔོན་མ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་གཙོ་མའོ་ཙེ་ཏུང་གིས་དམར་པོའི་དཔུང་ཤོག་ལ་རེ་བ་ཡོངས་སུ་བཅོལ་བའི་རྒྱ་ནག་གི་བུ་མོ་ལོ་བཅུ་དྲུག་ཙམ་ལ་གསོན་པ་ཞིག་དམག་འཁྲུག་སྐབས་ཤི་བ་ཧ་གོ་རྗེས་བསྟོད་ཚིགས་རྐང་གཉིས་བརྩམས་པ་འདི་ལྟ་སྟེ། སྐྱེས་པ་རླབས་ཆེ་ཞིང༌། ཤི་བ་གཟི་བརྗིད་ཆེ། ཞེས་ལེགས་སྦྱར་གྱི་ཚུལ་དུ་གསུངས་པ་དེ་རྒྱུ་མཚན་དང་དུས་སོགས་གང་ལ་བལྟས་ནའང་ཚིག་རྐང་འདི་གཉིས་དཔའ་བོ་ཁོང་ལ་ཤིན་ཏུ་ནས་རན་པ་ཞིག་ཡིན།
    དཔའ་བོ་ཁོང་གིས་མེ་ཚེ་འདིའི་ནང་རང་ཉིད་ཀྱི་བདེ་སྐྱིད་དང་རང་དོན་རྒྱབ་བསྐྱུར་ཐོག་ཆོས་ཞུགས་བྱས་ནས་མཐའ་མ་ཕྱི་མའི་ལམདུ་མ་གཤེགས་པའི་བར་དུ་བོད་བསྟན་སྲིད་དང༌། རང་བཙན་སླར་གསོ་ཁོ་ན་དམིགས་ཡུལ་གཙོ་བོར་བཟུང་ནས་སྐུ་ངལ་བསྐྱོན་པ་དེ་དག་དངོས་ཡོད་བོད་མི་སེམས་ཤུགས་ཅན་ཞིག་གི་ལོ་རྒྱུས་རེད།
    དེང་གི་ཆར་གཞུང་ཞབས་ཚད་ལྡན་ཞིག་བྱེད་དགོས་ན་ཤེས་ཡོན་མི་དམན་པ་ཞིག་ངེས་པར་དུ་དགོས་ལ་བཙན་བྱོལ་གཞུང་གི་བཀའ་བློན་དང་སྤྱི་འཐུས་སོགས་བྱེད་དགོས་ན་འོས་ཤོག་ཚད་ལྡན་ཐོབ་དགོས་པ་སོགས་དངོས་ཤུགས་བརྒྱུད་གསུམ་གང་ནས་བལྟས་ཀྱང་དཀའ་ངལ་ཡོད་པ་ནི་བརྗོད་མེད་ཡིན། འོན་ཀྱང་དྲང་བདེན་གྱི་དཔའ་བོ་ཕུལ་བྱུང་ཞིག་བྱེད་པར་ཆ་རྐྱེན་དཀའ་ཚེགས་ཅན་ཅི་ཡང་མི་དགོས་ན་ཡང་དེ་ལྟར་དེང་གི་ཆར་དཔའ་བོ་དགུན་ཁའི་ཆར་དང་དབྱར་ཁའི་གངས་བཞིན་དཀོན་པ་ནི་ཅི།
    དེ་ལྟར་ཁྱེད་ཀྱི་སྐུ་ལུས་བརྒྱ་ཆ་དགུ་བཅུ་ཙམ་འཚིག་ཟིན་ནའང་བློ་འགྱོད་དང་དངངས་སྐྲག་མི་བྱེད་པར་ད་དུང་བོད་མི་ཡོངས་ལ་འཆི་ཡང་ཁ་ཆེམས་ཀྱི་ཚུལ་དུ་བསྐུལ་མ་བྱས་ཡོད་པ་ནི་བོད་མི་རྩམ་གཟན་པ་ཡོད་དོ་ཅོག་གི་སེམས་དབུས་སུ་གནས་ཡོད་ལ་ཁྱེད་ཀྱི་ལྷག་བསམ་གངས་དཀར་ལྟ་བུ་གཙང་བདེའི་མཐུ་དང་བསོད་ནམས་ལ་བརྟེན་ནས་འཆི་ཁར་ཡང་ཐོབ་པར་དཀའ་བའི་བོད་རྒྱལ་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་རིན་པོ་ཆེའི་གསེར་ཞལ་མཇལ་བ་ཙམ་མ་ཟད་དམིགས་བསལ་བཀའ་སློབ་དང་བཅས་ཞུ་རྒྱུའི་གོ་སྐབས་བླ་ན་མེད་པ་བྱུང་བ་སོགས་ཁོང་ཕེབས་ཁར་ཡང་དེ་ལྟ་བུའི་བགོ་སྐལ་བཟང་པོ་བྱུང་བ་ནི། གཙོ་བོ་ཁོང་གི་ཚེ་གང་འདིར་མི་གཙང་བའི་དྲི་མས་མ་གོས་པར་བོད་རྒྱལ་ཁབ་ཆེན་པོར་ཞབས་ཞུ་མཐའ་གཅིག་ཏུ་ཞུས་པའི་འབྲས་བུ་རེད་ལ། ཡང་སྒོས་ཁ་བ་གངས་ཅན་པ་རྣམས་ཀྱིས་ཁོང་གི་མཛད་རྗེས་ཧྲིལ་པོ་དེར་གདུང་སེམས་མཉམ་བསྐྱེད་བྱས་པའི་དཔའ་བོ་ཁོ་ནའོ།། །།

ཞན་ཆ།
    རྐང་བརྗེས་(རྐང་རྗེས) རྒྱན་གཅེས་(རྒྱལ་གཅེས) ལྷག་བསམ་གྱི་ཕྱུག(ལྷག་བསམ་གྱིས་ཕྱུག) ཕྱུག་ཞིང་(ཕྱུག་ཅིང) ངོ་རྒོལ་མཐའ་གཅིན་ཏུ་ཡོད་(ངོ་རྒོལ་མཐའ་གཅིག་ཏུ་ཡོད) བསྟེས་དབང་(སྟེས་དབང)  སླང་ཡང་(སླར་ཡང)  མིག་མཐོང་ལག་གཟིན་(མིག་མཐོང་ལག་ཟིན) རྒྱབ་བསྐྱོར་(རྒྱབ་སྐྱོར) ཆེད་མཐའ་མའི་(ཆེས་མཐའ་མའི) མོའུ་ཙེ་ཏུང་(མའོ་ཙེ་ཏུང) བརྗོད་མིན་ཡིན་(བརྗོད་མེད་ཡིན) དེང་གི་འཆར་(དེང་གི་ཆར) རྩམ་གཙན་པ་(རྩམ་གཟན་པ) ཡང་བསྒོས་(ཡང་སྒོས) འབྱིན་ནས(སྦྱིན་ནས) འཇམ་(འཛམ)གླིང༌།

མདུན་ཤོག