ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༡༢ ཉིན་གྱི་ཆུ་ཚོད་ ༡༡ ཐོག ༸གོང་ས་མཆོག་མོན་གྷོ་འདོད་རྒུ་གླིང་དབུས་བོད་མིའི་སློབ་གྲྭར་ཆིབས་སྒྱུར་བསྐྱངས་པ་དང། གྲོ་སོ་ཕྱེ་མར་དང་སློབ་ཕྲུག་གིས་རོལ་དབྱངས་ཕེབས་བསུ་ཐོག་སློབ་གྲྭའི་ཚོམས་ཆེན་དུ་གདན་འདྲེན་ཞུས། འཕགས་བོད་གཉིས་ཀྱི་རྒྱལ་གླུ་ཕུལ་གྲུབ་བསྟུན། སློབ་སྤྱི་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཀྱིས་སློབ་གྲྭའི་གནས་སྟངས་མདོར་བསྡུས་ཤིག་སྙན་སྒྲོན་ཞུས་པ་དང། སློབ་ཕྲུག་རྣམས་ཀྱིས་ས་གཞི་སྤོས་ཀྱིས་བྱུགས་ཤིང་མེ་ཏོག་བཀྲམས། །ཞེས་པའི་མཎྜལ་མདོར་བསྡུས་སྐད་གསང་མཐོན་པོས་གསུང་འདོན་གནང་ཞིང། དེ་རྗེས་མཐོ་རིམ་དང་དམའ་རིམ་འཛིན་གྲྭའི་སློབ་ཕྲུག་ཁག་ཅིག་གིས་རིགས་ལམ་རྩོད་པ་གཟིགས་འབུལ་ཞུས།
མཐའ་མར་༸གོང་ས་མཆོག་གིས་ཐུགས་བརྩེའི་བཀའ་སློབ་ཕེབས་པའི་སྙིང་དོན། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་རིག་གཞུང་ཕྱུག་པོ་ཡོད་པ་དང་འབྲེལ་སྐད་ཡིག་ཕུན་སུམ་ཚོགས་པ་ཞིག་ཟུར་དུ་ཡོད་པ་དེ་སྦྱང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་སློབ་ཕྲུག་ཚོས་མ་འོངས་པར་བོད་ཀྱི་འགན་འཁྱེར་ཐུབ་པའི་ཆེད་སློབ་སྦྱོང་ལ་འབད་པ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་སྩལ་རྗེས་རེག་ཊར་སྐལ་བཟང་ཟླ་བ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུས་ཏེ་མཛད་རིམ་གྲུབ་པ་དང་༸གོང་ས་མཆོག་དཔལ་མཐོ་ལྡིང་པདྨ་ཚལ་དགོན་དུ་ཆིབས་སྒྱུར་བསྐྱངས་པའི་གནས་ཚུལ་མདོར་བསྡུས་སུ།